བོད་ཀྱི་འབྲོག་ཁུལ་ཆེ་ཤོས་གཉིས་ཀྱི་སློབ་ཕྲུག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སློབ་འཇུག་བྱས་འདུག
ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་ས་ཡོམ་ཚད་རིམ་ ༧།༠ བྱུང་བའི་བོད་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་འབྲོག་ཁུལ་ནས་སློབ་ཕྲུག་ ༡༤༩༨ ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༣ བར་ལྷ་སར་གནས་སྤོ་བྱས་འདུག དེ་དང་ཆབས་ཅིག་མགོ་ལོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་ཡང་རང་ཡུལ་ནས་སྤྱི་ལེ་བརྒྱ་ཕྲག་མང་པོའི་ཐག་རིང་སར་ཡོད་པའི་ཟི་ལིང་དང་ལེ་ཏུའུ་ (乐都) རུ་གསར་བཙུགས་བྱས་པའི་བཅའ་སྡོད་སློབ་འབྲིང་ཁག་ཏུ་བསྡུས་འདུག
རྒྱ་ནག་གཞུང་གི་བརྒྱུད་ལམ་གྱིས་བསྒྲགས་པ་ལྟར་ན། ནག་ཆུ་ནས་སྤོས་པའི་སློབ་ཕྲུག་དེ་དག་གི་ནང་དམར་རུ་ཡུལ་ཚོ་ནས་ ༩༤༣ དང་། གངས་ཆེན་ཡུལ་ཚོ་ནས་ ༥༥༥ ཡོད་ཅིང་། དེ་དག་སྡེ་ཚན་གསུམ་དུ་བགོས་ནས་ལྷ་སར་བསྐྱལ་འདུག ཕྱི་ཟླ་ ༡༡ ཚེས་ ༡ ཉིན་སློབ་ཆུང་འཛིན་རིམ་ལྔ་པ་དང་དྲུག་པའི་སློབ་ཕྲུག་ ༥༨༩ བསྐྱལ་ཏེ་ཉིན་དེའི་དགོང་མོར་ལྷ་སར་འབྱོར་འདུག ཚེས་ ༢ ཉིན་སློབ་ཕྲུག་ ༤༩༧ དང་། ཚེས་ ༣ ཉིན་འཛིན་རིམ་དང་པོ་དང་གཉིས་པའི་སློབ་ཕྲུག་ ༣༥༦ དང་དགེ་རྒན་ ༦༨ བསྐྱལ་འདུག དེའི་ཐོག་སློབ་ཆུང་འཛིན་རིམ་དང་པོའི་བྱིས་པ་ཆུང་ཆུང་རྣམས་ཀྱང་ཕ་མ་ལས་ཁ་བྲལ་ནས་འབྲིང་རིམ་སློབ་གྲྭ་ཞིག་ཏུ་བཅའ་སྡོད་བྱེད་དགོས་བྱུང་འདུག
ཕྱི་ཟླ་ ༡༡ ཚེས་ ༤ ཉིན་ལྷ་ས་ནག་ཆུའི་ཆ་ཚང་སློབ་འབྲིང་ (拉萨市那曲完全中学) དུ་དགེ་སློབ་ ༡༥༨༤ གྱི་སློབ་ཁྲིད་འགོ་ཚུགས་འདུག སློབ་གྲྭའི་བྱེད་སྒོ་དང་པོ་དེ་བསམ་བློའི་ཆབ་སྲིད་སློབ་གསོ་ཡིན་ཞིང་། བརྗོད་གཞི་གཙོ་བོ་ནི་«ཏང་ལ་བཀའ་དྲིན་ཆེ་ཞུ་བ» དང་ «ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་ཟབ་ཏུ་གཏོང་བ» ཡིན་འདུག ལས་རིམ་དེ་སྔ་དྲོའི་ཆུ་ཚོད་ ༡༠།༢༠ ཐོག་རྒྱ་ནག་གི་རྒྱལ་དར་བསྒྲེང་བ་དང་རྒྱལ་གླུ་ལེན་དུ་བཅུག་པ་ནས་འགོ་ཚུགས་འདུག

ལས་རིམ་དེའི་སྐབས་གངས་ཆེན་ཡུལ་ཚོའི་སློབ་ཆུང་ལོ་རིམ་དྲུག་པའི་འཛིན་གྲྭ་གསུམ་པའི་སློབ་མ་ག་རྒྱ་སྐྱབས་ལ་གཏམ་བཤད་བྱེད་དུ་བཅུག་ཅིང་། དེའི་ནང་«ང་ཚོས་དཀའ་ངལ་མང་པོ་བརྒྱུད་ནས་ཡོང་མཐར། ང་ཚོ་ནི་ནམ་ཡང་ཁེར་རྐྱང་གིས་དམག་འཐབ་བྱེད་པ་མིན་པར། ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེ་དང་སྤྱི་ཚོགས་ལས་རིགས་སྣ་ཚོགས་ཀྱིས་རོགས་སྐྱོར་འོག་ང་ཚོས་བློ་བདེ་བག་ཕེབས་ཀྱིས་སློབ་སྦྱོང་བྱེད་ཆོག་ལ། དེའི་དྲོད་ཁོལ་དེ་ནི་རི་རབ་བརྒལ་ཞིང་། ས་ཆ་འདྲ་མིན། མི་རིགས་འདྲ་མིན་ནས་ཡོང་བ་ཡིན་པས། ང་ཚོ་ལ་ཀྲུང་ཧྭ་མི་དམངས་གཞིས་ཁྱིམ་གཅིག་ཡིན་པའི་ཚོར་བ་གཏིང་ཟབ་སྐྱེས་སོང་།» ཞེས་བརྗོད་འདུག
ལྷ་ས་ནག་ཆུའི་ཆ་ཚང་སློབ་འབྲིང་(དེ་སྔ་བོད་ལྗོངས་ཆ་ཚང་སློབ་འབྲིང་)ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཡུལ་ཚོའི་སྡེ་བ་ ༥ པར་ཆགས་ཡོད་ཅིང་། ལྷ་ས་ནས་སྤྱི་ལེ་ ༢༤ ཙམ་གྱི་བར་ཐག་ཏུ་ཡོད་འདུག ས་ཁྱོན་མི་གྲུ་བཞི་མ་ཁྲི་ ༡༦ ཡོད་པའི་སློབ་གྲྭ་དེར་དམའ་འབྲིང་དང་མཐོ་འབྲིང་སྡེ་ཚན་གཉིས་ཡོད། འདི་ལོའི་ཕྱི་ཟླ་ ༤ པར་བཟོ་བསྐྲུན་ལེགས་གྲུབ་བྱུང་ཞིང་། ཟླ་ ༦ པ་ནས་ ༩ པའི་བར་སློབ་བསྡུ་བྱས་ཏེ། ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་སློབ་གྲྭ་འགོ་ཚུགས་འདུག སློབ་བསྡུ་ཐེངས་དང་པོར་སློབ་མ་གསར་པ་ ༡༢༠༠ དང་དགེ་ལས་ ༡༠༧ བསྡུས་ཡོད་ལ། མ་འོངས་པར་དམའ་འབྲིང་དང་མཐོ་འབྲིང་སོ་སོར་སློབ་མ་ ༡༨༠༠ རེ་བཅས་ཁྱོན་ ༣༦༠༠ བསྡུ་རྒྱུའི་འཆར་གཞི་ཡོད་འདུག
མགོ་ལོག་གི་སློབ་ཕྲུག་ཟི་ལིང་དང་ལེ་ཏུའུ་རུ་སྤོས།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ (果洛西宁民族中学) ཞེས་པའི་བཅའ་སྡོད་སློབ་གྲྭར་ད་ལྟ་མགོ་ལོག་ཁུལ་གྱི་སློབ་ཕྲུག་ ༢༩༣༠ ཡོད་འདུག སློབ་ཕྲུག་དེ་དག་རང་ཡུལ་ནས་སྤྱི་ལེ་ ༥༠༠ ནས་ ༦༠༠ ལྷག་གི་ལམ་ཐག་ཡོད་སར་ཕྱིན་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་འདུག སློབ་གྲྭ་དེ་ནི་ཕྱི་ལོ་ ༢༠༡༠ ནས་ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་ལ་སྤེལ་བའི་སློབ་གསོའི་རོགས་སྐྱོར་ལས་གཞིའི་ཆ་ཤས་ཤིག་ཡིན་ཞིང་། ཕྱི་ལོ་ ༢༠༡༧ ལོར་ཧྲང་ཧའེ་དང་མཚོ་སྔོན་གཉིས་ཀྱིས་མཉམ་འབྲེལ་ཐོག་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༡།༤༥ བཏང་ནས་བཙུགས་ཏེ། ཕྱི་ལོ་ ༢༠༡༩ ཟླ་ ༧ པར་བཟོ་བསྐྲུན་ལེགས་གྲུབ་བྱུང་འདུག སློབ་གྲྭ་དེར་དམའ་འབྲིང་དང་མཐོ་འབྲིང་གི་ལོ་རིམ་དྲུག་ལ་འཛིན་གྲྭ་ ༡༨ ཡོད་ཅིང་། མགོ་ལོག་ཁུལ་གྱི་རྫོང་དྲུག་ནས་སློབ་ཕྲུག་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་། དེའི་ནང་བརྒྱ་ཆ་ ༧༠ མཚོ་ངོས་ནས་མི་ཊར་ ༤༢༠༠ ཡན་གྱི་འབྲོག་ཁུལ་ནས་ཡིན་པ་དང་། བརྒྱ་ཆ་ ༩༨ བོད་པ་ཡིན་འདུག

རྒྱ་གཞུང་གིས་སློབ་གྲྭ་དེ་ནི་ «ས་བབ་མཐོ་བའི་ས་ཁུལ་གྱི་སློབ་ཕྲུག་ཚོར་སྤུས་ཚད་མཐོ་བའི་སློབ་གསོ་སྤྲོད་པ་» དང་ «ས་གནས་ཀྱི་སློབ་གསོའི་འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་གསར་པ» ཞིག་ཡིན་ཞེས་བསྒྲགས་ཡོད་ཅིང་། སློབ་ཕྲུག་ཚོར་ «ཏང་ལ་བཀའ་དྲིན་ཞུ་བ། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ» ཞེས་པའི་ཁྱབ་སྤེལ་ཡང་བཏང་འདུག
དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༥ པར་བཟོ་བསྐྲུན་འགོ་ཚུགས་ཏེ་ད་ལོའི་ཕྱི་ཟླ་ ༩ ཚེས་ ༡ ཉིན་སློབ་གྲྭ་འགོ་ཚུགས་པའི་མགོ་ལོག་མཚོ་ཤར་སློབ་འབྲིང་ (果洛海东中学) ནི་མཚོ་ཤར་ཁུལ་ལེ་ཏུའུ་རུ་ཆགས་ཡོད་ཅིང་། ཟི་ལིང་ནས་སྤྱི་ལེ་ ༦༥ ཙམ་གྱི་བར་ཐག་ཏུ་ཡོད་འདུག ས་ཁྱོན་མི་གྲུ་བཞི་མ་ཁྲི་ ༡༣།༤༧ ཡོད་པའི་སློབ་གྲྭ་དེར་ད་ལོ་དམའ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་ ༡༠ དང་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་ ༡༤ ཁྱོན་སློབ་ཕྲུག་ ༡༢༠༠ ཡོད་པ་དང་། སྤྱི་ཡོངས་ནས་དམའ་འབྲིང་སློབ་མ་ ༡༢༠༠ དང་མཐོ་འབྲིང་སློབ་མ་ ༡༨༠༠ བསྡུ་བའི་འཆར་གཞི་ཡོད་འདུག

རྒྱ་གཞུང་གི་འགྲེལ་བཤད་དང་སྐྱོན་བརྗོད།
རྒྱ་གཞུང་གིས་ནག་ཆུའི་སློབ་ཕྲུག་རྣམས་ལྷ་སར་སྤོས་པའི་རྒྱུ་མཚན་ནི། ས་ཡོམ་ཁྲོད་འབྲོག་ཁུལ་གྱི་སློབ་གྲྭ་རྣམས་ལ་གཏོར་བཤིག་ཐེབས་ཏེ། སློབ་ཁང་གསར་བཞེངས་བྱེད་མ་ཐུབ་པས་ཡིན་ཞེས་བཤད་འདུག མགོ་ལོག་སྐོར་ལ་གཞུང་གི་བརྒྱུད་ལམ་ཁག་གིས་
ས་གནས་ཀྱི་མཐུན་རྐྱེན་སྐྱོ་བ་དང་སློབ་གསོ་རྗེས་ལུས་ཡིན་པ་རྒྱུ་མཚན་གཙོ་བོར་དྲངས་འདུག་པ་དང་། དེ་བཞིན་འབྲོག་ཁུལ་གྱི་སློབ་ཕྲུག་རྣམས་སློབ་གྲྭར་འགྲོ་སྐབས་ནང་མིས་སྦག་སྦག་བཞོན་ནས་ཆུ་ཚོད་འགའ་རེར་སྐྱེལ་བསུ་བྱེད་དགོས་པ་དང་། དགུན་ཁར་སློབ་ཕྲུག་གི་རྐང་ལག་འཁྱགས་པ། ཁྱིམ་དུ་ཤ་མར་དང་ཐུད། རྩམ་པ། མོག་མོག་ལས་ཚལ་རིགས་དཀོན་པ་སོགས་བཀོད་ནས། གྲོང་ཁྱེར་གྱི་སློབ་གྲྭར་ཉིན་རེར་ཚལ་རིགས་སྣ་ཚོགས་ཟ་རྒྱུ་ཡོད་པ་དང་། ཟླ་རེར་ཁ་གསབ་ལག་དངུལ་ཐོབ་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
ཡིན་ནའང་བོད་ཀྱི་སློབ་གསོའི་གནས་བབ་ལ་ཞིབ་འཇུག་བྱེད་མཁན་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས། ས་གནས་ཀྱི་མཐུན་རྐྱེན་སྐྱོ་བ་དང་སློབ་གསོ་རྗེས་ལུས་ལ་ཁ་གཡར་ནས་འབྲོག་ཁུལ་གྱི་བྱིས་པ་ཆུང་ཆུང་རྣམས་ཕ་མ་དང་། རང་གི་སྐད་ཡིག་རིག་གཞུང་ལས་ཁ་ཐག་རིང་དུ་བཏང་ནས་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་བསྡུ་བ་ནི་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ཤིག་ཡིན་ཞེས་ཡང་ཡང་བརྗོད་ཡོད། ཕྱི་ལོ་ ༢༠༢༣ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཁག་ཅིག་གིས་ཀྱང་བོད་ཀྱི་བྱིས་པ་ས་ཡ་གཅིག་ཙམ་བཅའ་སྡོད་སློབ་གྲྭར་ཡོད་པ་དང་། དེས་བོད་མི་རྣམས་སྐད་ཡིག་དང་རིག་གཞུང་གི་ཐད་ནས་རྒྱ་རིགས་སུ་བསྒྱུར་བའི་ཉེན་ཁ་ཡོད་པས་སེམས་ཁྲལ་ཡོད་སྐོར་བརྗོད་ཡོད།
ནག་ཆུའི་སློབ་ཕྲུག་རྣམས་རང་ཡུལ་གྱི་སློབ་གྲྭ་བསྐྱར་བཞེངས་བྱས་རྗེས་ཕྱིར་ལོག་བྱེད་རྒྱུ་ཡིན་མིན་སྐོར་རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་གསལ་བཤད་ཅི་ཡང་མི་འདུག
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།