བོད་ནང་གི་བོད་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་གིས་སྦྲ་ཆེན་གྱི་ས་ཡོམ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་བརྙན་ཐུང་མང་དག་ཅིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྐུར་དང་བོད་མི་རྣམས་ཀྱིས་རོགས་རམ་བྱས་པའི་གནས་ཚུལ་སྦས་སྐུང་བྱས་པར་ཟུར་ཟ་དང་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་འདུག

ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༡༠ སྐར་མ་ ༣༣ ཐོག་བོད་ནག་ཆུ་ཁུལ་གྱི་སྦྲ་ཆེན་རྫོང་ཁོངས་ཀྱི་དམར་རུ་ཡུལ་ཚོ་དང་གངས་ཆེན་ཡུལ་ཚོ་རུ་ཚད་རིམ་ ༧། ༠ ཅན་གྱི་ས་ཡོམ་བྱུང་ནས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་ཡོད་པ་ལྟར། རྒྱ་ནག་གཞུང་གིས་གནོད་འཚེ་ཐེབས་པའི་ཡུལ་མི་རྣམས་ལ་སྡོད་གུར་སོགས་ཀྱི་མཐུན་རྐྱེན་སྦྱར་ནས། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་ཆེད་དུ་ཐད་གཏོང་བྱས་ཏེ། དམར་ཤོག་ཚོགས་པའི་དམིགས་ཡུལ་བཞིན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཀྱང་། བོད་ནང་གི་དྲ་དཔོན་རྣམས་ཡུལ་དངོས་སུ་ཕྱིན་ནས་བོད་མི་རྣམས་ལ་རོགས་འདེགས་བྱས་པའི་གནས་ཚུལ་རྣམས་སྦས་སྐུང་དང་། ལྷག་པར་བོད་མི་མང་པོ་ཞིག་ཆེད་དུ་ཡུལ་དངོས་སུ་བཅར་བར་བཀག་སྡོམ་ནན་མོ་བྱས་ཡོད་པས། གཞུང་འབྲེལ་དྲིལ་བསྒྲགས་ནང་གི་བརྙན་ཐུང་ཁག་གི་འོག་ཏུ། བོད་ནང་གི་བོད་མི་རྣམས་ཀྱིས་བོད་པས་བོད་པར་རོགས་འདེགས་བྱས་པར་སེམས་ནས་བརྗེད་ཀྱི་མེད་སྐོར་སོགས་བྲིས་ནས། གཞུང་གི་དྲིལ་བསྒྲགས་ལ་ཟུར་ཟ་བྱེད་མཁན་མང་དག་ཅིག་འདུག
རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་བརྙན་ཐུང་ཞིག་སྐད་འཕྲིན་དྲ་ལམ་དུ་སྤེལ་བའི་འོག་ཏུ། བོད་མི་མང་པོ་ཞིག་གིས་ཟུར་ཟའི་ཞབས་མཆན་མང་དག་ཅིག་བྲིས་པའི་ཁྲོད། རིགས་མཐུན་སྤུན་ཟླ་མང་པོས་རོགས་སྐྱོར་གནང་བ་རེད། འགའ་རེ་རོགས་སྐྱོར་བྱེད་པར་ཡུལ་དངོས་སུ་ཡོང་མ་བཅུག་པའང་ཡོད། དེ་ཧ་གོ་དགོས་རེད། ཅེས་དང་། གསར་འགྱུར་(དྲིལ་བསྒྲགས།) ནང་གི་སྐད་ཆ་ལ་ལྟོས་དང་སྤུན་ཟླའི་རོགས་རམ་བྱས་པ་ལ་བཀའ་དྲིན་ཞུ་མཁན་ཧ་ལམ་མེད་པའི་ཚོད་དུ་གདའ། ཞེས་དང་། ཏང་གི་བཀའ་དྲིན་ཁང་པ་སྤྲང་སྒམ་འདྲ་བོ་ཏག་ཏག་རེད། ཅེས་སོགས་བྲིས་དུག
ཡང་བོད་མི་ཁག་ཅིག་གིས། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ཏང་གི་བཀའ་དྲིན་བརྗེད་མ་མྱོང་། ཞེས་དང་། ཕ་ས་བཙན་གྱིས་ཕྲོགས། མ་ནོར་བཙན་གྱིས་ཁྱེར། མེས་པོ་ངན་གསོད་བྱས། ཤེས་ཡོན་པ་དག་ཁྲིམས་ལ་ཁྱེར། ད་རུང་དྲིན་ཅན་དུ་བསམ་པ་འདི་ངོ་མཚར་ཆེ། ཡིད་སེམས་གཏིང་ནས་སྐྱོ། ཞེས་དང་། ཡང་གཞན་ཞིག་གིས། སྤུན་ཟླ་ཚོས་རོགས་དང་སེམས་ཁུར་བྱས་པ་དེ་དག་ཁྱེད་ཚོས་གཅིག་ཀྱང་འཇོག་རྒྱུ་མི་འདུག ཅེས་སོགས་བརྗོད་ནས། རྒྱ་ནག་གཞུང་གིས་ས་ཡོམ་སྐབས་བོད་མི་རྣམས་ཀྱིས་རོགས་རམ་གནང་བའི་གནས་ཚུལ་སྦས་སྐུང་དང་བསྟུན་ནས་དམར་ཤོག་གི་ལས་དོན་སོགས་དྲིལ་བསྒྲགས་ཤུགས་ཆེན་བྱས་པར་སྐྱོན་བརྗོད་བྱེད་ཀྱིན་འདུག
བོད་ནག་ཆུ་ཁུལ་གྱི་སྦྲ་ཆེན་རྫོང་ཁོངས་ཀྱི་དམར་རུ་ཡུལ་ཚོ་དང་གངས་ཆེན་ཡུལ་ཚོ་རུ་ས་ཡོམ་གྱི་གོད་ཆག་བྱུང་རྗེས། བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་། བོད་ནང་གི་དྲ་དཔོན་མཚོ་སྔོན་བཀྲ་བྷ་དང་། གཞས་མ་ཧན་ཧུང་། ཚོང་པ་བདེ་སྐྱིད་སྒྲོལ་མ། ཚོང་དཔོན་པདྨ་དབང་ཆེན་སོགས་ཀྱིས་ཞལ་འདེབས་དངུལ་སྒོར་འབོར་ཆེན་གནང་ནས་རོགས་འདེགས་གནང་བའི་མུར། དྲ་དཔོན་ཚངས་དབྱངས་རྒྱ་མཚོ་དང་ཁམས་ཕྲུག་བཀྲ་ཤིས་སོགས་ཡུལ་དངོས་སུ་ཆེད་བཅར་གྱིས་བོད་མི་རྣམས་ལ་རོགས་འདེགས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ཀྱི་གསར་ལམ་ཁག་ཏུ་དེ་འབྲེལ་གྱི་གནས་ཚུལ་གང་ཡང་སྤེལ་མེད་པའི་ཁར། བོད་མི་མང་དག་ཅིག་ཡུལ་དངོས་སུ་ཡོང་བར་བཀག་སྡོམ་བྱས་པའི་གནས་ཚུལ་དྲ་ལམ་དུ་ཁྱབ་འདུག
ད་ལན་སྦྲ་ཆེན་གྱི་ས་ཡོམ་གྱི་གནོད་འཚེ་དང་བསྟུན། རྒྱ་ནག་གཞུང་གིས་སྦྲ་ཆེན་གྱི་སློབ་གྲྭ་གཏོར་སྐྱོན་ཐེབས་པ་དང་། ཡུན་རིང་པོར་ཞིག་གསོ་བྱེད་ཐུབ་ཀྱི་མེད་ལུགས་སོགས་ལ་ཁ་གཡར་ནས། ཕྱི་ཟླ་ ༡༡ ཚེས་ ༡ ནས་ ༣ བར་བོད་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་འབྲོག་ཁུལ་གྱི་སློབ་ཕྲུག་ ༡༤༩༨ ཕ་མ་དང་ཁ་བྲལ་དུ་བཅུག་ནས། ལྷ་ས་ནག་ཆུའི་ཆ་ཚང་སློབ་འབྲིང་ (拉萨市那曲完全中学) དུ་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་པའི་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེན་བྱས་སོང་།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

