བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༥ སྟེང་གི་རྩོམ་སྒྲིག་པའི་གཏམ།
འདས་པའི་ལོ་ངོ་མང་པོའི་རིང་བོད་ནང་གི་བོད་མི་མང་པོ་ཞིག་གིས་བཙན་བྱོལ་ནང་བཞུགས་པའི་༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་མི་ཚོའི་གནས་ཚུལ་ཕྲན་བུ་རེ་གོ་ཐུབ་པའི་ལམ་བུ་གཅིག་ནི་ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་བོད་སྐད་སྡེ་ཚན་རེད་ཟེར། དེ་སྔ་བོད་དུ་འཚོ་བ་སྐྱེལ་མྱོང་མཁན་རེ་ཟུང་གིས་རླུང་འཕྲིན་ལས་རིམ་དེ་དག་ལ་ཉན་སྟངས་ཉན་ལུགས་སྙན་མོ་དེ་འདྲ་བཤད་པ་དངོས་སུ་ཐོས་མྱོང་བས། ཡིད་འགུལ་ཐེབས་པ་ཞིག་རེད། འོན་ཀྱང་། བརྙན་འཕྲིན་ཁང་དེ་གཉིས་བོད་པའི་ནུས་པར་བརྟེན་ནས་བཙུགས་པ་ཞིག་མིན་པར་གཞན་དབང་སྟབས་བསྟུན་ཡིན་སྟབས། ཕྱི་ལོ་ ༢༠༢༥ ལོའི་མགོ་སྟོད་དུ་ཨ་རིའི་སྲིད་གཞུང་གསར་པས་གསར་ཁང་དེ་གཉིས་སྒོ་བརྒྱབ་པ་རེད།

འདས་པའི་ལོ་ངོ་གཅིག་དང་ཕྱེད་ལྷག་གི་རིང་གསར་ཁང་དེ་གཉིས་བསྐྱར་དུ་སྒེ་འབྱེད་མ་ཐུབ་པར་ལྷག་པ་རེད། རྒྱ་གཞུང་གིས་གླགས་དེ་དང་བསྟུན་ནུས་བོད་ནང་དུ་བོད་སྐད་ཀྱི་རླུང་འཕྲིན་ལས་རིམ་ཇེ་མང་དུ་བཏང་ནས་དྲིལ་བསྒྲགས་ཀྱི་ལམ་ཁ་ཆེན་པོ་ཞིག་བཟོས་པའི་གནས་ཚུལ་ཐོན་ཡོད། རྒྱ་ནག་ལ་མཚོན་ན་དེ་ནི་དཀའ་ལས་རྒྱག་མི་དགོས་པར་འབྲས་བུ་ཆེན་པོ་ཐོབ་པ་ཞིག་རེད། ད་དུང་དེའི་ཁར་དྲ་རྒྱའི་ལྕགས་རི་བརྟོལ་མི་ཐུབ་པ་བཟོས་ཏེ། སྐད་འཕྲིན་ལྟ་བུའི་སྤྱི་ཚོགས་དྲ་ལམ་ལ་ལྟ་སྲུང་ནན་མོ་བྱས་པས། གནས་ཚུལ་གྱི་ཡོང་ཁུངས་ཁབ་མིག་ལས་ཀྱང་དོག་པ་ལྟ་བུར་གྱུར་བ་རེད།
ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གྱི་ཨ་རིའི་བར་མའི་འོས་བསྡུའི་གྲུབ་འབྲས་རིམ་བཞིན་ཕྱི་ལ་ཐོན་པ་དང་། ངའི་སེམས་སུ་གནད་དོན་གཉིས་དྲན་སོང་། གཅིག་ནི་བོད་ཀྱི་མ་འོངས་འགན་སྲུང་གི་ཁྲིམས་འཆར་དེ་ཁྲིམས་སུ་འགྱུར་ཐུབ་མིན་དང་། གཞན་གཅིག་ནི་གོང་ཞུས་གསར་ཁང་གཉིས་བསྐྱར་དུ་སྒོ་འབྱེད་ཐུབ་མིན་གྱི་གནད་དོན་རེད། དམངས་གཙོ་ཚོགས་པར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་དབང་ཆ་ཇེ་ཆེར་ཕྱིན་པ་དང་། ང་ཚོའི་བདེ་སྡུག་ལ་ལྟ་རྟོག་བྱེད་ཚད་ཇེ་ཆེར་འགྲོ་མིན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པ་གཙོས་པའི་བོད་ཀྱི་ཚོགས་སྡེ་དང་། དེ་བཞིན་བོད་མི་མི་རེ་ངོ་རེར་རག་ལས་པ་ཞིག་རེད།
འོ་ན། ང་ཚོའི་ངོས་ནས་ཅི་ཞིག་བྱེད་དགོས་སམ། ཐོག་མར་འདས་པའི་ལོ་ངོ་གཅིག་དང་ཕྱེད་ལྷག་གི་རིང་ལ་གསར་ཁང་འདི་གཉིས་མེད་པར་གྱུར་བའི་གྱོང་གུན་ལ་དབྱེ་ཞིབ་ནན་མོ་བྱེད་དགོས། དེ་ཡང་བོད་ནང་དུ་བོད་སྐད་རླུང་འཕྲིན་ཇེ་མང་དུ་བཏང་བ་དང་། རླུང་འཕྲིན་ལས་རིམ་དེ་དག་གི་ནང་དུ་གནད་དོན་ཅི་ཞིག་གླེང་གི་ཡོད་མེད་ཐད་དབྱེ་བཞི་བྱས་པའི་སྙན་ཐོ་ཞིག་འབྲེལ་ཡོད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་ལ་འབུལ་ཐུབ་ན་ནུས་པ་ཐོན་ངེས་རེད་སྙམ།
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་གིན་འདུག་པས། གོ་སྐབས་འདི་དང་བསྟུན་ནས། བསྐྱར་འདེམས་དང་གསར་འདེམས་བྱུང་བའི་གྲོས་ཚོགས་འཐུས་མི་ཚང་མར་གསར་ཁང་འདི་གཉིས་བསྐྱར་དུ་སྒོ་འབྱེད་པར་ནུས་པ་འདོན་རོགས་ཞེས་ནན་ཞུ་བྱེད་གལ་ཆེ། སྟབས་ལེགས་པ་ཞིག་ལ། ཕྱི་ཟླ་ ༡༡ ཚེས་ ༩ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསར་ཁང་དེ་གཉིས་བསྐྱར་གསོ་བྱེད་དགོས་པའི་ཡོངས་ཁྱབ་འབོད་སྐུལ་གྱི་བརྙན་ཞིག་དྲ་ལམ་དུ་བཀྲམས་འདུག རེ་སྐུལ་དེ་འབྲེལ་ཡོད་ཚོའི་རྣ་བར་སླེབས་པར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་པའི་དུས་ལ་སླེབས་འདུག་སྙམ། ཚོགས་སྡེ་གཅིག་གིས་མི་ཆོག་པར་ཚོགས་སྡེ་འདྲ་མིན་གྱིས་དེ་མཚུངས་ཀྱི་ལས་དོན་སྒྲུབ་དགོས་པ་དང་། ལྷག་པར་དུ་འོས་འཕེན་གྱི་ཐོབ་ཐང་ཅན་ཚོས་གྲོས་ཚོགས་འཐུས་མིར་ཐུག་འཕྲད་བྱེད་སྐབས་ལག་པའི་འཇུ་ས་མེད་པའི་སྤྱི་བཤད་ཙམ་མིན་པར། ཞིབ་ཕྲའི་གནད་དོན་བྱེ་བྲག་པ་རེའི་ཐོག་ལ་ཉམས་ཞིབ་ཀྱི་རྒྱབ་རྩ་ཡོད་པའི་ཐོག་ནས་འབོད་སྐུལ་ཞུ་རྒྱུ་གལ་ཆེན་པོ་རེད་འདོད།