ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་བའི་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་སྟངས་ཁ་གསལ་བཟོ་དགོས་པའི་རེ་སྐུལ་ཞུས་འདུག

ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ (USCIRF) ཀྱིས། གར་སོང་ཆ་མེད་དུ་གྱུར་བའི་བཙོན་པའི་མིང་ཐོ་ཕྱིར་བསྒྲགས་བྱས་པའི་ཁྲོད། སླར་ཡང་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་གི་དགོན་བདག་དང་། རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་མཚན་གསལ་སྟོན་བྱས་ནས། ཁོང་གི་གནས་སྟངས་གསལ་སྟོན་བྱ་དགོས་པའི་རེ་སྐུལ་ཞུས་འདུག
གནད་དོན་དེ་དང་འབྲེལ་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཁོང་གི་ལོ་རྒྱུས་ཤིག་ངོ་སྤྲོད་བྱས་པའི་ཁྲོད། ཕྱི་ལོ་ ༢༠༢༥ ཟླ་ ༡༢ ནང་རྒྱ་ནག་གཞུང་གི་དབང་འཛིན་ལས་ཁུངས་ཀྱིས་བོད་ཀྱི་བླ་མ་དང་། སྨིན་ཐང་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་དགོན་པའི་མཁན་པོ། བོད་ཀྱི་ལག་རྩལ་ཤེས་ཡོན་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་འཛིན་བཟུང་བྱས་ཡོད། འོན་ཀྱང་། དབང་འཛིན་ལས་ཁུངས་ཀྱིས་ཁོང་འཛིན་བཟུང་བྱས་པའི་རྒྱུ་མཚན་གང་ཡིན་གསལ་བཤད་མ་བྱས་པར། ཁོང་གི་གནས་སྟངས་དང་གར་ཡོད་སྐོར་ཡང་གསལ་པོ་བཟོས་མེད། ཁོང་འཛིན་བཟུང་བྱས་རྗེས་ཁོང་གིས་བཙུགས་པའི་སློབ་གྲྭ་དེ་སྒོ་བརྒྱབ་སྟེ། སློབ་མ་སྐྱ་སེར་ཚང་མ་རང་ཁྱིམ་དུ་ལོག་དགོས་པའི་བཀོད་རྒྱ་བཏང་ཡོད། ཅེས་གསལ་འདུག
དེ་བཞིན་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐབས་དེའི་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝུ་ཤོའུ་ཅོན་ (Wu Xiaojun) གྱི་མིང་ཐོག་ཏུ་འབོད་སྐུལ་ཞུ་ཡིག་ཅིག་བསྐུར་ཏེ། མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་གཞུང་གིས་རྒྱུ་རྐྱེན་གང་ཡང་མ་གསལ་བའི་ཐོག་ནས་འཛིན་བཟུང་བྱས་པའི་གནད་དོན་ཁ་གསལ་བཟོ་རྒྱུ་དང་། རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་རིན་པོ་ཆེ་མཆོག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པར་སེམས་འཚབ་ཡོད་པའི་ཁར། ཁོང་གིས་ཁྲིམས་འགལ་གནང་བའི་ནག་ཉེས་དཔང་རྟགས་བསྟན་རྒྱུ་མེད་ཚེ། གང་མགྱོགས་གློད་གྲོལ་གཏང་དགོས་པའི་རེ་སྐུལ་གནང་འདུག
མཆོག་སྤྲུལ་རྡོ་རྗེ་བརྟན་ནམ་མཆོག་སྤྲུལ་ཐུབ་བསྟན་ཡེ་ཤེས་ཉི་མ་མཆོག་ནི་ཕྱི་ལོ་ ༡༩༦༧ ཟླ་ ༡༠ ཚེས་ ༢༥ ཉིན་ཨ་སྐྱོང་ཁང་སར་སྨིན་ཐང་དུ་སྐུ་འཁྲུངས། ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་སོགས་དམ་པ་དུ་མའི་མདུན་ནས་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་བླ་མེད་གནང་། གསེར་ལྗོངས་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོའི་ལག་འཁྱེར་ཐོབ། གཞི་ཆེན་དབོན་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་དང་། གཞི་ཆེན་བེེ་རོ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ཟུང་གིས་གཞི་ཆེན་མཆོག་སྤྲུལ་མགོ་སེར་མཁྱེན་རབ་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་ཡོད་པ་དང་། ཁོང་ནི་སྨིན་ཐང་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་གི་དགོན་བདག་ཡིན་པ་རེད།
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་ནི་ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གི་ཆོག་མཆན་ཐོབ་པ་ལྟར་མགོ་བཙུགས་ཡོད་ཅིང་། སློབ་གྲྭ་སྤྱིའི་རྒྱ་ཁྱོན་ལ་མི་ཊར་གྲུ་བཞི་མ་ ༩༦༠༠༠ ཡོད་འདུག སློབ་གྲྭའི་ནང་དགེ་རྒན་ ༦༦ དང་། ད་བར་སློབ་མ་ ༡༣༠༠ མཐར་ཕྱིན་ཡོད་འདུག སློབ་གྲྭའི་རྨང་གཞིའི་སློབ་ཚན་ནང་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག གྲངས་རིག ཆབ་སྲིད། བསམ་བློ་ཀུན་སྤྱོད། ལུས་རྩལ་སོགས་ཡོད་པ་དང་། ཆེད་ལས་སློབ་ཚན་ཁྲོད་སྒྲ་རིག་པ་དང་། ཐང་གའི་སྒྱུ་རྩལ། བོད་ཀྱི་གསོ་བ་རིག་པ། གེ་སར་རིག་གནས་སྒྱུ་རྩལ། སྲོལ་རྒྱུན་གླུ་གར་ཆེད་སྦྱོང་། སྲོལ་རྒྱུན་འཚེམ་བཟོ། ཡུལ་སྐོར་དོ་དམ་ཞབས་འདེགས་བཅས་བྱས་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།


![Chinese President Xi Jinping formally removed Defense Minister Li Shangfu [left] and former Foreign Minister Qin Gang [right] from the State Council.](https://tibettimes.net/wp-content/uploads/2024/01/Qingang-and-Ling-Shangfu--360x180.jpg)
