བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས། དེ་རིང་ནས་ཉིན་ ༡༦ རིང་སྤྱི་ཚོགས་ནང་བུད་མེད་ཀྱི་བདེ་འཇགས་སྲུང་སྐྱོབ་དང་བུད་མེད་ལ་རྩུབ་སྤྱོད་སྤེལ་རྒྱུ་ཚར་གཅོད་དགོས་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་གྱིན་འདུག

འདི་ལོའི་རྒྱལ་ཚོགས་ཀྱིས་གཏན་འབེབས་བརྗོད་གཞི་ནི། “དྲང་བདེན་ལ་འགན་ལེན་བྱེད་པ། གནོད་འཚེ་ཕོག་མཁན་སྲུང་སྐྱོབ་བྱེད་པ། ཉེས་ཆད་ལས་ཐར་བའི་ལམ་ལུགས་མེད་པར་བཟོ་བ།” ཞེས་པ་དེ་ཡིན་ཞིང་། དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༥ ནས་ཕྱི་ཟླ་ ༡༢ ཚེས་ ༡༠ འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་ཉིན་གྲངས་ ༡༦ རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྣེ་འཁྲིད་འོག འཛམ་གླིང་ས་ཕྱོགས་གང་སར་སྤྱི་ཚོགས་ནང་བུད་མེད་དང་ཕྲུ་གུ་བུ་མོ་ཚོར་རྩུབ་སྤྱོད་ཀྱི་བྱ་སྤྱོད་ཚར་གཅོད་དགོས་པའི་ལས་འགུལ་སྣ་ཚོགས་སྤེལ་མགོ་བཙུགས་འདུག
དེ་རིང་བཞུགས་སྒར་དུའང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་མཆོག་དང་ལྷན་ཁང་དེའི་ཁྱབ་ཁོངས་སུ་གཏོགས་པའི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ། དེ་བཞིན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ནས་བུད་མེད་ཀྱི་བདེ་འཇགས་སྲུང་སྐྱོབ་སོགས་དང་འབྲེལ་བའི་བསྒྲགས་གཏམ་དང་གོ་རྟོགས་ལས་འགུལ་སྤེལ་མགོ་བཙུགས་འདུག
བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས། ང་ཚོའི་སྤྱི་ཚོགས་ནང་འཚེ་བ་ཕོག་མྱོང་བའི་བུད་མེད་དང་བུ་མོ་ཚང་མ་ལ་ཞུ་རྒྱུར། ང་ཚོས་ཁྱེད་ཚོར་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་ཁྱེད་ཚོའི་རྒྱབ་ཏུ་ལངས་ཡོད། འདི་ནི་ཁྱེད་ཚོའི་ནོར་འཁྲུལ་མིན། བུད་མེད་དང་བུ་མོ་མང་པོ་ཞིག་གིས་མི་གཞན་གྱིས་འཕྱ་སྨོད་བྱེད་པར་སྐྲག་པ་དང་། སྤྱི་ཚོགས་ཀྱི་གནོན་ཤུགས། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཡ་ལན་ལ་སེམས་ཁྲལ་བྱེད་པ། དེ་བཞིན་རོགས་རམ་གང་ནས་འཚོལ་དགོས་མིན་མི་ཤེས་པ་སོགས་མངོན་མེད་ཀྱི་ཁུར་པོ་ལྕི་པོ་འཁུར་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དཀའ་ངལ་འདི་དག་གིས་རྐྱེན་པས་སྐད་ཆ་བཤད་རྒྱུར་དཀའ་ལས་ཁག་པོ་བཟོ་ཡི་ཡོད། དེ་བས་ང་ཚོས་གནོད་འཚེ་ཕོག་མཁན་རྣམས་ལ་འཕྱ་སྨོད་མ་ཡིན་པར་བསམ་ཤེས་དང་། ཁུ་སིམ་པོར་མ་བསྡད་པར་རྒྱབ་སྐྱོར་ཐོབ་ཐུབ་པའི་འགན་ལེན་བྱེད་དགོས། ཁུ་སིམ་པོར་བསྡད་པ་དེས་གནོད་འཚེ་ཕོག་མཁན་སྲུང་སྐྱོབ་བྱེད་མི་ཐུབ། དེས་གནོད་འཚེ་གཏོང་མཁན་རྣམས་སྲུང་སྐྱོབ་བྱེད་ཀྱི་ཡོད།
གལ་ཏེ་ཁྱེད་རང་ངམ་ཁྱེད་ཀྱིས་ངོ་ཤེས་པ་ཞིག་ལ་རོགས་རམ་དགོས་ཚེ། འབྲེལ་བ་གནང་རོགས། དེ་བཞིན་འདིར་ཕེབས་པ་ཚང་མས་ཉིན་གྲངས་ ༡༦ འདི་བེད་སྤྱད་དེ་དོན་སྙིང་ལྡན་པའི་ལས་ཀ་བྱེད་དགོས། དེ་ཡང་འཕྱ་སྨོད་མེད་པར་ཉན་པ་དང་། འཚེ་བ་ལ་ཁ་གཡར་སྐབས་སྐད་ཆ་བཤད་པ། རོགས་རམ་གང་ནས་ཐོབ་ཐུབ་མིན་གྱི་གནས་ཚུལ་བརྒྱུད་སྤེལ་བྱེད་པ་བཅས་ཡིན། ང་ཚོ་ཚང་མས་མཉམ་རུབ་ཀྱིས་ཁུ་སིམ་པོའི་གནས་སྟངས་གཏོར་བ་དང་། གནོད་འཚེ་ཕོག་མཁན་གྱི་རྒྱབ་ཏུ་ལངས་ཏེ། བུད་མེད་དང་བུ་མོ་ཚང་མ་ཆེ་མཐོང་དང་། བདེ་འཇགས། འཚེ་བ་མེད་པའི་རང་དབང་བཅས་ཀྱི་ཐོག་ནས་འཚོ་གནས་ཐུབ་པའི་སྤྱི་ཚོགས་ཤིག་བསྐྲུན་པར་འབད་བརྩོན་བྱེད་དགོས། ཞེས་བརྗོད་འདུག
དཔལ་འབྱོར་བཀའ་བློན་གྱང་གསར་ཚེ་རིང་དོན་གྲུབ་མཆོག་གིས། བོད་མིའི་སྒྲིག་འཛུགས་ངོས་ནས་འགྱུར་བ་གང་འདྲ་ཞིག་ཡིན་རུང་རྒྱུན་མཐུད་དེ་འབད་བརྩོན་དང་འགན་མཉམ་འཁུར་དགོས་པའི་ངོས་འཛིན་ཞུ་གི་ཡོད། དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་བོད་མིའི་སྒྲིག་འཛུགས་ཀྱི་བཟོད་སྲན་ཀླད་སྐོར་ཀྱི་སྲིད་བྱུས་ལག་བསྟར་འོག ང་ཚོའི་སྤྱི་ཚོགས་ཡོངས་ལ་ཕོ་མོ་དབྱེ་འབྱེད་ཀྱི་དྲག་སྤྱོད་སྐོར་ལ་གོ་རྟོགས་རྒྱ་ཆེ་སྤེལ་ཡོད། སློབ་གྲྭ་དང་། གཞིས་ཆགས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་བཅས་སོ་སོས་སློབ་ཕྲུག་དང་། སྤྱི་ཚོགས་ཀྱི་ཚོགས་མི། ལས་བྱེད་བཅས་ལ་བདེ་འཇགས་ལྡན་པའི་ཁོར་ཡུག་བསྐྲུན་རྒྱུའི་ཐད་གོམ་པ་སྤོ་ཐུབ་པ་བྱུང་ཡོད། བོད་ཀྱི་བུད་མེད་རོགས་འབོད་འབྲེལ་ལམ་བརྒྱུད་ནས་ང་ཚོས་དྲག་སྤྱོད་ཀྱི་རྣམ་པ་འདྲ་མིན་ལས་བྱུང་བའི་གནོད་འཚེ་ཕོག་མཁན་མི་གྲངས་ ༡༥༠ ལྷག་ལ་འབྲེལ་བ་ཞུས་ཏེ་རྒྱབ་སྐྱོར་ཞུས་ཐུབ་པ་བྱུང་ཡོད། ལས་འགུལ་འདི་ལྟ་བུ་གལ་ཆེ་འཛིན་ནས་དམ་བཅའ་བརྟན་དུ་གཏོང་རྒྱུ་དང་། མཉམ་རུབ་ཀྱི་འབད་བརྩོན་བྱ་རྒྱུའི་གོ་སྐབས་གསར་པ་བསྐྲུན་གྱི་ཡོད། ལས་གཞི་འདི་དག་ལས་ང་ཚོའི་བདེ་འཇགས་དང་། བརྩི་མཐོང་། གུས་བརྩི་་ལྡན་པའི་ཁོར་ཡུག་བསྐྲུན་རྒྱུར་མཉམ་རུབ་ཀྱི་དམ་བཅའ་མཚོན་གྱི་ཡོད། ང་ཚོའི་སྤྱི་ཚོགས་སུ་ད་བར་གྱི་ཡར་རྒྱས་ལ་བལྟས་རྗེས་ང་རང་སེམས་ཤུགས་སྐྱེས་གཞི་ཆགས་ཀྱི་འདུག འོན་ཀྱང་ང་ཚོའི་ལས་དོན་ད་དུང་མཇུག་སྒྲིལ་རྒྱུར་ཐག་རིང་པོ་ཡོད་པ་དེ་ཡང་ངས་ངོས་འཛིན་ཞུ་ཡི་ཡོད།
དེ་རིང་ཉིན་མོ་སྲུང་བརྩི་དང་སྦྲགས། ཉིན་གྲངས་ ༡༦ གི་ལས་འགུལ་སྐབས་གོ་རྟོགས་སྤེལ་རྒྱུ་ཙམ་མ་ཟད། དངོས་སུ་ལག་བསྟར་དོན་འཁྱོལ་ཡོང་རྒྱུར་ང་ཚོས་དམ་བཅའ་བསྐྱར་གསོ་དགོས་པ་ཡིན། སྤྱི་ཚོགས་ཤིག་གི་ནུས་སྟོབས་ཆེ་ཆུང་ཇི་ཙམ་ཡོད་མེད་དེ་སྤྱི་ཚོགས་དེའི་ནང་གི་གནས་བབ་ཞན་པའི་གང་ཟག་རྣམས་ལ་སྲུང་སྐྱོབ་བྱེད་སྟངས་གང་འདྲ་ཡོད་མེད་དེ་ནས་ཤེས་ཐུབ། གནོད་འཚེ་ཕོག་མཁན་གཅིག་ལ་བདེ་འཇགས་དང་། རེ་བ། དྲང་བདེན་ཐོབ་པ་ཡིན་ན། སྤྱི་ཚོགས་ཧྲིལ་པོ་ཞི་བདེའི་ཕྱོགས་སུ་གོམ་པ་གཅིག་མདུན་སྤོ་བྱེད་པ་ཡིན། ང་ཚོའི་སྤྱི་ཚོགས་དེ་ཡང་འགྱུར་བ་དེའི་ཆ་ཤས་ཤིག་བྱེད་ཐུབ་པ་དགོས། དེ་ལྟར་བྱས་ན་ང་ཚོས་དངོས་སུ་དྲང་བདེན་འགན་ལེན་བྱེད་པ། གནོད་འཚེ་ཕོག་མཁན་སྲུང་སྐྱོབ་བྱེད་པ། ཉེས་ཆད་ལས་ཐར་བའི་ལམ་ལུགས་མེད་པར་བཟོ་ཐུབ་ངེས་རེད། ཅེས་བརྗོད་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





