རྒྱ་ནག་གིས་རྔ་བ་ཁུལ་དུ་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་ནས་དམར་དམག་རྒྱང་བསྐྱོད་ཀྱི་ལོ་རྒྱུས་གཞིར་བཞག་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་བཞིན་འདུག

ཕྱི་ཟླ་ ༡༡ ཚེས་ ༡ ཉིན། རྔ་བ་རྫོང་གི་དམར་ཤོག་ཚོགས་པའི་རྫོང་རྒྱུན་ལས་ལྷན་ཁང་གི་རྒྱུན་ལས་གསར་པ་རྣམས་མཚན་ཉིད་ཡུལ་ཚོའི་གསེར་མཛོད་སྡེ་བར་གསར་དུ་བཙུགས་པའི་གསེར་མཛོད་དམར་དམག་རྒྱང་བསྐྱོད་རྗེས་དྲན་ས་ཚིགས་སུ། དམར་ཤོག་ཚོགས་པར་ཞུགས་སྐབས་ཀྱི་དམ་བཅའ་བསྐྱར་ལེན་བྱེད་དུ་བཅུག་ཡོད་འདུག ཀྲུང་གོ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ལོ་ངོ་ ༩༠ སྔོན་དུ་དམར་དམག་རྒྱང་བསྐྱོད་སྐབས་དམར་དམག་གི་དམག་དཔོན་ཀྲུའུ་ཏེ་སྡེ་བ་དེར་ཐེངས་གཉིས་བསྡད་ཡོད་པ་དང་། ད་ལྟ་སྡེ་བ་དེ་སི་ཁྲོན་དམར་དམག་རྒྱང་བསྐྱོད་ལས་བྱེད་སློབ་གླིང་གི་སློབ་ཁྲིད་ས་ཚིགས་ཤིག་ཏུ་གྱུར་ཡོད་འདུག
ཚོགས་འདུ་དེ་ནི་རྔ་བ་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་དབང་རྒྱལ་གྱིས་གཙོ་སྐྱོང་བྱས་ཤིང་། རྔ་བ་རྫོང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་སྤེལ་ཡོད་འདུག དེ་ནི་འདི་ལོར་རྒྱ་ནག་གིས་དམར་དམག་རྒྱང་བསྐྱོད་ཀྱི་ལོ་ ༩༠ འཁོར་བར་བྱེད་སྒོ་འདྲ་མིན་སྤེལ་བཞིན་པའི་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་། རྔ་བའི་བོད་མི་རྣམས་ཀྱིས་གུང་ཁྲན་གསར་བརྗེ་ལ་དགའ་བསུ་ཞུས་ཏེ་དེར་ཞུགས་པའི་ལོ་རྒྱུས་ཤིག་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག དེའི་ཁྲོད་མངོན་གསལ་དོད་ཤོས་ནི་གློག་བརྙན་《ཐེན་པའོ》ཞེས་པ་ཞིག་ཡིན་ཞིང་། དེ་ནི་དམར་དམག་ཏུ་ཞུགས་པའི་བོད་རིགས་གྲྭ་བ་ཆུང་ཆུང་ཞིག་གི་སྐོར་རེད་འདུག་ལ། རྒྱ་གཞུང་གིས་བཀོད་འདོམས་དང་མཐུན་རྐྱེན་སྦྱར་ནས་ཕབ་བསྐྲུན་བྱས་པའི་གློག་བརྙན་ཞིག་རེད། གློག་བརྙན་དེ་དམར་དམག་རྒྱང་བསྐྱོད་ཀྱི་ལོ་ངོ་ ༩༠ འཁོར་བའི་སྔ་ནུབ་སྟེ། ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་རྒྱ་ནག་གཞུང་གི་གློག་བརྙན་བརྒྱུད་ལམ་ CCTV-6 ཐོག་མར་བསྟན་ཡོད་འདུག
དེ་མིན་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་ཁུངས་ཁག་གིས་གསར་འགོད་པ་རྣམས་ཁྲིད་དེ་རྔ་བར་དམར་དམག་རྒྱང་བསྐྱོད་ཀྱི་གསར་འགོད་སྐོར་བསྐྱོད་བྱས་པ་དང་། རྔ་བ་ཁུལ་གྱི་རྟེན་རྫས་མཛོད་ཁང་དུ་དམར་དམག་རྒྱང་བསྐྱོད་ཀྱི་འབོད་ཚིག་འགྲེམས་སྟོན་བྱས་པ། བོད་ཀྱི་གྲོང་རྡལ་ཁག་ཏུ་དམར་ཤོག་ཚོགས་པའི་ལྟ་གྲུབ་བཤད་སྒྲོག་པ་བཏང་བ་བཅས་བྱས་ཡོད། ལས་འགུལ་འདི་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་འགོ་ཚུགས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་དང་དུས་མཚུངས་སུ་བྱུང་བ་རེད་འདུག འོན་ཀྱང་ལས་འགུལ་དེའི་ནང་མ་བཀོད་པ་ནི། ཕྱི་ལོ་ ༡༩༣༥ ནས་ ༡༩༣༦ བར་དམར་དམག་རྔ་བ་བརྒྱུད་ནས་འགྲོ་སྐབས་ཀྱི་ས་གནས་བོད་མི་ཚོས་དྲན་པའི་ལོ་རྒྱུས་ཏེ། འབྲུ་རིགས་བཙན་འཕྲོག་དང་། ཕྱུགས་ཟོག་བསད་པ། དགོན་པ་ཁག་གཏོར་བཅོམ་བཏང་བ། མུ་གེ་ཡོང་བ་བཅས་རེད་འདུག
《ཐེན་པའོ》ཞེས་པའི་གློག་བརྙན་ནི་ཕྱི་ལོ་ ༡༩༡༧ ལོར་རྒྱལ་རོང་དུ་སྐྱེས་པའི་བོད་མི་སངས་རྒྱས་ཡེ་ཤེས་ཀྱི་མི་ཚེའི་སྐོར་ཡིན། ཁོང་ནི་ཕྱི་ལོ་ ༡༩༣༥ ལོར་དམར་དམག་ཏུ་ཞུགས་ཤིང་། དམར་དམག་རྒྱང་བསྐྱོད་ལ་ཞུགས་པའི་བོད་མི་ཉུང་ཤས་ཀྱི་ཁྲོད་ཀྱི་གཅིག་ཡིན། རྗེས་སུ་ཕྱི་ལོ་ ༡༩༦༥ ལོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པར་བསྐོས་ཤིང་། རྒྱ་ནག་དབུས་གཞུང་གི་རྒྱུན་ལས་ལྷན་ཁང་གི་རྒྱུན་ལས་ཀྱི་འགན་ཡང་འཁུར། ཕྱི་ལོ་ ༢༠༠༨ ལོར་ཁྲིན་ཏུའུ་རུ་འདས།
གློག་བརྙན་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལས་གཞི་ཞིག་ཡིན། ཁྲོན་མཐོང་གསར་འགྱུར་གྱིས་བཀོད་པ་ལྟར་ན། གློག་བརྙན་དེ་སི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་ཁུངས་ཀྱིས་འཆར་འགོད་བྱས་ཤིང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་ཁུངས་ཀྱིས་མཉམ་འབྲེལ་ཕབ་བསྐྲུན་དང་། རྔ་བ་ཁུལ་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཁང་དང་ཁུལ་གྱི་སྲིད་གཞུང་གིས་བཟོ་བསྐྲུན་བྱས་པ་ཞིག་རེད། གློག་བརྙན་དེ་འཇམ་དཔལ་རྒྱ་མཚོས་བྲིས་པའི་མི་སྣའི་ལོ་རྒྱུས་《བོད་རིགས་དམར་དམག་རྒན་པ་ཐེན་པའོ་ཡི་རྣམ་ཐར》ལ་གཞི་བཅོལ་ཡོད་པ་དང་། རྩོམ་པ་པོ་ཨ་ལེས་སློབ་སྟོན་བྱས་པ་དང་། གློག་བརྙན་ནང་མའོ་ཙེ་ཏུང་འཁྲབ་སྟོན་བྱེད་མཁན་ཐང་ཀོ་ཆང་གིས་སྒྱུ་རྩལ་་འཁྲབ་ཁྲིད་བྱས་ཡོད། ལིའུ་ཅིན་དང་ཡི་ཞི་གཉིས་ཀྱིས་གློག་བརྙན་འཁྲབ་ཁྲིད་བྱས་ཤིང་། བོད་རིགས་འཁྲབ་སྟོན་པ་དོན་གྲུབ་ཚེ་རིང་གིས་ཐེན་པའོ་འཁྲབ་སྟོན་བྱས་ཡོད།
ཁྲོན་མཐོང་གསར་འགྱུར་ལྟར་ན། གློག་བརྙན་གྱི་གཏམ་རྒྱུད་ནི་འབར་ཁམས་ཀྱི་ཆོས་སྒོར་བཞུགས་པའི་དབུལ་ཕོངས་ཀྱི་བུ་ཆུང་ཞིག་དམར་དམག་གི་སྒྲིག་ཁྲིམས་དམ་པོ་དང་དབུལ་སྐྱོབ་ཀྱི་བྱ་སྤྱོད་ལ་ཡིད་ཆེས་དང་སེམས་འགུལ་ཐེབས་པ་དང་། རྒྱ་ནག་གི་ཁྱབ་བསྒྲགས་ནང་དུ་དེ་ནི་བོད་ཀྱི་བུ་ཆུང་དཀྱུས་མ་ཞིག་རིམ་པ་བཞིན་དུ་འབྱོར་མེད་བྲལ་རིམ་གྱི་གསར་བརྗེ་བ་ཞིག་ཏུ་འགྱུར་བ་ཕྱིན་པའི་ལོ་རྒྱུས་ཡིན་ཟེར།
གློག་བརྙན་དེ་ཁྱབ་བསྒྲགས་བྱས་པའི་དུས་ཚོད་ཚང་མ་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད། མི་མང་ཆབ་གྲོས་དྲ་བ་ཡིས་བཀོད་པ་ལྟར་ན། གློག་བརྙན་དེ་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡ ཉིན་རྒྱལ་ཡོངས་སུ་ཐོག་མར་བསྟན་ཞིང་། གློག་བརྙན་འཁྲབ་ཁྲིད་པ་ལིའུ་ཅིན་གྱིས་དེ་ནི་རྒྱ་ནག་དམར་ཤོག་བཙུགས་ནས་ལོ་ངོ་ ༡༠༤ འཁོར་བའི་ལེགས་སྐྱེས་ཡིན་ཟེར་བ་དང་། CCTV-6 ཐོག་ཏུ་བསྟན་པ་དེ་དམར་དམག་རྒྱང་བསྐྱོད་ཀྱི་ལོ་ངོ་ ༩༠ འཁོར་བའི་དྲན་གསོར་ཁྱབ་བསྒྲགས་བྱས་འདུག

གཞན་ཡང་ཀྲུང་གོ་གསར་འགྱུར་ཁང་གིས་བཀོད་པ་ལྟར་ན། ཕྱི་ལོ་ ༡༩༣༥ ཟླ་ ༤ ནས་ ༡༩༣༦ ཟླ་ ༨ བར་དམར་དམག་གི་དམག་སྡེ་གཙོ་བོ་གསུམ་གྱིས་ཟླ་བ་ ༡༦ ཙམ་རིང་རྔ་བར་བསྡད་དེ་གངས་རི་དང་སྤང་ཐང་བརྒལ་ཡོད། ད་ལྟ་རྔ་བ་ཁུལ་ནི་དམར་དམག་རྒྱང་བསྐྱོད་ཀྱི་རྒྱལ་ཁབ་རིག་གནས་ལྡུམ་རའི་ལྟེ་བར་ཡོད། CCTV ལྟར་ན། དེ་ནི་ཕྱི་ལོ་ ༢༠༡༩ ནས་མགོ་ཚུགས་པའི་རྒྱལ་ཁབ་ཀྱི་ལས་གཞི་ཞིག་ཡིན་ཞིང་། ཞིང་ཆེན་ ༡༥ ཀྱི་དམར་དམག་རྒྱང་བསྐྱོད་ཀྱི་ས་གནས་ཁག་མཐུད་སྦྲེལ་བྱས་ཡོད། ལོ་ངོ་ ༩༠ འཁོར་བའི་ལོ་འདིར་ཚོགས་པ་དང་གཞུང་གི་ལས་ཁུངས་ཁག་གིས་རྔ་བར་ལས་འགུལ་གོ་རིམ་བཞིན་སྤེལ་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༢༤ ནས་ ༢༩ བར། རྒྱ་ནག་དབུས་གཞུང་གི་བརྒྱུད་ལམ་དང་དམར་དམག་རྒྱང་བསྐྱོད་བརྒྱུད་པའི་ཞིང་ཆེན་ཁག་གི་གསར་འགོད་པ་ ༦༠ ལྷག་གིས་དམར་དམག་རྒྱང་བསྐྱོད་བཞུད་ལམ་གྱི་རྔ་བ་གསར་པ་ཞེས་པའི་བརྗོད་གཞིའི་ཐོག་རྔ་བ་ཁུལ་གྱི་རྫོང་ ༡༣ ཡོངས་རྫོགས་སུ་སྐོར་བསྐྱོད་བྱས་འདུག ཟླ་ ༡༠ ཚེས་ ༩ ནས་ ༡༡ བར། དམར་དམག་རྒྱང་བསྐྱོད་ལམ་དུ་ཡང་བསྐྱར་བགྲོད་པ་ཞེས་པའི་གསར་འགོད་སྐོར་བསྐྱོད་ཅིག་བཀོད་སྒྲིག་བྱས་ཏེ། ཟུང་ཆུ་དང་། མཛོད་དགེ། རྐ་ཁོག བཙན་ལྷ་བཅས་ཀྱི་དམར་དམག་རྒྱང་བསྐྱོད་ཀྱི་ས་གནས་ཁག་ལ་བལྟ་སྐོར་བྱས་ཤིང་། དེའི་ཁྲོད་ཟུང་ཆུ་རྫོང་དུ་ཡོད་པའི་མཐོ་ཚད་སྨི་ ༤༡་༣ ཅན་གྱི་དམར་དམག་རྒྱང་བསྐྱོད་ཀྱི་དྲན་རྟེན་རྡོ་རིང་ཡང་ཚུད་ཡོད་འདུག ཟླ་ ༡༠ ཚེས་ ༢༧ ཉིན། རྔ་བ་ཁུལ་གྱི་རྟེན་རྫས་མཛོད་ཁང་དུ་དམར་དམག་རྒྱང་བསྐྱོད་ཀྱི་འབོད་ཚིག་འགྲེམས་སྟོན་བཀོད་སྒྲིག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༧ ཟླ་ ༡ ཚེས་ ༢༧ བར་སྟོན་རྒྱུ་ཡིན།
ལོ་རྒྱུས་ཀྱི་ས་གནས་དེ་དག་ཡུལ་སྐོར་ཚོང་ལས་སུའང་བསྒྱུར་བཞིན་ཡོད། མི་དམངས་ཉིན་རེའི་ཚགས་པར་གྱིས་བཀོད་པ་ལྟར་ན། རྔ་བ་ཁུལ་དུ་དམར་པོའི་སློབ་སྟོན་ཡུལ་སྐོར་གྱི་ལམ་ཕྲན་གསུམ་བཟོས་ཡོད་ཅིང་། དམར་དམག་དང་འཕྲད་མྱོང་ཡོད་པའི་མི་རྣམས་ཀྱི་བུ་རབས་ཚ་རྒྱུད་རྣམས་ལ་དེའི་སྐབས་ཀྱི་ལོ་རྒྱུས་སོགས་བཤད་དུ་བཅུག་ཡོད་འདུག ཀྲུང་གོ་ཉིན་རེའི་ཚགས་པར་ལྟར་ན། ཟླ་ ༡༠ པའི་རྒྱལ་སྟོན་དུས་ཆེན་ཟེར་བའི་གུང་གསེང་སྐབས་སུ་བཙན་ལྷ་རྫོང་གཅིག་པུར་ཡུལ་སྐོར་བ་མི་གྲངས་ ༤༡༣༌༢༠༠ ལྷག་ཡོང་ཡོད་འདུག
རྒྱ་གཞུང་གི་བརྒྱུད་ལམ་གྱི་གསར་འགྱུར་ཚང་མར་ཆིའུ་ཧྲི་ཡི་སྙན་ཞུ་ཞིག་ཏུ་དམར་དམག་གིས་བཞག་པའི་ཤིང་གི་འབྲུ་རིགས་ལག་འཁྱེར་དེ་དག་ནི་དམར་དམག་གི་སྒྲིག་ཁྲིམས་དམ་པོ་དང་བོད་མིར་གུས་བརྩི་བྱས་པའི་དཔང་རྟགས་ཡིན་ཟེར་བ་དང་། སྐབས་དེར་དབུལ་ཕོངས་ཚོར་ཁས་བླངས་པ་དེ་ད་ལྟ་འབྲོག་ཁུལ་དུ་ལག་ལེན་དུ་བསྟར་ཟིན་ཟེར། གཞན་ཡང་ཟུང་ཆུའི་རྗེས་དྲན་རྡོ་རིང་གི་འགྲེལ་བཤད་པ་ཞིག་གིས་ཡུལ་སྐོར་བ་ཚོར་རྔ་བ་ཁུལ་གྱི་མི་ཚོས་ནས་མཐའ་མ་དེ་དམག་ཟས་སུ་ཕུལ་བ་དང་། བུ་མཐའ་མ་དེ་དམག་མིར་བཅུག་པ་ཡིན་ཟེར།
བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་ལོ་རྒྱུས་སྨྲ་བ་ཚོས་བཤད་པ་ནི་དེ་དང་ཐ་དད་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་གནད་དོན་དེའི་ཐད། ཕྱི་ལོ་ ༡༩༣༥ ནས་ ༡༩༣༦ བར་བཀྲེས་ལྟོགས་ཀྱིས་མནར་བའི་དམར་དམག་རྣམས་རྔ་བ་དང་། འབར་ཁམས། ཟུང་ཆུ། མཛོད་དགེ་བཅས་བརྒྱུད་བྱང་ཕྱོགས་སུ་བྲོས་སྐབས། བོད་མིའི་ཁ་ཟས་དང་རྒྱུ་དངོས་བཙན་འཕྲོག་དང་། དགོན་པ་ཁག་གི་མཆོད་རྫས་རྐུ་འཕྲོག་བྱས་ཤིང་། དེའི་བྱ་སྤྱོད་ལ་རྒོལ་ལན་སློག་མཁན་གྱི་བོད་མི་མང་པོ་བསད་ཡོད་པ་དང་། དེའི་ཁྲོད་ཟུང་ཆུའི་མུ་ཏོ་སྡེ་བའི་ཁྱིམ་ཚང་ ༢༧ ཀྱི་མི་ ༡༡༨ བསད་པའི་དཔེ་ཡང་བཀོད་ཡོད་འདུག
བོད་ཐོག་གི་དམག་འཁྲུག་ཅེས་པའི་ལོ་རྒྱུས་ཡིག་ཚགས་ཀྱི་དྲ་ཚིགས་སུ་བསྒྲིགས་པའི་བོད་ཡིག་ཡིག་ཆ་ལྟར་ན། དམར་དམག་རྔ་བར་སླེབས་རྗེས་དགོན་པ་ ༣༠ ཙམ་གྱི་ལྷ་ཁང་དང་འདུ་ཁང་། གྲྭ་ཤག་བཅས་གཏོར་བཤིག་བཏང་ཡོད། ཨ་རིའི་གསར་འགོད་པ་བཱར་བཱ་ར་ཌེ་མིཀ་གིས་ཕྱི་ལོ་ ༢༠༢༠ ལོར་སངས་རྒྱས་ཟ་བ་ཞེས་པའི་རྔ་བའི་སྐོར་གྱི་དཔེ་དེབ་ཅིག་བྲིས་ཡོད་པ་དང་། དེའི་ནང་ལྟོགས་སྐོམ་བྱུང་བའི་དམག་མི་ཚོས་དགོན་ནང་གི་རྩམ་པ་དང་མར་གྱིས་བཟོས་པའི་གཏོར་མ་ཟོས་པར་བརྟེན་དཔེ་དེབ་ཀྱི་མིང་ལ་སངས་རྒྱས་ཟ་བ་ཞེས་བཏགས་ཡོད་པ་ཨར་ཨེན་ཛེཌ་གྱི་དཔེ་དེབ་དཔྱད་བརྗོད་ནང་བཀོད་ཡོད།
མའོ་ཙེ་ཏུང་རང་ཉིད་ཀྱིས་ཀྱང་གུན་དེ་ཁས་བླངས་ཡོད། མི་རིགས་རིག་པ་བ་ཀེ་རོལ་མེག་གྷ་ར་ནན་གྱིས་HAU ཞེས་པའི་དུས་དེབ་ནང་བཀོད་པ་ལྟར་ན། མའོ་ཡིས་ཨ་རིའི་གསར་འགོད་པ་ཨེཌ་གར་སི་ནོ་ལ། དམར་དམག་གིས་བོད་མི་ཚོའི་ལག་ནས་བླངས་པའི་འབྲུ་རིགས་དེ་དག་ནི་དམར་དམག་གི་ཕྱི་ལ་ཆད་པའི་བུ་ལོན་གཅིག་པུ་ཡིན་ཞིང་། ཉིན་ཞིག་འཇལ་དགོས་ཞེས་བཤད་ཡོད་པ་རེད། ད་དུང་ཐན་པའོ་ཞེས་པའི་གློག་བརྙན་ནང་གི་མི་སྣ་གཙོ་བོ་གཞི་འཇོག་ས་སངས་རྒྱས་ཡེ་ཤེས་ཀྱི་གཏམ་ཡང་དྲངས་ཡོད། ཁོང་གིས་དམར་དམག་རྣམས་ཟླ་བ་མང་པོར་བོད་ཁུལ་དུ་བསྡད་དེ་ཕྱུག་བསད་པ་དང་། དགོན་པའི་འབྲུ་རིགས་བཅས་བླངས་ཡོད་ཅེས་བཤད་ཡོད། བོད་མིར་མཚོན་ན་བྱ་སྤྱོད་དེ་གཉིས་ནི་སྡིག་པ་ཚབས་ཆེན་ཡིན། དམར་དམག་རྒྱང་བསྐྱོད་ཀྱི་ལོ་ངོ་ ༩༠ འཁོར་བའི་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ནང་དུ་དེ་དག་གང་ཡང་བཀོད་མེད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་གིས་བཀོད་པ་ལྟར་ན། ལས་འགུལ་འདི་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༢ ཉིན་གཏན་འཁེལ་དང་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་འགོ་ཚུགས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་དང་ཟུང་འབྲེལ་བྱས་ཡོད། བཅའ་ཁྲིམས་དེས་སློབ་གྲྭ་དང་བརྒྱུད་ལམ། ཆོས་ལུགས་ཚོགས་པ་བཅས་ལ་ཀྲུང་ཧྭ་མི་རིགས་ཀྱི་ངོས་འཛིན་མཉམ་དུ་སྤེལ་དགོས་པའི་བཀོད་ཁྱབ་བཏང་ཡོད། བོད་ཀྱི་གྲྭ་པ་ཞིག་གིས་དགོན་པ་བཞག་ནས་དམར་ཤོག་ཚོགས་པར་ཞུགས་པའི་གཏམ་རྒྱུད་དེ་བཅའ་ཁྲིམས་དེའི་བརྗོད་དོན་དང་ཧ་ཅང་མཐུན།
རྔ་བ་ནི་པེ་ཅིན་ལ་མཚོན་ན་བོད་ཁུལ་གྱི་ནང་ནས་སེམས་ཁྲལ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཡིན། ཕྱི་ལོ་ ༢༠༠༩ ལོར་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེ་སྲེག་གནང་བ་ནས་བོད་མིའི་རང་སྲེག་ངོ་རྒོལ་བྱུང་སའི་ས་ཆ་དེ་ཡིན། དམར་དམག་རྒྱང་བསྐྱོད་ཀྱི་ལོ་ངོ་ ༩༠ འཁོར་བའི་ལས་འགུལ་འདིས་དམར་དམག་ནི་བོད་མིས་དགའ་བསུ་ཞུས་པའི་བཅིངས་འགྲོལ་དམག་མི་ཡི་སྣང་བརྙན་ཞིག་བཟོས་ཏེ། དམར་ཤོག་ཚོགས་པ་དང་རྔ་བ་ཁུལ་གྱི་མི་དམངས་ཐོག་མར་འཕྲད་པའི་ལོ་རྒྱུས་བཅོས་མ་བསྐྱར་དུ་བཟོ་བཞིན་ཡོད་འདུག
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།