རྒྱ་གཞུང་གིས་རྡུལ་ཕྲན་འབར་མདེལ་ཐོག་མར་བཟོ་ཡུལ་དང་འབྲེལ་བའི་གཏམ་བརྗོད་ཟློས་གར་ཞིག་འཁྲབ་སྟོན་བྱེད་མགོ་ཚུགས་འདུག་པ་དང་། ལས་གཞི་དེའི་ཆེད་དུ་འབྲོག་ས་ཤོར་བའི་བོད་ཀྱི་འབྲོག་པ་རྣམས་རྒྱལ་ཁབ་ཀྱི་ཆེད་དུ་མ་སྐུལ་དྭང་བླངས་ཐོག་ས་ཆ་གཞུང་ལ་ཕུལ་ཡོད་པ་ལྟར་བསྟན་ནས་ལོ་རྒྱུས་ལོག་འགྲེལ་བྱེད་བཞིན་འདུག

ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན། དམར་པོའི་བརྗོད་གཞི་ཅན་གྱི་གཏམ་བརྗོད་ཟློས་གར་《གསེར་དངུལ་ཐང》ཞེས་པ་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་ནུབ་མཚོ་ཟློས་གར་ཁང་དུ་འཁྲབ་སྟོན་བྱས། རྫོང་གི་གཞུང་འབྲེལ་བརྒྱུད་ལམ་ལྟེ་གནས་ཀྱིས་སྤེལ་བའི་ཁྱབ་བསྒྲགས་བརྙན་ཐུང་ཞིག་ནང་། གཏམ་བརྗོད་ཟློས་གར་དེ་ནི་གར་སྟེགས་ཐོག་ནས་དམར་པོའི་གཏམ་རྒྱུད་སྤེལ་ཏེ་སྒྱུ་རྩལ་གྱིས་སེམས་ཤུགས་ཀྱི་རྡོ་རིང་འཛུགས་པའི་ཐབས་ཤིག་ཡིན་ཞེས་བཀོད་ཡོད།
བརྙན་ཐུང་དེའི་ནང་། གཏམ་བརྗོད་ཟློས་གར་འཁྲབ་ཁྲིད་པ་སུན་ཆི་ཀྲུང་གིས་ཟློས་གར་དེས་ཕྱི་ལོ་ ༡༩༥༨ ནས་ ༡༩༦༤ བར་དཀའ་ངལ་ལ་མ་འཛེམས་པར་རྒྱ་ནག་གི་རྒྱལ་སྲུང་ལས་དོན་གྱི་ཞིབ་འཇུག་བྱེད་པར་སྤང་ཐང་འདིར་ཡོང་བའི་མི་རྣམས་ཀྱི་སྐོར་སྟོན་གྱི་ཡོད་པ་དང་། ཟློས་གར་ནང་གི་སེམས་འགུལ་ཆེ་ཤོས་ཐེབས་པའི་ཆ་ཤས་ནི། གསེར་དངུལ་ཐང་གི་བོད་རིགས་སྤུན་ཟླ་དང་མི་རིགས་གཞན་གྱི་སྤུན་ཟླ་རྣམས་ཀྱིས་རྒྱལ་སྲུང་ལས་དོན་དང་རྒྱ་ནག་མི་དམངས་ཀྱི་མགོ་འཕངས་མཐོ་རུ་འདེགས་ཐུབ་པའི་ཆེད་དུ་རང་ཉིད་གནས་སྡོད་བྱེད་སའི་ས་ཆ་བློས་བཏང་བ་དེ་ཡིན་ཟེར།
ཡང་སུན་ཆི་ཀྲུང་གིས་ཟློས་གར་འདིས་མི་རིགས་ཁག་གིས་རྒྱལ་སྲུང་ལས་དོན་ལ་རྒྱབ་སྐྱོར་བྱས་པའི་སེམས་འགུལ་གྱི་གཏམ་རྒྱུད་བཤད་དེ། ལྟད་མོ་བ་རྣམས་ཀྱིས་འབར་མདེལ་གཉིས་དང་མིས་བཟོས་འཁོར་སྐར་གཅིག་གི་སེམས་ཤུགས་དང་རྡུལ་ཕྲན་གྲོང་ཁྱེར་གྱི་རྒྱལ་ཞེན་གྱི་སེམས་ཤུགས་ཧ་གོ་བར་ཕན་ཐོགས་ཡོང་ངེས་རེད་ཟེར། བརྙན་ཐུང་དེའི་ནང་བོད་ལྭ་གྱོན་པའི་འཁྲབ་སྟོན་པ་རྣམས་དམག་མི་དང་ཚན་རིག་པ་རྣམས་དང་མཉམ་དུ་ལངས་པ་དང་། ལྟད་མོ་བའི་ནང་སློབ་ཕྲུག་མང་པོ་ཡོད་པ་མཐོང་ཐུབ།
གཏམ་བརྗོད་ཟློས་གར་འདིའི་འཁྲབ་སྟོན་པ་དང་ལས་མི་མང་ཆེ་བ་ནི་གསེར་དངུལ་ཐང་ནས་བཙན་ཤེད་ཀྱིས་གནས་སྤོ་བཏང་བའི་བོད་དང་སོག་པོའི་འབྲོག་པ་རྣམས་ཀྱི་མི་རབས་རྗེས་མ་རྣམས་ཡིན། ད་ལྟ་ཁོ་ཚོས་རང་གི་ཕ་མེས་ཀྱི་ལོ་རྒྱུས་དེ་རང་མོས་ཐོག་བློས་བཏང་བྱས་པ་ཞིག་ཏུ་བསྟན་པའི་གཏམ་བརྗོད་ཟློས་གར་འཁྲབ་བཞིན་ཡོད།
ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་སོའུ་ཧོའུ་ཞེས་པའི་གསར་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཟློས་གར་འདི་མདའ་བཞི་རྫོང་སྲིད་གཞུང་གིས་བཟོ་བསྐྲུན་བྱས་ཤིང་། རྫོང་གི་ལས་བྱེད་པ་རྣམས་ཀྱིས་འཁྲབ་སྟོན་བྱེད་ཀྱི་ཡོད། ཕྱི་ཚེས་༢༥ཉིན་གྱི་འཁྲབ་སྟོན་ཐོག་མཚོ་བྱང་ཁུལ་གྱི་ལས་ཁུངས་ཁག་གི་ལས་བྱེད་པ་དང་ལག་ཤེས་སློབ་གྲྭའི་སློབ་ཕྲུག་བཅས་མི་ ༥༠༠ ལྷག་ཞུགས་ཡོད། གཏམ་བརྗོད་ཟློས་གར་དེ་ནི་སྔོན་ཆད་ཐེངས་མང་འཁྲབ་སྟོན་བྱས་ཟིན་པ་ཞིག་ཡིན་ཞིང་། མི་རིགས་མཐུན་སྒྲིལ་དང་། ཚན་རིག་པ་དང་འབྲོག་པ་མང་ཚོགས་གཉིས་བར་གྱི་སེམས་ཀྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་ཆེད་ཀྱི་རྟོག་བཏགས་ཀྱི་སྒྲུང་ཞིག་ཡིན་ཞེས་བཀོད་ཡོད། གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་ནི་རྡུལ་ཕྲན་ཚན་རིག་པ་ལིའུ་པོ་ཝུན་དང་ཁོའི་ཆུང་མ་ཡང་ཡུན་གཉིས་ཡིན་ཞིང་། ས་ཆ་དེའི་གསང་རྒྱའི་སྒྲིག་ཁྲིམས་ཀྱི་རྐྱེན་གྱིས་ཁོ་གཉིས་ཁ་བྲལ་དགོས་བྱུང་བའི་སྐོར་ཡིན། ཟློས་གར་འཁྲབ་ཁྲིད་པ་སུན་ཆི་ཀྲུང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཞིག་དང་། ཧྲན་ཏུང་ཞིང་ཆེན་ལིན་ཡི་གྲོང་ཁྱེར་གྱི་གཏམ་བརྗོད་ཟློས་གར་ཚོགས་པའི་འགན་འཛིན་རེད་འདུག
ས་གནས་དྲིལ་བསྒྲགས་ལས་ཁུངས་ཀྱི་རྒྱབ་སྐྱོར་ཆ་ཚང་འོག་ཟློས་གར་འདི་གཞུང་གི་ལས་བྱེད་པ་དང་། ཉེན་རྟོག་པ། སློབ་གྲྭ་དང་མཐོ་རིམ་སློབ་གྲྭའི་སློབ་ཕྲུག ས་གནས་མི་མང་བཅས་ལ་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད།
ཟློས་གར་ནང་མ་བཀོད་པའི་ལོ་རྒྱུས།
མཚོ་སྔོན་པོའི་བྱང་ཤར་ཕྱོགས་སུ་ཡོད་པའི་གསེར་དངུལ་ཐང་ནི་ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་གི་རྡུལ་ཕྲན་འབར་མདེལ་བཟོ་བསྐྲུན་ཞིབ་འཇུག་རྟེན་གཞི་དང་པོའི་ས་ཆར་འདེམས་ཐོན་བྱུང་ཞིང་། ཡོངས་གྲགས་ལ་ ༢༢༡ བཟོ་གྲྭ་ཟེར། རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ལྟར་ན། ལོ་དེའི་ཟླ་ ༧ པར་ཏེང་ཞའོ་ཕིན་གྱིས་རྒྱ་ནག་དབུས་གཞུང་གི་རྒྱུན་ལས་ལྷན་ཁང་གི་ཚབ་བྱས་ཏེ་ས་ཆ་གཏན་འཁེལ་བྱས་ཡོད། བཟོ་གྲྭ་དེར་རྒྱ་ནག་གི་རྡུལ་ཕྲན་འབར་མདེལ་དང་ཡང་རླུང་འབར་མདེལ་གཉིས་ཐོག་མར་བཟོ་བསྐྲུན་བྱས་པའི་ལོ་རྒྱུས་འདུག
ས་དེར་གནས་པའི་འབྲོག་པ་རྣམས་རང་མོས་ཀྱིས་གནས་སྤོ་བྱས་པ་མ་རེད། རྒྱ་ནག་དྲ་ཐོག་དུས་བབ་ཐོག་བསྐྱར་སྤེལ་བྱས་པའི་རྒྱ་ཡིག་གི་ངག་རྒྱུན་ལོ་རྒྱུས་བསྡུས་སྒྲིག་ནང་དྲངས་པའི་ས་གནས་ཡིག་ཚགས་ལྟར་ན། མདའ་བཞི་རྫོང་གི་གནས་སྤོ་དེ་ཕྱི་ལོ་ ༡༩༥༨ ཟླ་ ༡༠ ཚེས་ ༢༠ ཉིན་མགོ་ཚུགས་ཏེ་ཕྱི་ལོ་ ༡༩༥༩ ཟླ་ ༢ པར་མཇུག་བསྡུས་ཤིང་། ཁྱིམ་ཚང་ ༡༢༧༩ དང་མི་འབོར་ ༦༧༠༠ རྫོང་གཞན་དུ་གནས་སྤོ་བཏང་ཡོད། ཡིག་ཚགས་གཞན་ཞིག་ལྟར་ན། ཁྱིམ་ཚང་ ༡༧༠༠ ལྷག་དང་འབྲོག་པ་ ༩༠༠༠ ཙམ་གནས་སྤོ་བཏང་ཡོད། ཡིག་ཚགས་དེར་གནས་སྤོ་དེ་ནི་ཕྱི་ལོ་ ༡༩༥༨ ལོའི་ངོ་ལོག་ཟིང་འཁྲུག་ཞི་འཇགས་དང་ཞིང་བདག་ལམ་ལུགས་ལ་ངོ་རྒོལ་བྱས་པའི་ལས་འགུལ་དང་དུས་མཚུངས་ཡིན་པ་དང་། ལས་འགུལ་དེའི་ཁྲོད་བོད་དང་སོག་པོའི་འབྲོག་པ་མང་པོ་བཙོན་འཇུག་བྱས་ཡོད་ཟེར།
ཕྱི་ལོ་ ༢༠༡༨ ལོར་ནིའུ་ཡོག་དུས་བབ་ཀྱིས་བཟོ་གྲྭ་བསྐྲུན་ཆེད་བོད་དང་སོག་པོའི་འབྲོག་པ་སྟོང་ཕྲག་མང་པོ་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་ཡོད་ཅེས་རྩོམ་ཡིག་ཅིག་སྤེལ་ཡོད། དེར་ཕྱི་ལོ་ ༡༩༦༣ ལོར་མཚོ་སྔོན་དུ་ཉེན་རྟོག་པའི་བྱ་བ་གཉེར་བ་དང་། གནས་ཚུལ་དེའི་སྐོར་ལ་ཞིབ་བཤེར་བྱས་མྱོང་བའི་དབྱིན་ཧྲུའུ་ཧྲེང་ལ་བཅར་འདྲི་བྱས་ཡོད། ཁོང་གིས་ ༢༢༡ བཟོ་གྲྭའི་ཆེད་དུ་གནས་སྤོ་བྱེད་དགོས་ཡོད་ཀྱང་། གསེར་དངུལ་ཐང་གི་འབྲོག་པ་ཚོ་གདུག་རྩུབ་ཆེན་པོའི་སྒོ་ནས་གནས་སྤོ་བྱེད་དུ་བཅུག་པ་རེད་ཅེས་བཤད་ཡོད།

དབྱིན་ཧྲུའུ་ཧྲེང་གི་བཤད་པ་ལྟར་ན། འབྲོག་པ་རྣམས་ལ་གནས་སྤོའི་གྲ་སྒྲིག་བྱེད་པར་ཉིན་གཅིག་གི་དུས་ཚོད་ལས་སྤྲད་མེད་པ་དང་། ཁྱིམ་ཚང་རེ་རེས་གཡག་ཉུང་ཤས་ལས་འདེད་མི་ཆོག་པ། ད་དུང་ལམ་དུ་བསྐྱོད་སྐབས་ཉེན་རྟོག་པས་རྡུང་རྡེག་བཏང་ཡོད། འབྲོག་པ་ ༧༠༠ ཙམ་གསར་བརྗེ་ལ་ངོ་རྒོལ་ཚོགས་པར་ཞུགས་འདུག་ཅེས་བཙོན་དུ་བཟུང་ཞིང་། དེ་དག་ལས་མི་ ༡༧ འདྲི་རྩད་བྱེད་སྐབས་འདས་གྲོངས་ཕྱིན་པ་དང་། བརྒྱ་ཕྲག་མང་པོ་ཞིག་ལམ་བར་དུ་འདས་གྲོངས་ཕྱིན་ཡོད། རྗེས་སུ་ཚེ་སྲོག་ཐར་བའི་འབྲོག་པ་ཞིག་གིས་ཞིབ་འཇུག་པ་ཞིག་ལ་སྐབས་དེར་ང་ཚོ་མི་རུ་བརྩིས་མ་སོང་ཞེས་བཤད་ཡོད་འདུག
རྒྱ་ནག་གཞུང་ཕྱོགས་ཀྱི་བཤད་སྟངས་དེ་དང་མི་འདྲ། ནིའུ་ཡོག་དུས་བབ་ལྟར་ན། ༢༢༡ བཟོ་གྲྭའི་རྗེས་དྲན་ཁང་དུ་བཀོད་པའི་གནས་ཚུལ་ནང་། འབྲོག་པ་རྣམས་རང་མོས་ཀྱིས་གནས་སྤོ་བྱས་ཤིང་། གཞུང་གིས་རོགས་རམ་དང་ལུག་སྟོང་ཕྲག་མང་པོ་སྟེར་ཡོད་སྐོར་བཀོད་ཡོད་འདུག ད་ཆ་འཁྲབ་སྟོན་བྱེད་བཞིན་པའི་གཏམ་བརྗོད་ཟློས་གར་གསར་པ་དེའི་བརྗོད་དོན་ནི་གཞུང་གི་སྐད་ཆ་དང་ཕྱོགས་ཡོངས་ནས་མཐུན་པ་བྱས་འདུག
གསང་བའི་དམག་སྒར་ནས་རྒྱལ་ཞེན་འགྲེམས་སྟོན་གྱི་ས་ཚིགས་སུ་གྱུར་བ།
ཕྱི་ལོ་ ༡༩༨༧ ལོར་ ༢༢༡ བཟོ་གྲྭ་སྒོ་བརྒྱབ་སྟེ། མཚོ་བྱང་ཁུལ་གྱི་སྲིད་གཞུང་ས་གནས་སུ་བསྒྱུར་ཡོད་འདུག ད་ལྟ་རྡུལ་ཕྲན་གྲོང་ཁྱེར་ཞེས་ཁྱབ་བསྒྲགས་བྱེད་བཞིན་པའི་བཟོ་གྲྭ་སྔོན་མ་དེ་ཉམས་གསོ་བྱས་ཏེ་རྒྱལ་ཞེན་སློབ་གསོའི་ས་ཚིགསཤིག་ཏུ་བསྒྱུར་ཡོད་པ་དང་། ནུབ་མཚོ་གྲོང་རྡལ་ཁུལ་དུ་དེ་འབྲེལ་གྱི་འབུར་བསྐོས་འདྲ་སྐུ་དང་། དྲན་རྟེན། དྲན་ཐོ་བཅས་བཞེངས་ཡོད་འདུག
གཏམ་བརྗོད་ཟློས་གར་《གསེར་དངུལ་ཐང》ཞེས་པ་ནི་བོད་ཁུལ་དུ་སྤེལ་བཞིན་པའི་རྒྱ་གཞུང་གི་དྲིལ་བསྒྲགས་ལས་འགུལ་གྱི་དཔེ་མཚོན་གསར་ཤོས་ཤིག་ཡིན། རྔ་བ་ཁུལ་དུ་དམར་དམག་ཏུ་ཞུགས་པའི་བོད་རིགས་གྲྭ་བ་ཆུང་ཆུང་ཞིག་གི་སྐོར་གྱི་གློག་བརྙན་《ཐེན་པའོ》དེ་དམར་དམག་རྒྱང་བསྐྱོད་བྱས་ནས་ལོ་ ༩༠ འཁོར་བའི་དྲན་གསོར་ཕྱི་ཟླ་ ༡༠ པར་ CCTV-6 ཐོག་ཐོག་མར་བསྟན་ཡོད། དེ་གཉིས་ཀ་བོད་མིའི་ལོ་རྒྱུས་ནང་དཀའ་སྡུག་ཆེ་ཤོས་ཀྱི་དུས་རིམ་དེར་བོད་མི་ཚོས་རང་མོས་ཐོག་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་རྒྱལ་ཁབ་ལ་ཞབས་འདེགས་ཞུས་པའི་ལོ་རྒྱུས་སུ་བསྒྱུར་ཡོད། དེ་ནི་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱེད་འགོ་ཚུགས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཀྱི་བརྗོད་དོན་དང་མཐུན་ཏེ། བཅའ་ཁྲིམས་དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་ཁྱབ་སྤེལ་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།