༧གོང་ས་རྒྱལ་བ་རིན་པོ་མཆོག་དང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་ཚེ་རིང་སྒྲོལ་མ་རྣམ་གཉིས་ཀྱིས་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གི་ཨ་མ་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པི་རིམ་སིང་རྟ་མང་མཆོག་གི་ཨ་མ་དྷན་མ་ཡ་རྟ་མང་ལགས་དགུང་གྲངས་ ༨༧ སྟེང་འདས་གྲོངས་སུ་ཕྱིན་ཡོད་སྟབས། ཕྱི་ཚེས་ ༢༦ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱི་ཁྱབ་བློན་ཆེན་པི་རིམ་སིང་རྟ་མང་མཆོག་ལ་ཨ་མ་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད་འདུག
༧གོང་ས་མཆོག་གིས། ངོས་ནས་སྐུ་ཉིད་ཀྱི་ཨ་མ་ལགས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས་པར་སེམས་སྐྱོ་བྱུང་། ཁྱེད་དང་ཁྱེད་ཀྱི་ནང་མི་རྣམས་ལ་དཀའ་ཁག་ཆེ་བའི་དུས་སྐབས་འདིར། ངོས་ནས་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་དང་ཁོང་མོའི་ཆེད་དུ་སྨོན་ལམ་ཡང་རྒྱག་གི་ཡོད་པས་དང་ལེན་མཛོད་རོགས།
ཁོང་དགུང་གྲངས་ ༨༧ བར་འཚོ་བཞུགས་གནང་བ་ནི་ཡིད་སྨོན་སྐྱེ་དགོས་པ་ཞིག་རེད། ཁྱེད་ཀྱིས་ཁོང་མོས་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཡོད་པའི་གནས་ལུགས་ལ་བསམ་བློ་བཏང་ནས་རང་ཉིད་ལ་སེམས་གསོ་བྱེད་དགོས།
ངོས་ཀྱིས་རང་གི་ཨ་མ་ལགས་དམ་པ་དེ་ཉིད་ཀྱི་ཆེད་མ་ཎི་བགྲངས་པ་བཞིན། ཁྱེད་དང་ཁྱེད་ཀྱི་ནང་མི་གཉེན་ཉེ་ཚོས་ཀྱང་ཁོང་མོའི་ཆེད་མ་ཎི་གང་མང་འདོན་རོགས་ཞུ་རྒྱུ་ཡིན། དགེ་སྒྲུབ་ཀྱི་ཉམས་ལེན་འདིས་ཁོང་མོ་དང་ཁྱེད་ཚོ་ཚང་མར་ཕན་ཐོགས་རྒྱ་ཆེ་འབྱུང་ངེས་ཡིན། ཞེས་གསུངས་འདུག
དེ་རིང་ཕྱི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གིས། ངས་ང་དང་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། སྐུ་ཉིད་དང་ཉིད་ཀྱི་ནང་མི་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།
ཨ་མ་ཞིག་མེད་པར་གྱུར་བ་ནི་ཚད་མེད་པའི་སྡུག་བསྔལ་དང་ཚིག་གིས་ན་ཟུག་འཇོག་མི་ཐུབ་པའི་གྱོང་གུད་ཅིག་ཡིན་ཡང་། ཁོང་མོའི་བརྩེ་བ་དང་དྲོ་ཁོ། བྱིན་རླབས་ང་ཚོ་དང་ལྷན་དུ་གནས་ཡོད། ལྷག་པར་དུ་ཁོང་མོས་གཅེས་པའི་དྲན་ཤིང་དང་དཀའ་ཚེགས་ཀྱིས་བརྩིགས་པའི་བྱས་རྗེས་དག་གིས་ཁྱེད་དང་ཁྱེད་ཀྱི་ནང་མི་ཚོར་ལམ་སྟོན་དང་སེམས་ཤུགས་སྦྱིན་ངེས་ཡིན། ཞེས་བརྗོད་འདུག
རྒྱ་གར་དབུས་བྱང་ཤར་ཁུལ་གྱི་འབྲེལ་མཐུད་དང་ཡར་རྒྱས་བློན་ཆེན་ (Jyotiraditya Scindia) མཆོག་དང་འབྲས་ལྗོངས་ཀྱི་སྲིད་སྐྱོང་ (Dushyant Gautam) མཆོག དེ་བཞིན་འབྲས་ལྗོངས་ཀྱི་ཆབ་སྲིད་པ་མང་པོས་གདུང་སེམས་མཉམ་སྐྱེད་ཞུས་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གི་ཨ་མ་དྷན་མ་ཡ་རྟ་མང་ལགས་ཀྱི་ཕུང་པོ་ཞུགས་འབུལ་གནང་གཏན་ཁེལ་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





