ཏཱ་ལའི་བླ་མས་གལ་སྲིད་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་སྐུ་ཚེ་འདས་རྗེས་ཏཱ་ལའི་སྐུ་ཕྲེང་བཅོ་ལྔ་བས་མུ་མཐུད་དུ་སྐུ་གོང་མའི་ལས་དོན་གྱི་མཇུག་སྐྱོང་དགོས་བ་ལས་གཏོར་བརླག་གཏོང་རྒྱུ་མ་རེད། ང་བཙན་བྱོལ་ཁྲོད་འདས་རྗེས་ངའི་སྒྲུབ་མ་ཚར་བའི་ལས་དོན་གྱི་མཇུག་མུ་མཐུད་སྐྱོང་ཆེད་ཏཱ་ལའི་བླ་མའི་ཡང་སྲིད་དེ་ཡང་རང་དབང་ལྡན་པའི་ལུང་བའི་ནང་འབྱུང་བ་དང༌། པེ་ཅིང་གིས་ཡང་སྲིད་གཞན་ཞིག་བསྐོ་ངེས་རེད། མཐར་ཏཱ་ལའི་བླ་མ་གཉིས་ཆགས་རྒྱུ་རེད། ངས་རྟག་པར་གསར་འགོད་པ་ཚོ་ལ་རྗེས་སུ་ཕལ་ཆེར་ཏཱ་ལའི་བླ་མ་གཉིས་ཆགས་རྒྱུ་ཡིན་པ་དང༌། གཅིག་ནི་གཞུང་ལ་དགོས་མཁོ་ཡོད་པའི་ཏཱ་ལའི་བླ་མ་དང༌། གཞན་གཅིག་ནི་བོད་མི་དམངས་ཀྱི་སེམས་ནང་གི་ཏཱ་ལའི་བླ་མ་རེད། ཏཱ་ལའི་བླ་མས་ཡང་གནས་ཚུལ་དེ་ལྟ་བུ་ཞིག་འབྱུང་བར་རེ་བ་བྱེད་ཀྱི་མེད་ལ། རྣམ་དཔྱོད་མང་པོ་བཏོན་ཏེ་བོད་ཀྱི་གནད་དོན་མགྱོགས་པོར་ཐག་གཅོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། ཁོང་གིས་བཞད་མོ་དང་བཅས་འདི་ཡང་ང་རང་རྒྱ་ནག་རི་བོ་རྩེ་ལྔ་ལ་གནས་སྐོར་ཏུ་ཕེབས་འདོད་ཡོད་པའི་རྒྱུ་མཚན་རེད་ཅེས་གསུངས།
རྒྱ་བོད་མི་རིགས་གཉིས་ལོ་ངོ་སྟོང་ཕྲག་རིང་འཆམ་མཐུན་གྱིས་གནས་ཡོད་ལ། ཏཱ་ལའི་བླ་མས་རྒྱ་མི་རིགས་ལ་དམིགས་བསལ་གྱི་བརྩེ་བ་ཡོད་ལ། གལ་སྲིད་ཡོ་རོབ་པ་དང་བསྡུར་ཚེ་རྒྱ་བོད་གཉིས་ཀྱི་གོམས་གཤིས་ཧ་ཅང་ཉེ་བོ་ཡོད་པ་རེད། ཏཱ་ལའི་བླ་མས་བཞད་མོ་དང་བཅས་གསུངས་དོན། རྒྱ་བོད་གཉིས་གྲོགས་སུ་གྱུར་ཚེ་ཕན་ཚུན་ཁ་གསབ་བྱེད་ཆོག་ལ་བོད་པས་རྒྱ་ནག་ལ་སེམས་ཀྱི་རྒྱགས་ཕྱེ་སྤྲོད་པ་དང༌། རྒྱ་མིས་བོད་པ་ལ་བཟའ་ཆས་སྤྲོད་པ་རེད། ཡིན་ན་ཡང་ཏཱ་ལའི་བླ་མའི་ཐུགས་རེ་མངོན་དུ་འགྱུར་མིན་ད་དུང་ཆུ་ཚོད་དགོས་པ་དང་འགལ་ཟླ་སེལ་ཐབས་ཀྱི་རྣམ་དཔྱོད་མང་པོ་ཞིག་ཀྱང་དགོས་པ་རེད།
ཏཱ་ལའི་བླ་མའི་འཚོ་བར་གོ་རིམ་ལྡན་ལ། ཕྱི་ལོགས་སུ་འཚམས་འདྲིར་མ་ཕེབས་ཚེ། ཉིན་ལྟར་ཞོགས་པའི་ཆུ་ཚོད་གཉིས་བ་དང་གསུམ་པའི་ཐོག་སྐུ་བཞེངས་ཏེ་ཁ་བཏོན་དང་སྒོམ་སྦྱོང་གནང་བ་དང༌། ཞོགས་པའི་གསོལ་ཚིགས་རྗེས་སུ་གཞུང་ཡིག་དང་ཕྱག་དཔེར་གཟིགས་པ་དང༌། ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་གསོལ་ཚིགས་བཞེས་རྗེས་མགྲོན་པོ་སྣེ་ལེན་བྱས། ཏཱ་ལའི་བླ་མས་དགོང་མོར་གསོལ་ཚིགས་མི་བཞེས་པ་དང་ཆུ་ཚོད་བརྒྱད་པ་ཏག་ཏག་ལ་གཟིམ་གྱི་ཡོད་པ་རེད། ཏཱ་ལའི་བླ་མའི་སྐུ་མདུན་གྱི་མིས་བརྗོད་དོན། ཏཱ་ལའི་བླ་མའི་སྐུ་གཟུགས་ཧ་ཅང་བདེ་ཐང་ཡིན་ལ་ཨ་རི་ནས་བརྟག་དཔྱད་གནང་སྐབས་ཨེམ་རྗེ་ཡང་ཡ་མཚར་སྐྱེས་བ་དང་ཁོང་གི་མཆིན་པ་དེ་གཞོན་ནུ་ལོ་༢༤ ཅན་ཞིག་དང་འདྲ་ལ། པིས་རོའོ་རྒྱལ་ཁབ་ཞིག་ནས་རི་འཛེགས་སྐབས་ལོ་ན་༤༠ ཡིན་པའི་གྲོང་ཁྱེར་སྤྱི་ཁྱབ་པ་ཡང་ཁོང་གི་རྗེས་ཟིན་གྱི་མི་འདུག་ཟེར།
ཏཱ་ལའི་བླ་མས་སྤྱིར་བཏང་བརྙན་འཕྲིན་ལ་མི་གཟིགས་པ་དང༌། ནམ་རྒྱུན་རླུང་འཕྲིན་ལ་གསན་གྱི་ཡོད་པ་དང་ལེ་ཚན་བྷི་བྷི་སི་འདེམས་ཀྱི་ཡོད་པས་དབྱིན་ཇིའི་རིག་གཞུང་ལ་དགའ་མོས་ཡོད་པ་རེད། ཕོ་བྲང་ནང་དང་ཡང་ན་ཕྱི་ལོགས་སུ་འཚམས་འདྲི་སྐབས་མགྲོན་ཁང་ནང་དུ་ཏཱ་ལའི་བླ་མས་གློག་གཅིག་ལས་མི་སྤར་བ་དང་ཆུ་སྒོ་ཆེན་པོ་ཡང་མི་ཕྱེས། ཁོང་གིས་ཆུ་བཏུང་སྣོད་ཕོར་བ་དེ་ནི་ ༥༩ ལོར་བོད་ནས་ཁྱེར་ཡོང་བ་ཞིག་རེད། ད་ལྟའི་བར་ཏཱ་ལའི་བླ་མའི་ཕྱག་སྟེང་གི་ཆུ་ཚོད་དེ་ནི་༡༩༥༢ ལོར་རྒྱ་ནག་གི་ཨུ་ཡོན་ཀྲང་གཞོན་པ་ཟུར་བ་ང་ཕོད་དང་མཉམ་དུ་ཉོས་བའི་ལོ་ལིའུ་ཧྲི་རྟགས་ཅན་ཆུ་ཚོད་རེད། ཁོང་གིས་བཞད་མོ་དང་བཅས་ཆུ་ཚོད་དེ་བཟོ་གྲྭའི་ནང་ཐེངས་ཁ་ཤས་བསྐྱལ་ཏེ་བཟོ་བཅོས་བྱས་མྱོང་མོད་ད་དུང་ཡང་འཁོར་གྱི་འདུག་ཅེས་བརྗོད།
ཉེ་ཆར་ཏཱ་ལའི་བླ་མ་ཕྱི་ལོགས་སུ་ཟླ་གཅིག་རིང་འཚམས་འདྲིར་ཕེབས་ཡོད་ལ། ཉི་ཧོང་དང༌། ཨ་རི། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ལྔ་བཅས་ལ་འཚམས་གཟིགས་སུ་ཕེབས། ཀོ་ལོན་པི་ཡ་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོ་གསུམ་གྱི་སློབ་མ་ཚོ་སྲང་ལམ་དུ་ཏཱ་ལའི་བླ་མ་མཇལ་ཏུ་ཡོང་བ་དང༌། ཁོང་གི་གསུང་བཤད་ལ་ཉན་མཁན་མི་གྲངས་ཉིས་ཁྲི་དང་སུམ་ཁྲི་རེ་ཡོད་པ་རེད། ཨོ་སི་ཊོ་རེ་ཡ་རུ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་སྲང་ལམ་དུ་ཕྱིན་ཏེ་ཁོང་ཉིད་ཕེབས་པར་དགའ་བསུ་བྱས། སྐབས་དེར་ཁོང་ཉིད་རླངས་འཁོར་ནང་བཞུགས་ཡོད་ན་ཡང་སྒེའུ་ཁུང་ཕྱེས་ཏེ་མི་དམངས་ལ་གུས་བའི་ཕྱག་གཡུགས་ཀྱི་ཡོད། ལྡི་ལི་གསར་བའི་ནེ་རུ་སློབ་གྲྭ་ཆེན་མོ་རུ་མཛེ་ནད་བྱུང་ཡོད་པའི་བུད་མེད་ཞིག་གིས་ཁོང་ལ་ལག་པ་གཡུགས་པ་དང་ཁོ་མོའི་ལག་པ་ཤིན་ཏུ་བཙོག་ན་ཡང་ཏཱ་ལའི་བླ་མ་རླངས་འཁོར་ལས་མར་བབས་པ་དང༌། བུད་མེད་དེའི་ལག་ཟུང་བཟུང་ནས་ཞལ་ཕུར་གནང་སྟེ་ཁོ་མོ་ལ་བྱིན་རླབས་མཛད། རྒྱ་གར་གྱི་ཧེ་རྡུ་ལ་པ་མགྲོན་ཁང་ནང་བཞུགས་སྐབས་ཏཱ་ལའི་བླ་མས་སྲང་ལམ་དུ་ལྟོ་སློང་མཁན་ཞིག་ཉལ་ཡོད་པ་གཟིགས། ཕྱི་ཉིན་ཡང་སློང་མོ་བ་དེ་གཟིགས་པས་ཏཱ་ལའི་བླ་མ་སྐུ་དངོས་ནས་ཁོ་ལ་སྒོར་བརྒྱ་ཐམ་པ་གནང༌།
ཨ་རི་ཡིས་ཨི་རག་ལ་དམག་བརྒྱབ་པར་སྐྱོན་བརྗོད།
ཨ་རི་ཡིས་ཨི་རག་ལ་དམག་བརྒྱབས་པར་ཏཱ་ལའི་བླ་མས་སྐྱོན་བརྗོད་བྱས་པ་དང༌། ཁ་ཤས་ཀྱིས་དེས་ཨ་རི་དང་འབྲེལ་ལམ་ཡག་པོ་མི་ཡོང་བར་བརྗོད། ཏཱ་ལའི་བླ་མས་དགོངས་པར་འཛམ་གླིང་ཞི་བདེ་སྲུང་སྐྱོབ་བྱེད་རྒྱུ་ནི་མི་སྒེར་བ་ཞིག་ལ་དམིགས་པ་མིན་པར་དྲག་པོ་ལ་དམིགས་པ་ཡིན་ལ། འདི་ནི་ཁོང་གིས་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཁོང་གིས་མི་གཞན་གྱི་དགོངས་འཆར་གསན་གྱི་ཡོད་ན་ཡང་རང་ཉིད་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད། བོད་རང་བཙན་དོར་བའི་དགོངས་ཚུལ་བཏོན་སྐབས་ཡང་མི་ཁ་ཤས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་མི་གནང་བར་གྲོས་མོལ་གྱི་ཆ་རྐྱེན་ཞིག་ཏུ་འཇོག་དགོས་པའི་བསམ་འཆར་བཏོན་མོད་ཏཱ་ལའི་བླ་མས་མོས་མཐུན་གནང་མེད། ཁོང་གིས་འཛུབ་སྟོན་གནང་དོན་ང་ཚོས་བརྗོད་བཞིན་པ་ནི་དྲང་བདེན་ཡིན་པས་གདོང་ལ་གཅིག་དང་རྒྱབ་ལ་གཅིག་བྱེད་དགོས་ཀྱི་ཡོད་པ་མ་རེད་ཅེས་གསུངས།
ལོ་ལྟར་ཏཱ་ལའི་བླ་མས་ཨ་སྒོར་ཁྲི་བརྒྱ་དང་གཉིས་བརྒྱ་ཙམ་བཙན་བྱོལ་བོད་གཞུང་ལ་གནང་གི་ཡོད་པ་དང༌། ཕྱི་ལོ་༡༩༥༩ ནས་༡༩༩༩ ལོའི་བར་ཁོང་ལ་སློབ་དཔོན་ཆེན་མོའི་མཚན་ཐོབ་དང་བྱ་དགའ་ཐེངས་ལྔ་བཅུ་རག་པ་དང༌། ལྗགས་རྩོམ་ལྔ་བཅུ་ལྷག་དཔར་སྐྲུན་བྱས་ཡོད། ཁོང་གིས་དེབ་ཀྱི་བདག་དབང་གི་ཡོང་འབབ་ཚང་མ་སློབ་གསོའི་ལས་དོན་སྟེང་བེད་སྤྱོད་གཏོང་གི་ཡོད་ལ། ཉེ་ཆར་ཁོང་གིས་ཨ་སྒོར་༨༧༧༠༠ ཨོ་སི་ཊོ་རི་ཡའི་ནང་དབུ་བརྙེས་འཆར་ཡོད་པའི་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ལ་ཞལ་འདེབས་གནང་ཡོད། རྒྱལ་ཁབ་སྤར་ཟེལ་ནང་གཞིས་ཆགས་པའི་རྒྱ་མི་ཞིག་གིས་ཏཱ་བླ་མ་ནི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་ན་ཡང་སྤྱིར་བཏང་བ་ཞིག་ཀྱང་རེད་ལ། གུས་བརྩི་བྱེད་འོས་བ་ཞིག་རེད་ཅེས་བརྗོད།
དྲི་བ། ཉེ་ཆར་རྒྱ་ནག་གི་ཆོས་དོན་ལས་ཁུངས་ཀྱི་འགོ་གཙོ་ཡེ་ཞོན་ཝིན་གྱིས་གལ་སྲིད་ཁྱེད་ཀྱིས་བོད་རང་བཙན་དོར་བ་ཡིན་ན་བོད་དུ་ཕེབས་ཆོག་གི་རེད་ཅེས་བརྗོད་ཡོད། དེས་ན་ཡང་བསྐྱར་བོད་རང་བཙན་དོར་བའི་དགོངས་ཚུལ་གསུང་དགོས་ཀྱི་མིན་ནམ།
ལན། ངའི་ལངས་ཕྱོགས་དེ་འཛམ་གླིང་ཡོངས་ཀྱིས་ཤེས་ཀྱི་ཡོད་པ་རེད། ངས་བོད་རང་བཙན་རྩོད་ཀྱི་མེད། ང་ཚོས་དོ་སྣང་བྱེད་ཀྱི་ཡོད་པ་ནི་བོད་ཀྱི་ཆོས་དང་རིག་གཞུང༌། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང༌། སྲོལ་རྒྱུན་དེ་མུ་མཐུད་རྒྱུན་འཛིན་ཐུབ་རྒྱུ་དེ་རེད། འཛིན་སྐྱོང་སྡེ་ཁག་ནང་ཕྱི་ནང་གི་ལས་དོན་ཐད་ཉམས་མྱོང་ཡོད་པའི་བོད་མི་དགོས་ཀྱི་ཡོད་པ་དང༌། ང་ཚོ་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཀྱི་ཡོད། དཔེར་ན་ཕྱི་འབྲེལ་དང༌། རྒྱལ་སྲུང་ལྟ་བུ་ང་ཚོ་ལ་ཉམས་མྱོང་མེད་པས་ཀྲུང་དབྱང་སྲིད་གཞུང་གིས་འགན་ཁུར་པ་ལས་ལྷག་ཞིག་མེད་པ་རེད།
དྲི་བ། ཁྱེད་ཀྱིས་ཡང་བསྐྱར་བོད་རང་བཙན་དོར་བའི་ལྟ་བ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་དམ།
ལན། རེད། འདི་ནི་ངས་དུས་རྒྱུན་དུ་བཤད་གི་ཡོད། ཡིན་ན་ཡང་ངས་མཚམས་རེར་རྩེད་མཚར་གྱིས་ངས་བོད་རང་བཙན་རྩོད་ཀྱི་མེད་བཅས་ཐེངས་བརྒྱ་ཕྲག་ལ་གསུངས་བ་དང༌། མ་ཎྀ་བགྲང་བ་བཞིན་རྟག་པར་བགྲང་གི་ཡོད་མོད་ཁོང་ཚོས་ད་དུང་ང་ལ་ཡིད་ཆེས་བྱེད་ཀྱི་མི་འདུག
དྲི་བ། ཉེ་ཆར་དགའ་ལྡན་དགོན་པར་གྲྭ་བ་ཚོས་རྒྱལ་ཆེན་ཤུགས་ལྡན་གྱི་འབག་སྐུ་གཏོར་བཤིག་བཏང་བ་དེ་ཏཱ་ལའི་བླ་མས་ངན་སྐུལ་བྱས་པ་རེད་ཅེས་བརྗོད་ཀྱི་ཡོད་པས་དེ་ལ་གཟིགས་ཚུལ་ཅི་འདྲ་ཡོད་དམ།
ལན། དོན་དེར་ཁྱེད་ཚོ་རང་ཉིད་ཀྱིས་ཞིབ་འཇུག་བྱེད་ན་ཡག་ཤོས་རེད། རྒྱལ་ཆེན་ཤུགས་ལྡན་གྱི་གནད་དོན་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐབས་ནས་ཡོད་པ་ཞིག་རེད། སྤྱིར་བཏང་རྒྱལ་ཆེན་ཤུགས་ལྡན་གྱི་ཡོངས་ཁུངས་ནི་གདོན་ཞིག་ཡིན་ལ། གྲུབ་མཐའ་མི་འདྲ་བའི་བླ་ཆེན་མང་པོ་ཞིག་གིས་ཀྱང་སྲུང་མ་འདི་ལ་བསྟེན་གསོལ་བྱ་རྒྱུ་དམ་དྲག་མཛད་ཡོད་ལ་རྒྱལ་ཆེན་ཤུགས་ལྡན་ཚོགས་པ་རང་ངོས་ནས་ཀྱང་དེ་ལྟར་བརྗོད་ཀྱི་ཡོད། ལོ་ངོ་༣༦༠ རིང་གནད་དོན་འདི་མུ་མཐུད་དུ་གནས་ཡོད་པ་རེད། སྔོན་མ་ང་རང་གིས་བསྟེན་མྱོང་བ་དང་རྗེས་སུ་ག་ལེར་བདེན་པའི་གནས་ཚུལ་ཤེས་རྟོགས་བྱུང༌། ༡༩༧༥ ལོར་གནད་དོན་འདིའི་གནོད་ཚབས་རང་བཞིན་མཐོང་བས་མི་དམངས་ལ་བསྟེན་གསོལ་བྱེད་མི་ཉན་པའི་དྲན་སྐུལ་བྱས་པ་ཡིན། ད་ལྟ་སྤྱིར་བཏང་རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་དང་མཆོད་བཀུར་བྱེད་མཁན་ཤིན་ཏུ་ཉུང༌། ངས་གསལ་བཤད་བྱས་རྗེས་བསྟེན་གསོལ་བྱེད་མཁན་མང་ཤོས་ཀྱིས་མཚམས་བཞག་པ་དང༌། རྒྱ་གར་ཏུ་མང་ཤོས་ཀྱིས་བསྟེན་མཚམས་བཞག་པ་དང་ཉུས་ཤས་ཤིག་ག་ལེར་བོད་ནང་དུ་ཡང་ཁྱབ་ཡོད་པ་རེད། དགའ་ལྡན་དགོན་པར་དོན་རྐྱེན་བྱུང་བ་དེ་ཅི་ཞིག་ཡིན་པ་ངས་རྩ་བ་ནས་ཤེས་མ་སོང༌། མི་ཕལ་ཆེ་བས་ནང་ཆོས་གླེང་སྐབས་ཆོས་དཔེ་ཀློག་པ་དང་ལྷ་ལ་ཕྱག་འཚལ་བ་སོགས་ཆོས་ལུགས་ཀྱི་ཆོ་ག་ཙམ་ལ་ངོས་འཛིན་བྱས། རྒྱ་ནག་གི་ནང་བསྟན་ཆོས་ལུགས་ཡིན་ན་ཡང་འདྲ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སོག་པོ་ཚང་མས་ཆོས་ལུགས་བྱེད་སྒོ་དང་ཆོ་ག་སོགས་གལ་ཆེར་འཛིན་པ་རེད། ངའི་བསམ་པར་འདི་ནི་ནོར་འཁྲུལ་རེད། བོད་བརྒྱུད་ནང་བསྟན་གྱི་འབྱུང་ཁུངས་ནི་ན་ལེན་ཊ་དགོན་པའི་སྲོལ་རྒྱུན་ཡིན་ལ། སྲོལ་རྒྱུན་འདི་ལྟ་བུ་རྒྱུན་འཛིན་བྱེད་དགོས་བ་ལས་བར་ཏུ་བཅུག་པའི་ཆོ་ག་ལ་དོ་སྣང་བྱེད་དེ་མགོ་འཐོམ་མི་རུང་བ་རེད། སྲོལ་རྒྱུན་ལྟར་ན་ལྷ་འདྲེ་ལ་མཆོད་བཀུར་བྱེད་པ་ནི་ནོར་འཁྲུལ་ཡིན་ལ། ཁྱེད་ཀྱིས་གདོན་འདྲེ་ལ་བསྟེན་པ་ནི་དེ་ལས་ཀྱང་ནོར་འཁྲུལ་རེད། འདི་ཚང་མ་ཆོས་ལུགས་གཙང་སེལ་གྱི་གནད་དོན་རེད།
དྲི་བ། ཁྱེད་ཀྱིས་བརྗོད་བཞིན་པ་ནི་ཆོས་ལུགས་དང་རིག་གཞུང་གི་གནད་དོན་ཡིན་ནམ།
ལན། རེད། དེ་གུང་ཁྲན་ཏང་གིས་ཆབ་སྲིད་དུ་བསྒྱུར་བ་རེད། གུང་ཁྲན་ཏང་ནི་ལྷ་མེད་སྨྲ་བ་རེད། ཡིན་ན་ཡང་ངས་རྒྱལ་ཆེན་ཤུགས་ལྡན་ལ་ངོ་རྒོལ་བྱེད་ཀྱི་ཡོད་ལ། གུང་ཁྲན་ཏང་གིས་དེ་གལ་ཆེན་དུ་རྩིས་བ་རེད།
དྲི་བ། ཉེ་ཆར་ཁྱེད་ཀྱིས་རི་དྭགས་ཀྱི་པགས་པ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་གནང་བ་དེས་བོད་ནང་ལས་འགུལ་སྤེལ་བའི་རྩ་བའི་རྒྱུ་རྐྱེན་ཅི་ཞིག་ཡིན་ནམ།
ལན། ང་ཚོས་བོད་ནང་དཔར་སྐྲུན་བྱས་པའི་པར་དང༌། བརྙན་འཕྲིན་སོགས་ལས་མཐོང་ཐུབ་པ་ནི་བོད་མི་མང་པོ་ཞིག་གིས་སྟག་གཟིག་སོགས་རི་དྭགས་ཀྱི་པགས་པས་བཟོས་པའི་གྱོན་ཆས་གོན་ཡོད་པ་རེད། ང་ནི་བོད་པ་ཞིག་རེད། ང་རང་བོད་ནས་ལོ་ངོ་༢༥ རིང་བསྡད་པ་རེད། གནས་སྟངས་དེ་ལྟ་བུ་ཞིག་གཟིགས་མྱོང་མེད། སྔོན་མ་ཡོད་ན་ཡང་ཚད་ཆུང་ཆུང་རེད། རྒྱ་གར་ནང་ལ་དྭགས་སོགས་ནས་བོད་པའི་མིང་ཐོག་ནས་ཚོང་རྒྱག་གི་ཡོད་པས་ཁོར་ཡུག་གཏོར་བརླག་གཏོང་བའི་མིང་དེ་བོད་པ་ཚོའི་མགོར་ལྷུང་བ་རེད། སྔོན་ཆད་ངས་རྟག་པར་འཚོལ་སྙེགས་དེ་ནི་དོན་སྙིང་མེད་པ་ཞིག་རེད། དེ་ལས་བོད་པ་ཚོས་ཤེས་ཡོན་སྦྱོང་དགོས་པ་རེད་བཅས་གསུང་གི་ཡོད། རི་དྭགས་ཀྱི་པགས་པའི་གྱོན་གོས་དེས་ང་རང་ངོ་ཚ་དགོས་པ་ཞིག་ཆགས། ཕལ་ཆེར་བོད་པ་ཉུང་ཤས་ཀྱིས་དེ་ལྟར་བྱེད་ཀྱི་ཡོད་མོད་ཡིན་ན་ཡང་དེས་བོད་པ་ཚང་མའི་མཚན་ལ་གནོད་སྐྱེལ་བ་རེད། སྐད་ཆ་འདི་དག་ངས་རྟག་པར་གསུང་གི་ཡོད་མོད་ད་ཐེངས་མང་ཚོགས་ལ་འགྱུར་བ་ཐེབས་སོང་བ་དང་མང་ཆེ་ཤོས་ཤིག་བོད་ནས་ཕེབས་མཁན་རེད།
དྲི་བ། དེ་ནི་རི་དྭགས་སྲུང་སྐྱོབ་ཀྱི་ཆེད་དུ་རེད་དམ།
ལན། རེད། སྔོན་ཆད་བོད་པ་ཚོས་ཤ་ཟ་ཡི་ཡོད་ལ། འབྲོག་པའི་ཁ་ཟས་ནི་ཤ་རིགས་རེད། ཡིན་ན་ཡང༌། ཤ་རིགས་དེ་ཚོང་རྫས་སུ་བེད་སྤྱད་དེ་བརྗེ་བོ་བརྒྱབས་པ་དང་ཚོང་རྒྱག་མཁན་ནི་ཤིན་ཏུ་ཉུང༌། སྔོན་མ་བཙན་བྱོལ་བོད་མི་ཚོ་ལ་བྱ་གསོ་ཁང་དང་ཕག་གསོ་ཁང་སོགས་ཡོད། ང་ཚོ་ནི་ནང་པ་ཞིག་ཡིན་པས་ཚེ་སྲོག་གཅོད་པའི་ལས་བྱེད་མི་རུང་པ་ངས་ནན་བརྗོད་བྱེད་ཀྱི་ཡོད་ལ་རྗེས་སུ་བྱ་གསོ་ཁང་སྒོ་བརྒྱབས་པ་རེད། ཡིན་ན་ཡང་བོད་ནང་ནས་དེ་ཚོ་འགོ་བཙུགས་པ་དང་ཤ་ཚོང་རྒྱག་པའི་མགོ་བརྩམས་པ་རེད། ཁམས་དང་མགོ་ལོག་ཁུལ་སོགས་སུ་བཤས་ར་བཙུགས་པ་རེད། ངའི་བསམ་པར་གང་ཐུབ་ཀྱིས་སྲོག་ཉུང་ཙམ་གཅོད་པ་དང་ཤ་ཉུང་ཙམ་མཆོད་དགོས་པ་རེད། ༡༩༥༦ ལོར་ངས་ཤ་བཅད་པ་ཡིན། ལོ་གཉིས་ཀྱི་རྗེས་སུ་ངའི་མཁལ་མ་ལ་སྐྱོན་བྱུང་བ་དང་སྨན་པས་ཤ་ཟ་དགོས་པའི་དགོངས་འཆར་བཏོན་པ་རེད། དེ་ནས་ངས་ཤ་ཉུང་ཙམ་ལས་ཟ་གི་མེད། ད་ལྟ་རྒྱ་གར་གྱི་དགོན་པ་ཕལ་ཆེ་བ་དང་གྲྭ་བཙུན་སྟོང་ཕྲག་འགའ་རེ་ཡོད་པའི་དགོན་པའི་ནང་དུ་ཡང་ཤ་མཁོ་སྤྲོད་བྱེད་ཀྱི་མེད། སྤྱིར་བཏང་ཤ་ཟ་བ་དང་སྲོག་གཅོད་པ་ཚང་མར་ངས་ངོ་རྒོལ་བྱེད་ཀྱི་ཡོད་ལ། རི་དྭགས་ཀྱི་པགས་པ་དེ་རྒྱན་ཆ་བྱེད་ཆེད་སྲོག་གཅོད་པ་ནི་རྩ་བ་ནས་མི་འགྲིག་པ་ཞིག་རེད། ཕྱི་རྒྱལ་བ་ཚོ་ལ་ཡང་ངས་དེ་ལྟར་བཤད་གི་ཡོད་ལ་ཁ་ཤས་ཀྱིས་རིན་གོང་ཆེན་པོ་ཅན་གྱི་པགས་པའི་གོས་རིང་པོ་གྱོན་ཏེ་ང་ལ་ཐུག་འཕྲད་དུ་ཡོང་གི་ཡོད་པ་དང་ངས་ཁོ་ཚོ་ལ་གྱོན་མི་རུང་བ་ཞུ་སྐུལ་བྱེད་ཀྱི་ཡོད།