གསུམ་པའི་ཚེས་ ༡༤ ཉིན་ནས་བཟུང་འབྲས་སྤུངས་དགོན་པ་སྒོ་བརྒྱབས་ཡོད་ནའང་། ད་ཆར་དགོན་པ་འདི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ལ་ཡང་བསྐྱར་སྒོ་ཕྱེ་ཡོད་ཅེས་ཕྱི་ཚེས་ ༢༨ ཉིན་འབྲེལ་ཡོད་མི་སྣས་བརྗོད་ཡོད་པ་རེད།
གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཚེས་ ༢༦ སྟེ། ཨོ་ལིམ་པིག་མཇུག་སྒྲིལ་རྗེས་ཀྱི་ཉིན་གཉིས་པ་ནས་བཟུང་འབྲས་སྤུངས་དགོན་པ་ཡང་བསྐྱར་ཕྱི་ཕྱོགས་ནས་ཡོང་བའི་གནས་མཇལ་བ་དང་ཡུལ་སྐོར་བ་རྣམས་ལ་སྒོ་ཕྱེ་ཡོད་འདུག་ལ། ཕྱི་ཚེས་ ༣༠ ཉིན་བོད་ཀྱི་ཞོ་སྟོན་དུས་ཆེན་འབྲས་སྤུངས་དགོན་པའི་ནང་མགོ་འཛུགས་རྒྱུ་ཡིན་འདུག ཉིན་འདི་དག་གི་རིང་འབྲས་སྤུངས་དགོན་པའི་འདུ་ཁང་དང་ལྷ་ཁང་སོགས་ཡོངས་སུ་སྒོ་ཕྱེ་ཡོད་ཚུལ་འདུག
ཕྱི་ཚེས་ ༢༥ བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་མི་སྣས་ཡུལ་སྐོར་སྤྲོ་འཆམ་བསུ་ཐབས་སོགས་ལ་དམིགས་པའི་བགྲོ་གླེང་ཞིག་འཚོགས་རྒྱུ་ཡིན་ཚུལ་བརྗོད་འདུག་ལ། གསུམ་པའི་ཚེས་ ༡༤ ཉིན་གྱི་ངོ་རྒོལ་ནས་བཟུང་ཡུལ་སྐོར་སྤྲོ་འཆམ་པ་འགྲུལ་མཚམས་ཀྱང་ཆད་ཡོད་པ་རེད།
བོད་མི་རྣམས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཨོ་ལིམ་པིག་མཇུག་སྒྲིལ་རྗེས་བོད་ནང་སྔར་ནས་ལྷག་པའི་དམ་དྲག་དང་། ཐ་ན་རིག་གནས་གསར་བརྗེ་གཉིས་པ་ཞིག་ཡོང་བར་དངངས་སྐྲག་བྱེད་ཀྱིན་ཡོད་པ་རེད། ཉིན་ཤས་རིང་གི་འབྲས་སྤུངས་དགོན་པའི་གནས་སྟངས་དེ་ནི་རྒྱ་ནག་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ཇེ་ཡངས་སུ་ཕྱིན་པ་མིན་ནའང་བོད་མི་ཚོའི་ཚོད་དཔག་གི་ལྡོག་ཕྱོགས་ལྟ་བུར་གྱུར་ཡོད།
༧གོང་ས་མཆོག་གིས་ཀྱང་ཉེ་ལམ་ནས་བཟུང་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་རྗེས་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་དྲག་དང་བཙན་གནོན་བྱེད་ངེས་པའི་དགོངས་ཚུལ་བཏོན་ཡོད་པ་རེད།
འབྲས་སྤུངས་དགོན་པའི་དགེ་འདུན་པ་ཕལ་ཆེ་བ་འཇུས་ཏེ་ད་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཤེས་གསལ་ལ་ཁོང་ཚོའི་མང་བོ་ཞིག་གོར་མོའི་བཙོན་ཁང་ཞིག་ཏུ་བཀག་ཡོད་པ་དང་། ཨོ་ལིམ་པིག་རྗེས་ནས་མ་གཏོགས་གློད་ཀྱི་མིན་ཚུལ་བརྗོད་ཡོད་པ་རེད། དེ་བཞིན་ཨོ་ལིམ་པིག་རྗེས་ནས་གློད་རྗེས་ཀྱང་མདོ་ཁམས་ཕྱོགས་ཀྱི་དགེ་འདུན་པ་རྣམས་ནི་ཕྱིར་དབུས་ཀྱི་གདན་ས་ཁག་ལ་ཡོང་འཇུག་རྒྱུ་མིན་ཚུལ་འདུག་ལ། དེའི་རྒྱུ་མཚན་ནི་ལྷ་སའི་ཡར་ལངས་སྐབས་ངོ་རྒོལ་ནང་ཞུགས་མཁན་གཙོ་བོ་དང་མང་ཤོས་མདོ་ཁམས་ཕྱོགས་ཀྱི་དགེ་འདུན་པ་རྣམས་ཡིན་པའི་རྐྱེན་གྱིས་ཡིན་འདུག