བདུན་ཕྲག་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་སུ་བརྒྱབས་པའི་ས་ཡོམ་གྱིས་མི་གྲངས་ ༦༠༠༠༠ གི་འཚོ་བར་ཚབས་ཆེའི་ཤུགས་རྐྱེན་ཐེབས་འདུག་ཅེས་རྒྱ་ནག་གི་གསར་ལམ་ཁག་ནས་བརྗོད་ཡོད་པ་རེད།
ཕྱི་ཟླ་ ༡༠ པའི་ཚེས་ ༦ ཉིན་གྱི་ཆུ་ཚོད་ ༡༦ དང་སྐར་མ་ ༣༠ སྟེང་འདམ་གཞུང་རྫོང་དུ་ཚད་རིམ ༦.༦ ཅན་གྱི་ས་ཡོམ་བརྒྱབས་ཡོད་པ་རེད། ས་ཡོམ་འགུལ་ཤུགས་ཀྱི་ལྟེ་བ་དེ་ལྷ་ས་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་ ༨༢ ཀྱི་སར་ཡོད་པའི་འདམ་གཞུང་རྫོང་རྒྱལ་དར་ཞང་ཡ་ཝེན་གྲོང་ཚོ་ཡིན་ལ། སྡེ་བ་འདིར་ཁྱོན་བསྡོམས་མི་གྲངས་ ༨༩༩ ཡོད་ལ། ཐེངས་འདིས་ས་ཡོམ་གནོད་འཚེ་ཁྲོད་མི་ ༣༠ རྐྱེན་འདས་སུ་གྱུར་ཡོད་འདུག
རེས་གཟའ་མིག་དམར་ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཐུགས་སྨོན་དང་སེམས་གསོའི་གསུང་འཕྲིན་བསྩལ་ཏེ། ས་ཡོམ་གོད་ཆགས་ཀྱི་རྐྱེན་པས་འཆི་རྐྱེན་བྱུང་བ་དང་རྒྱུ་དངོས་གྱོང་གུད་ཐེབས་པར་ངོས་རང་ཧ་ཅང་བློ་ཕམ་བྱུང༌། ང་ཚོས་རྐྱེན་ངན་དེའི་ནང་འཆི་སྐྱོན་བྱུང་བ་རྣམས་ལ་གསོལ་བ་སྨོན་ལམ་རྒྱག་རྒྱུ་དང་རྗེས་ཤུལ་གྱི་ནང་མི་ཚོ་དང་གོད་ཆག་ཕོག་ཡུལ་རྣམས་ལ་སེམས་གསོའི་འཚམས་འཕྲིན་ཡོད་ཅེས་དང༌། དེ་མིན་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གནོད་འཚེ་ཕོག་པའི་ས་ཁུལ་ཁག་ལ་རྒུད་སྐྱོབས་ཀྱི་མཐུན་འགྱུར་ཞུ་རྒྱུའི་ཐབས་ལམ་འཚོལ་བཞིན་ཡོད་ཅེས་གསུངས་འཕྲིན་བསྩལ་འདུག
ཕྱི་ཚེས་ ༧ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཕུའུ་ཀོང་གིས་བརྗོད་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་གནོད་སྐྱོན་ཐེབས་ཚད་ཚབས་ཆེ་ཤོས་ནི་འདམ་གཞུང་རྫོང་རྒྱལ་དར་ཞང་ཡ་ཝེན་གྲོང་ཚོ་དང༌། སྙེ་མོ་རྫོང་གཞུ་ཞང་གཉིས་ཡིན་པ་དང༌། རྒྱལ་དར་ཞང་ཡ་ཝེན་གྲོང་ཚོར་མི་ ༩ རྐྱེན་འདས་སུ་གྱུར་ཡོད་པ་དང༌། དེ་མིན་རྨས་སྐྱོན་བྱུང་ཡོད་པའི་མི་ ༡༩ ལས་མི་ ༡༡ ལ་སྲོག་ཉེན་ཚབས་ཆེན་ཐེབས་ཡོད་ལ། ཁང་ཁྱིམ་ ༡༧༡ རྡིབ་བཤིག་ཏུ་གྱུར་ཡོད་པ་དང༌། སྙེ་མོ་རྫོང་གཞུ་ཞང་དུ་ཁང་ཁྱིམ་ ༢༠ རྡིབ་བཤིག་ཏུ་གྱུར་ཡོད་པ་དང༌། ཁང་ཁྱིམ་ ༡༠༠ ལྷག་ལ་གནོད་སྐྱོན་བྱུང་ཡོད་ནའང་མི་ཤི་མེད་ལུགས་བརྗོད་ཡོད།
ཡིན་ནའང་གསར་ལམ་ཁག་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་དར་ཞང་དུ་ཉེ་ཆར་མི་ ༣༠ ལྷག་རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད། མི་མང་པོ་ད་དུང་རྡིབ་བཤིག་ཏུ་གྱུར་བའི་ཁང་པའི་འོག་ཏུ་མནན་ཏེ་ལུས་ཡོད་པ་དང༌། ས་ཁུལ་དེར་བརྡ་འཕྲིན་དང་འགྲིམ་འགྲུལ་གྱི་ལམ་ཁ་ཆད་ཡོད་པར་བརྗོད་ཡོད། གཞན་ཡང་ལྷོ་ཁ་གླིང་རྩེ་རྫོང་སློབ་འབྲིང་དུ་སློབ་མ་ ༡ རྐྱེན་འདས་སུ་གྱུར་ཡོད་པ་དང༌། སློབ་མ་ ༡༥ ལ་རྨས་སྐྱོན་ཕོག་ཡོད་འདུག སྟོད་ལུང་བདེ་ཆེན་རྫོང་དུ་ཁང་ཁྱིམ་ ༢ རྡིབ་བཤིག་ཏུ་གྱུར་ཡོད་པ་དང༌། ཁང་མིག་ ༡༨༥༤ ལྷག་ལ་གནོད་སྐྱོན་ཐེབས་ཡོད། དེ་མིན་སློབ་གྲྭ་འགའ་ཡང་གནོད་སྐྱོན་བྱུང་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།
ཕྱི་ཚེས་ ༡༡ ཉིན་ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བ་ལྟར་ན། ས་ཡོམ་དེས་རང་སྐྱོང་ལྗོངས་ཀྱི་མི་གྲངས་ ༦༠༠༠༠ འཚོ་བར་ཤུགས་རྐྱེན་ཐེབས་ཡོད་འདུག