རྒྱ་ནག་གིས་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་སློབ་གསོ་གཅིག་གྱུར་ལ་ཁ་གཡར་ཏེ། གཞི་རིམ་སློབ་ཆུང་མང་པོ་ཞིག་ཏུ་རྒྱ་ཡིག་མཁོ་ནའི་ཁྲིད་གཞི་ལག་བསྟར་བྱ་འཆར་ཡོད་པ་དང༌། གྲོང་གསེབ་ཁག་གི་སློབ་ཆུང་མང་པོ་ཞིག་སྒོ་རྒྱག་བཞིན་ཡོད་འདུག་ཟེར།
བོད་ནས་ཁ་པར་བརྒྱུད་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། སྤྱི་ཟླ་ ༡༠ པའི་ཟླ་མགོ་ནས་བཟུང༌། རྒྱ་གཞུང་གིས་བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས། བ་ཡན་རྫོང་དང་ཡ་རྫི་རྫོང༌། གཅན་ཚ་རྫོང་སོགས་སུ་སློབ་གསོ་བསྒྱུར་བཅོས་དང༌། སློབ་གསོ་གཅིག་གྱུར། སློབ་གསོ་ལེགས་བཅོས་བཅས་ལ་ཁ་གཡར་ཏེ། སློབ་ཚན་ཡོངས་རྒྱ་ཡིག་ཏུ་སྒྱུར་བཞིན་ཡོད་པ་དང༌། བྱིས་པ་རྣམས་ངེས་པར་དུ་ས་ཁུལ་སོ་སོའི་ཞིང་གི་ལྟེ་བའི་སློབ་གྲྭར་ཡོང་དགོས་ཚུལ་བརྗོད་དེ། གྲོང་སྡེ་དང་གྲོང་གསེབ་ཁག་གི་སློབ་ཆུང་མང་པོ་ཞིག་སྒོ་རྒྱག་ཏུ་བཅུག་ཡོད་འདུག
རྒྱ་གཞུང་གི་འབྲེལ་ཡོད་ཚན་པས་སློབ་ཆུང་ཁག་གི་ལོ་རིམ་དང་པོ་ནས་ལྔ་པའི་བར་གྱི་སློབ་མ་རྣམས་ཞང་གི་ལྟེ་བའི་སློབ་གྲྭར་བསྐྱལ་དགོས་ཚུལ་གྱི་བཀའ་ཁྱབ་བཏང་ཡོད་སྟབས། སློབ་ཕྲུག་གི་ཁྱིམ་བདག་ཚོར་བྱིས་པ་ཕར་བསྐྱལ་ཚུར་ལེན་ཐད་དཀའ་ངལ་ཆེན་པོ་འཕྲད་དེ། ཁྱིམ་བདག་མང་པོ་ཞིག་གིས་སློབ་ཕྲུག་སློབ་གྲྭ་ནས་ཕྱིར་འཐེན་བྱེད་ཀྱིན་ཡོད་པ་དང༌། འཚོ་བའི་མཐུན་རྐྱེན་ཅུང་བཟང་བའི་ཁྱིམ་ཚང་དག་གིས་དགེ་རྒན་ཚུར་སྐད་བཏང་སྟེ། བྱིས་པར་སློབ་གསོ་སྤྲོད་ཀྱིན་ཡོད་ཀྱང༌། ཆ་རྐྱེན་སྐྱོ་བའི་ཁྱིམ་ཚང་དག་གི་བྱིས་པའི་སློབ་སྦྱོང་གི་སྐལ་བ་ཆད་དེ་ཁྱིམ་དུ་ལྷག་ཡོད་འདུག དེ་བཞིན། ཀན་ལྷོ་རྨ་ཆུ་ས་ཁུལ་ཏུའང་ཉེ་སྔོན་སྒྲིག་གཞི་དེ་ལག་བསྟར་བྱས་ཏེ། སློབ་ཆུང་ཁག་གི་སློབ་ཚན་ཡོངས་རྒྱ་ཡིག་ཏུ་བཅོས་སྒྱུར་བྱས་ཡོད་འདུག གནས་སྟངས་འདིའི་ཐད་བོད་ནང་གི་བོད་མི་མང་པོ་ཞིག་ལ། དངས་སྐྲག་དང་བློ་འཚབ་ཆེན་པོ་ཡོང་བཞིན་ཡོད་ཚུལ་སོགས་བརྗོད་སོང༌།
དྲ་གྲོགས་གསར་འགོད་པ་དོན་གོ་ལགས། ཁྱེད་རང་གིས་ངེད་དྲ་གྲོགས་གཉིས་ལ་གསལ་བཤད་གནང་བ་ཐུགས་རྗེ་ཆེ། རྗེས་སུ་ཡང་གནས་ཚུལ་འདི་ལྟར་ཚབས་ཆེ་བའི་རིགས་སྤེལ་སྐབས་ཁུངས་ལྡན་ཡོད་པ་ཞིག་སྤེལ་ཐབས་སུ་འབད་རོགས་ཞུ།
དྲ་གྲོགས་རྣམ་པ་གཉིས་ལགས།
ཉེ་ཆར་བོད་ནང་མི་རིགས་སློབ་གསོའི་ལས་དོན་ལ་འབད་བཞིན་པའི་གྲོགས་པོ་ཞིག་གིས་ང་ལ་འདིས་སྐོར་གྱི་གནས་ཚུལ་ཞིག་བརྗོད་བྱུང་བས་འདི་ལྟར་དྲ་ལམ་ཏུ་ཁྱེད་རྣམས་པའི་གཟིགས་མོར་ཕུལ་བ་ཡིན། ཡིན་ཡང༌། ད་ལྟའི་ཆར་ཡང་གནས་ཚུལ་འདིའི་སྐོར་ལ་རྒྱུས་ལོན་ཟབ་མོ་བྱས་དང་བྱེད་བཞིན་ཡོད་ལ། ཁས་ཉིན་གྲོགས་པོ་ཞིག་གིས་དྲ་ལམ་ནས་རྒྱ་ནག་གནད་ཡོད་མི་སྣ་ཞིག་གིས་བསྒྲགས་གཏམ་གྱི་ཡིག་ཆ། སློབ་གསོ་གཅིག་གྱུར་ཅན་དང༌། སློབ་གྲྭ་གཅིག་བསྡུས་དང་འབྲེལ་བའི་ཡིག་ཆ་ཞིག་ང་ལ་རག་སོང༌། དེ་མིན་དཀའ་ངལ་འདི་ལ་རོགས་སྐྱོར་བྱེད་བཞིན་པའི་མི་སྣ་དང་འབྲེལ་བ་བྱུང་ཡོད་པས། གནས་ཚུལ་བདེན་མིན་གྱི་ཐད་ལ་ཁྱེད་རྣམ་གཉིས་དོགས་པ་སྐྱེས་མི་དགོས་ཅེས་བཤད་འདོད་བྱུང༌། ང་རང་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་ངས་ད་དུང་གནས་ཚུལ་འདི་གསལ་བོར་ཡོང་ཐབས་ལ་འབད་བརྩོན་བྱེད་དང་བྱེད་བཞིན་ཡོད།
གསར་འགོད་པ་དོན་གོ་ནས།
དྲ་གྲོགས་གནས་ཚང་ལགས། ཐུགས་རྗེ་ཆེ་ཞུ། གང་ཐུབ་ཅི་ཐུབ་རེ་གནོང་དང་ངས་ཀྱང་དེའི་བསྐོར་གསལ་བོ་ཞིག་ཨེ་གོ་བལྟས་ཆོག
མཚོ་སྔོན་ནང་གཞི་རིམ་སློབ་ཆུང་ཁག་རྫོང་རིམ་པར་གཅིག་སྡུད་བྱེད་ཀྱིན་པ་བདེན་པ་རེད། ཡིན་ནའང་། བོད་ཡིག་ལས་ཁྲིད་གཞི་གཞན་ཁག་སྔོན་མ་ནང་བཞིན་རྒྱ་ཡིག་མ་རེད་ཅེས་ལབ་མཁན་འདུག་ལ། དེའང་ཁག་གཉིས་སུ་དབྱེ་ཡོད་ཚོད་རེད། མི་རིགས་སློབ་གྲར་རྒྱ་ཡིག་ལས་ཁྲིད་གཞི་གཞན་ཁག་བོད་ཡིག་དང་རྒྱ་ཡིག་གམ་སྤྱིར་བཏང་སློབ་གྲར་རྒྱ་ཡིག་སོར་གནས་རེད་ཟེར། གང་ལྟར་གསར་གནས་འདིར་བསྐྱར་ཞིབ་བྱ་རྒྱུ་གལ་ཆེན་ཆགས་འདུག གུས་པའི་གནས་ཚུལ་འབྱུང་ཁུངས་ངག་བརྒྱུད་གོ་ཐོས་ཡིན།
དྲ་གནས་འདིས་འགན་ལེན་པ་དུས་བབ་ཚང་ལགས། གནས་ཚུལ་འདིས་འབྱུང་ཁུངས་གསལ་བོ་ཡིན་ནམ། དེར་ལན་གསལ་བོ་ཞིག་གནང་རོགས་ཞུ། འདི་ནི་གནད་དོན་ཆུང་ཆུང་ཞིག་གཏན་ནས་ཆགས་མེད།