རྒྱ་ནག་གཞུང་དང་ས་གནས་ཉེན་རྟོག་པས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་ སོགས་རང་སྣང་གང་དྲན་གྱིས་མི་དམངས་ལ་དབང་ཡོད་ཀྱིས་བརྙས་བཅོས་བྱས་དྲག་པར་འུ་ ཐུག་ནས་འབར་རྫས་གཏོར་བ་རེད་ཟེར།
འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ༢༠༠༨ ལོའི་ཕྱི་ཟླ་ ༩ ཚེས་ ༨ ཉིན་སྨར་ཁམས་རྫོང་གི་གཟུགས་མཐོང་བརྙན་འཕྲིན་གྱི་ལས་ཁུངས་ལྟེ་བ་རུ་འབར་རྫས་བཞག་སྟེ་གཏོར་སྐྱོན་བྱུང་བ་དང་། རང་ལོ་ ༡༩ ཡིན་པའི་ཕོ་གསར་ངག་དབང་བསྟན་འཛིན་དང་། འོད་ཟེར་དགོན་གྱི་རང་ལོ་ ༡༩ ཡིན་པའི་གྲྭ་བསྟན་འཛིན་ནོར་བུ་དང་རང་ལོ་ ༡༩ ཡིན་པ་བསྟན་འཛིན་རིན་ཆེན་གསུམ་གར་སོང་ཆ་མེད་དུ་སོང་ཡོད་སྟབས། སྨར་ཁམས་རྫོང་གི་ཉེན་རྟོག་པས་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲུལ་ཆས་ཨ་མར་འབར་རྫས་བཞག་མཁན་ནི་ཁོང་གསུམ་ཡིན་པར་དོགས་པ་བྱས་ནས། ཕྱི་ཟླ་ ༡༠ པའི་ཚེས་ ༢༤ དང་ ༢༥། ༢༦ ཉིན་གསུམ་རིང་ཁོང་གསུམ་གྱི་ཕ་རྒན་བདེ་ཆེན་རྡོ་རྗེ་དང་། ངག་དབང་ཚུལ་ཁྲིམས། རིན་ཆེན་བསམ་བརྟན་གསུམ་རིམ་བཞིན་སྨརཁམས་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་། ཁོང་གསུམ་བཙོན་ཁང་དུ་བཅུག་ནས་ཉེས་རྡུང་བཏང་ཡོད་ཚུལ་འདུག
འདི་ནི་རྒྱ་ནག་གཞུང་དང་ས་གནས་ཉེན་རྟོག་པས་ཁྲིམས་ལུགས་རྡོག་རོལ་གྱིས་མི་མང་ལ་བརྙས་བཅོས་བྱས་པ་རང་རེད་ཅེས་གནས་ཚུལ་མཁོ་འདོན་པས་འགྲེལ་བརྗོད་བྱས་ཡོད། གནས་ཚུལ་ལྟར་ན། ཁོང་གསུམ་ཉིན་ ༡༥ རིང་བཙོན་དུ་བཅུག་རྗེས། ཁོང་གསུམ་གྱི་བུ་རྣམས་ཀྱིས་ཐོས་ཏེ་སེམས་ཀྱིས་མ་བཟོད་པར་ཡོང་སྐབས། རིན་ཆེན་བསམ་བརྟན་གྱི་བུ་བསྟན་འཛིན་རིན་ཆེན་གྱི་རྐང་བར་མེ་མདའ་བརྒྱབས་ནས་འཇུས་ཡོད་པ་རེད། ཉིན་ཤས་རྗེས་ཁོང་གི་ཕ་རྒན་གློད་ཡོད་འདུག ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ཕ་བདེ་ཆེན་རྡོ་རྗེའི་བུ་ངག་དབང་བསྟན་འཛིན་དང་། ཕ་ངག་དབང་ཚུལ་ཁྲིམས་ཀྱི་བུ་བསྟན་འཛིན་ནོར་བུ་གཉིས་ཀྱིས་ཆབ་མདོ་ཉེན་རྟོག་པར་ནག་ཉེས་ངོས་ལེན་གྱིས་མགོ་འདོགས་ཞུས་ཡོད་ཀྱང་། ཁོང་གཉིས་ཀྱི་ཕ་རྒན་གཉིས་ཕྱི་ཟླ་ ༡༡ པའི་ཚེས་ ༩ བར་གློད་མི་འདུག
གནས་ཚུལ་མཁོ་འདོན་པས་བརྗོད་དོན། ད་བར་སྨར་ཁམས་རྫོང་ཐོག་ཏུ་ཞི་བའི་འབར་རྫས་གས་གཏོར་ཐེངས་དགུ་ཙམ་བྱུང་ཡོད་ཀྱང་། རྫོང་གི་ཁང་བ་སོགས་ལ་གཏོར་སྐྱོན་ལས་མི་གཅིག་ལ་སྲོག་གི་གནོད་སྐྱོན་ཕར་ཞོག རྨས་སྐྱོན་ཙམ་ཡང་བྱུང་ཡོད་མི་འདུག དེར་བརྟེན་འབར་རྫས་དེ་དག་ཚང་མ་ཞི་བའི་འབར་རྫས་ཁོ་ན་ཡིན། སྨར་ཁམས་ཁུལ་དུ་སྐྱ་སེར་གཉིས་ཕྱོགས་ནས་ཞི་བའི་འབར་རྫས་དེ་དག་འཇོག་དགོས་དོན་ནི་རྒྱ་ནག་གཞུང་དང་ས་གནས་ཉེན་རྟོག་པས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་གཙོ་བྱས་པའི་རང་སྣང་གང་དྲན་གྱིས་མི་དམངས་ལ་དབང་ཡོད་ཀྱིས་བརྙས་བཅོས་བྱས་དྲག་པར་འུ་ཐུག་ནས་བཞག་པ་ཁོ་ན་ཡིན། ཟེར།