ཟླ་བ་ཚེ་རིང་། ༼ ཧྥ་རན་སི ༽
ཟླ་སྔོན་མར་ངའི་ཕ་མ་གཉིས་རྒྱ་གར་དུ་གཉེན་འཕྲད་ལ་འབྱོར་བ་ལྟར་ང་ཁོང་གཉིས་ལ་ཐུག་པར་ངྷ་རམ་ས་ལར་ཕྱིན་པ་ཡིན། ཁོང་གཉིས་ལ་བོད་ནས་ཡུལ་མི་ཚོས་སྐུ་མདུན་ལ་འབུལ་རྒྱུའི་སྐྱབས་རྟེན་དང་བསྔོ་རྟེན་གང་མང་ཞིག་བསྐུར་འདུག་ལ། ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་ངེད་ཕ་བུ་གཉིས་དེའི་ཆེད་དུ་སྐུ་སྒེར་ཡིག་ཚང་དུ་བཅར་བ་ཡིན། སྐུ་སྒེར་ཡིག་ཚང་གི་སྐྱབས་རྟེན་ཁང་ལོ་བཞི་ལྔའི་སྔོན་གྱི་ཁང་མིག་ཆུང་ཆུང་དེ་ལས་རྒྱ་ཆེ་ཙམ་བསྐྱེད་ཡོད་པ་མ་ཟད་ནང་གི་སྒྲིག་ཆས་ཀྱང་དེང་དུས་དང་འཚམ་པར་གློག་ཀླད་སོགས་སྤྱོད་ཀྱིན་འདུག ཕྱག་ལས་གནང་མཁན་ཡང་དགེ་འདུན་པ་གསུམ་འཆར་ཅན་གྱིས་བཞུགས་འདུག ངེད་གཉིས་ཀྱིས་སྔོན་ནས་གྲ་སྒྲིག་བྱས་པ་ལྟར་ཞུ་རྟེན་འབུལ་མིའི་མིང་གཞུང་ཚན་པ་གཉིས་པོ་དགེ་འདུན་པ་གཉིས་ལ་ཕུལ་ཞིང་། ཆུ་ཚོད་གཅིག་ཙམ་འགོར་རྗེས་ཁོང་གཉིས་ཀྱིས་ཞུ་རྟེན་རེ་རེའི་བྱུང་འཛིན་དང་ལྷན་ཕྱག་མདུད་དང་མ་ཎི་རིལ་བུ་སོགས་གནང་བྱུང་། ཉིན་འགའི་རྗེས་སུ་ཨ་ཕ་ངེད་གཉིས་དེ་སྔོན་ཆད་ལྷག་བྱུང་བའི་མིང་འགའི་ཆེད་དུ་ཡང་བསྐྱར་སྐུ་སྒེར་ཡིག་ཚང་དུ་བཅར། དེ་ཉིན་ངས་བོད་ནང་གི་གྲོགས་མོ་ཞིག་དང་ཁོ་མོའི་ཨ་མའི་ནང་མི་ཡོངས་ལ་སྐྱབས་རྟེན་རེ་ཕུལ་བ་ཡིན། བྱུང་འཛིན་གཉིས་ཚུར་ལེན་སྐབས་ང་ཧ་ལས་སུ་བཅུག སྐྱབས་རྟེན་ཐོག་༼དད་ལྡན། རིན་ཆེན་སྒྲོལ་མ་ནང་མི་ཡོངས་ནས་ ༽ཞེས་པའི་ཚབ་ཏུ་༼ དེད་ལྡན། རིན་ཆེན་སྒྲོལ་མ་ནང་མོ་ཡོང་ནས་ ༽ ཞེས་བྲིས་འདུག་པ་མ་ཟད། ཚིག་རྐང་གཅིག་ནང་བྱུང་བའི་ཡིག་ནོར་གསུམ་ཆ་བྱུང་འཛིན་གཉིས་ཀའི་ནང་གཅིག་མཚུངས་སུ་ནོར་འདུག ཕྱིར་ནང་དུ་ལོག་རྗེས་ངས་དེ་སྔོན་ཕུལ་བའི་སྐྱབས་རྟེན་དང་བསྔོ་རྟེན་གྱི་བྱུང་འཛིན་རྣམས་རེ་རེ་བཞིན་ཞིབ་ཚགས་ཀྱིས་ཐེངས་གཅིག་བཀླགས་པ་ཡིན། ཨ་ཕས་བསྔོ་རྟེན་བཞི་དང་སྐྱབས་རྟེན་བདུན་ཅུ་དོན་ལྔ་ཕུལ་བའི་ནང་བྱུང་འཛིན་བཅུ་དགུ་ལ་གོང་གསལ་ལྟར་ཡིག་ནོར་ཤོར་འདུག ཡིག་ནོར་ཤོར་སའི་ཞུ་རྟེན་འབུལ་མི་རྣམས་ལས་རེ་འགའ་སྤྱིར་བཏང་གི་ལས་བྱེད་ཙམ་ཡིན་ནའང་། མང་ཤོས་ནི་ད་ལྟའི་ཆར་བོད་ནང་དགེ་རྒན་སོགས་སློབ་གསོ་དང་རིག་གཞུང་གི་ཕྱག་ལས་གནང་མཁན་ཡིན་ཞིང་ ། ཁོང་ཚོའི་ནང་ཅུང་སྙན་གྲགས་ཡོད་པའི་རྩོམ་པ་པོ་ཁག་ཅིག་ཀྱང་ཡོད་ལ། ངའི་གྲོགས་མོ་དེ་ད་ལྟ་བོད་རིག་པའི་སྐོར་ལ་འབུམ་རམས་པའི་སློབ་སྦྱོང་གནང་མཁན་ཞིག་ཡིན། སྐྱབས་རྟེན་བསྔོ་རྟེན་གྱི་བྱུང་འཛིན་ཀླད་དུ་༼ ཏཱ་ལའི་བླ་མའི་དགེ་རྩ ༽ ཞེས་པའི་ཡིག་འབྲུ་ཆེན་པོ་ལྔ་ཚོན་མདོག་དམར་པོའི་ནང་བྲིས་འདུག་ཐོག གཤམ་དུ་༼ འབྱོར་བ་ལྟར་དད་རྫས་རྣམས་ལུགས་ཟུང་སྤྱི་ཚོགས་བདེ་རྩ་ཁོ་ནར་སྨིན་གཏོང་བསྔོ་སྨོན་བྱེད། ཏཱ་ལའི་བླ་མས། ༽ཞེས་ཀྱང་འཁོད་འདུག ཨ་ཕ་ངེད་གཉིས་ཀྱི་མདུན་དུ་ཡིག་ནོར་འབྲི་མཁན་ནི་སྐྱབས་རྟེན་ཁང་གི་དགེ་འདུན་པ་རྣམ་གཉིས་རེད། འོན་ཀྱང་བྱུང་འཛིན་འདི་དག་རེ་རེ་བཞིན་དོ་བདག་ལ་འབྱོར་སྐབས་གནས་སྟངས་གཞན་ཞིག་སྟེ། ཡིག་ནོར་འབྲི་མཁན་༼ དད་རྫས་རྣམས་སྤྱི་ཚོགས་བདེ་རྩ་ཁོ་ནར་སྨིན་གཏོང་བསྔོ་སྨོན་བྱེད་མཁན་ ༽ཀྱི་ཏཱ་ལའི་བླ་མ་ཆགས་འགྲོ་ལ། བྱུང་འཛིན་ནང་འཁོད་པ་ལྟར་དོན་དངོས་ཀྱི་ཐོག་ནས་ཀྱང་འདི་དག་ཏཱ་ལའི་བླ་མའི་ཡིག་ནོར་ཆགས་ཡོད།
སྤྲུལ་སྐུ་མྱུར་འབྱོན། ཚེ་རབས་རྗེས་འཛིན། ཞབས་བརྟེན་གསོལ་འདེབས། བོད་ཕྱི་ནང་གི་བླ་སྤྲུལ་ཁག་འཁྲུངས་འདས་སྐབས་ཞུས་ངོར་བསྩལ་པའི་བཀའ་རྩོམ་ཐུང་གྲས་ཁག་ལས། ཏཱ་ལའི་བླ་མར་༼ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ ༽ ལྟ་བུ་སྐུ་དངོས་ནས་ཕྱག་རྩོམ་གནང་བའི་བོད་ཡིག་གི་བཀའ་རྩོམ་མང་པོ་མེད། འོན་ཀྱང་ཏཱ་ལའི་བླ་མར་བོད་ཡིག་ནང་ཡིག་ནོར་འབྲི་ས་གཞན་ཞིག་ཡོད། དེ་ནི་བོད་ཡིག་གི་དཔེ་དེབ་ཁག་ཅིག་དཔར་བསྐྲུན་སྐབས་གནང་བའི་ཏཱ་ལའི་བླ་མའི་ཆེད་བརྗོད་ཁག་ནང་ཡིན། གནས་ཡུལ་གྱི་དབང་གིས་ང་ཡོད་ས་འདིར་བོད་ཡིག་གི་དེབ་མང་པོ་མེད། བཙན་བྱོལ་ནང་དཔར་བསྐྲུན་བྱས་པའི་བོད་ཡིག་གི་དཔེ་དེབ་ལྔ་བཅུ་ཙམ་ཡོད་པའི་ནང་ཏཱ་ལའི་བླ་མས་ཆེད་བརྗོད་གནང་བའི་དེབ་བཅུ་གཅིག་འདུག དེ་དག་ལས་རེ་འགའ་བོད་ཀྱི་དཔེ་མཛོད་ཁང་དང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་། ལྡི་ལི་བོད་ཁང་། ས་པཎ་སློབ་གཉེར་ཁང་། བོད་ཀྱི་དུས་བབ་སོགས་རིག་གཞུང་གི་ཚོགས་སྡེ་ཁག་དང་། རེ་འགའ་མི་སྒེར་སོ་སོས་དཔར་བསྐྲུན་བྱས་འདུག ༼ སངས་རྒྱས་ཀྱི་དཔའ་རྟུལ་ཚོ ༽ ལྟ་བུ་བོད་བསྒྱུར་བྱས་པའི་དཔེ་དེབ་ཁག་གི་ཆེད་བརྗོད་ལས་དེ་མིན་ཚང་མ་བོད་ཡིག་ནང་བསྩལ་འདུག ཤོག་ངོས་ཕྱེད་ཀ་ལས་མེད་པའི་ཆེད་བརྗོད་ཐུང་ཐུང་ཞིག་ཡིན་ནའང་དེའི་ནང་ཡིག་ནོར་དང་གཏེགས་ནོར། ཆད་ནོར་སོགས་ཅི་རིགས་ཤིག་མཐོང་ཐུབ། ཡིག་ནོར་ཡོད་པའི་ཆེད་བརྗོད་ཁག་གི་གཤམ་དུ་༼ ཀུན་ལ་དགེ་ཞིང་ཤིས་པའི་སྨོན་འདུན་བཅས། ཏཱ་ལའི་བླ་མས།༽ ཞེས་པ་ལྟ་བུའི་སྦྱར་བྱང་ཡོད་ལ། སྦྱར་བྱང་གི་ཟུར་དུ་ཏཱ་ལའི་བླ་མའི་ཕྱག་དམ་ཆུང་ཆུང་དེ་ཕབས་ཡོད། སྐྱབས་རྟེན་ཁང་གི་དགེ་འདུན་པ་ལྟར་ཆེད་བརྗོད་འདི་དག་འབྲི་མཁན་ནི་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་གང་དང་ལས་བྱ་སུ་ཞིག་ཡིན་པར་བློ་དོགས་གང་ཡང་མེད། འོན་ཀྱང་ཆེད་བརྗོད་ཅན་གྱི་དཔེ་དེབ་དེ་དག་དཔར་ཁང་བརྒྱུད་སྤྱི་ཚོགས་ཐོག་ཐོན་སྐབས་ཆེད་བརྗོད་སྩོལ་མཁན་ཏཱ་ལའི་བླ་མ་ཡིན་ལ། ཆེད་བརྗོད་ནང་གི་ཡིག་ནོར་འབྲི་མཁན་ཡང་ཏཱ་ལའི་བླ་མ་ལས་གཞན་མིན། མ་གཞི་ནས་དཔེ་དེབ་གང་ཞིག་གི་ཆེད་བརྗོད་ནི་དེའི་ནང་དོན་དང་འབྲེལ་བ་ཆགས་དགོས་ལ། བྱུང་ན་ཆེད་བརྗོད་འབྲི་མཁན་གྱིས་ནང་དོན་དེའི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་དང་འབྲེལ་བའི་གླེང་སློང་འོས་འཚམ་རེ་བྱེད་དགོས་པར་འདོད། ངའི་ལག་སྣེ་འདིར་ཡོད་པའི་ཏཱ་ལའི་བླ་མས་ཆེད་བརྗོད་བསྩལ་སའི་དཔེ་དེབ་ཁག་གི་ནང་དོན་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་སྒེར་བའི་མི་ཚེའི་བྱུང་བ། དེ་བཞིན་དེང་སང་ཆེས་ཆར་དར་བཞིན་པའི་འབོལ་རྩོམ་དང་སྙན་རྩོམ་ཁག་དེབ་གཟུགས་སུ་བསྐྲུན་པ་དག་རེད། ཏཱ་ལའི་བླ་མ་ནི་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་བོད་ཀྱི་དབུ་འཁྲིད་ཡིན་པ་ལས། ཁོང་ནི་བོད་ཀྱི་ལོ་རྒྱུས་མཁས་པ་མིན་ལ། དེ་བཞིན་འབོལ་རྩོམ་དང་སྒྲུང་གཏམ་འབྲི་མཁན་གྱི་རྩོམ་པ་པོ་མིན་ཐོག སྙན་ངག་པ་ཞིག་དེ་བས་ཀྱང་མིན། དེར་བརྟེན་རྩོམ་པ་པོ་འདི་དག་གིས་རང་ཉིད་ཀྱི་དཔེ་དེབ་ཁག་གི་ཆེད་བརྗོད་ཏཱ་ལའི་བླ་མར་ཞུས་པ་ནི་དང་པོ་ནས་ནོར་འཁྲུལ་ཞིག་ཆགས་ཡོད། འོན་ཀྱང་ཁོང་ཚོས་ཞུས་ངོ་བཞིན་སྐུ་སྒེར་ཡིག་ཚང་ནས་ཀྱང་གནང་རྐྱང་བྱས་ཡོད། སྐབས་འདིར་ཆེད་བརྗོད་འབྲི་མཁན་སྐུ་སྒེར་ཡིག་ཚང་གི་སྐུ་ངོ་དང་ལས་བྱ་གང་རུང་གིས་གཟབ་ནན་བྱེད་ས་ནི་ཆེད་བརྗོད་དང་དཔེ་དེབ་བར་གྱི་འབྲེལ་གྲུབ་དང་། ཆེད་བརྗོད་ནང་གི་ཡིག་ནོར་སོགས་མིན། ཧ་ཅང་གིས་གཟབ་ས་ནི་ཁོང་ཚོ་དང་ཆེད་བརྗོད་ཞུ་མཁན་ཚོའི་བར་གྱི་མཛའ་འབྲེལ་དང་མཐུན་འབྲེལ་དེ་ཆགས་ཡོད་པར་སྙམ།
འདས་ལོའི་ལོ་མཇུག་ཏུ་ཏཱ་ལའི་བླ་མས་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་སོང་བའི་བཀའ་སློབ་ནན་པོ་ཞིག་ཕབས། ང་ངྷ་སར་འབྱོར་སྐབས་དེར་ཤེས་རིག་ལས་ཁུངས་ཀྱིས་ཚོགས་འདུ་བསྡུས་ཤིང་མཁས་དབང་རྣམས་ཞུས་ནས་བགྲོ་གླེང་གནང་སྐབས་ཤིག་རེད། འོན་ཀྱང་ཏཱ་ལའི་བླ་མའི་ཡིག་ཚང་ནང་ཕྱག་ལས་གནང་མཁན་ཚོས་འདི་ལྟར་མུ་མཐུད་དེ་ཁོང་གི་མཚན་ཐོག་ནས་ཡིག་ནོར་འབྲི་བཞིན་ཡོད། ཁོང་ཚོས་བོད་ཀྱི་ཆོས་རིག་གི་སྲོག་རྩར་ཆགས་པའི་བོད་ཡིག་གི་དག་ཆར་འགན་མི་འཁུར་བ་མ་ཟད། ཏཱ་ལའི་བླ་མའི་ཡིག་ཚང་ནང་ཕྱག་ལས་གནང་བཞིན་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་ལའང་འགན་མི་འཁུར་བ་ནི་ཇི་འདྲའི་བློ་ངོར་མི་ཤོང་བ་ཞིག་རེད།
ནོར་བ་དེ་ཚབས་ཆེན་པོ་རེད། འོན་ཀྱང་དེ་ནི་མ་ཤེས་པར་ནོར་བ་ལས། ཆེད་དུ་བོད་ཡིག་གི་བརྡ་སྤྲོད་ལ་གཏོར་བཤིག་གཏོང་གི་ཡོད་པ་ནང་བཞིན་ཚབས་ཆེན་པོ་མ་རེད། གཅིག་གིས་ཆེད་དུ་གཏོར་ཆོག་ས་ནས། ཅི་ཕྱིར་གཞན་པ་ནོར་མི་ཆོག་པ་རེད་དམ།
སྐབས་འཚོལ་བ་ལགས། སྐུ་མཁྱེན། ངན་པ་དེའང་ཡག་པོ་ཞིག་བྱས་ནས། ལྷ་ཀླུ་ཀུན་ལ་མི་ཕོག་པ་ཞིག་ཇི་ལྟར་འདོན་དགོས་པ་རེད། འཇིག་རྟེན་ཡ་རབས་ཀྱི་ལུགས་དང་འགྲོ་བ་མིའི་བཟང་སྤྱོད་ཞེས་པ་ཞིག་ཡོད་པ་རེད། དེ་ལ་འགལ་བསྡད་པ་ཞིག་ཚོར་གི་མི་འདུག གལ་སྲིད་ཡོད་ན་རེ་རེ་བཞིན་སྟོན་དང་རྗེས་ཕྱོགས་སྐྱོན་དང་ནོར་འཁྲུལ་སྟོན་སྟངས་ལ་ཕན་ཐོགས་ཆེ་བ་བཤད་ཅི་དགོས།
སྐྱོན་དང་ནོར་འཁྲུལ་བཏོན་པ་ཡག་པོ་རེད་དེ། རྗེ་སུ་ཡི་རང་ཡོད། འོན་ཀྱང་བཏོན་སྟངས་ཧ་ཅང་ངན་པ་འདུག དེ་ཡག་པ་ཞིག་མཐོང་མ་སོང༌། ཉི་མ་དེ་རིང་ནས་བཟུང་དུས་བབ་དང་ཁ་བརྡ་ཞེས་པའི་དྲ་གནས་འདི་གཉིས་ཡར་རྒྱས་ཏོག་ཙམ་འགྲོ་ཐུབ་པའི་རེ་བ་ཡོད།
འཆལ་གཏམ་སྤེལ་ས་འདྲ་པོ་བྱེད་ན་ཡག་པོ་མེད།
ཐུགས་རྗེ་ཆེ། Thank you
དེང་སང་ཡིག་ནོར་འབྲི་མཁན་རྣམས་ནི་ཡིག་རྨོངས་པ་མིན་ཟེར་མཁན་ཚོ་རེད།
བཙན་བྱོལ་ནང་ལ་དུས་དེབ་དང་གསར་ཤོག་ཁག་ནང་དག་སྡེབ་ནོར་གྱིན་ཡོད་པ་དེ་ཁོར་ཡུག་འདིའི་དམིགས་བསལ་གྱི་ཁྱད་ཆོས་ལྟ་བུ་ཆགས་ཟིན།
ང་ཚོས་དཔེ་དེབ་དང་ཚགས་ཤོག་སོགས་ལ་ཞུ་དག་བྱ་སྐབས་ཉུང་མཐར་ཐེངས་ལྔ་དྲུག་མ་བལྟས་ན་དེའི་ནང་ཡིག་ནོར་ཡོང་རྒྱུ་ཡིན་པ་ནི་འབྲེལ་ཡོད་རྩོམ་སྒྲིག་པ་དང་ཞུ་དག་པ་ཚོར་མྱོང་བ་དངོས་སུ་ཡོད་སྟབས།
ང་ཚོས་རང་ཉིད་སྐད་ཡིག་གི་རིན་ཐང་མཐོར་འདེགས་དགོས་ན་གོང་དུ་སྐྱོན་འདོན་གནང་བ་དེ་ཡང་འགྲིག་པ་ཞིག་རེད།
ད་དུང་ང་ཚོས་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་དང་ཚོགས་སྡེ་ཁག་སོ་སོའི་བཏོན་པའི་དུས་དེབ་དང་ལས་སྡོམ་སྙན་ཐོ་སོགས་ཀྱང་དག་སྡེབ་ཀྱི་ཕྱོགས་སུ་གང་གཟབ་གང་ལེགས་གནང་གལ་ཆེ།
དེ་སྔོན་བོད་མིའི་རང་བཙན་ལག་དེབ་ཀྱི་ཐོག་ཏུ་ཡང་ཡིག་ནོར་གྱི་གནས་ཚུལ་མི་ཉུང་བ་ཞིག་ཐོན་ཡོད།
ང་ཚོས་འདི་ལྟར་ང་ཉིད་ཀྱི་སྤྱི་ཚོགས་འདི་ཚགས་ཚུད་དང་ཡར་རྒྱས་ཡོང་ཕྱིར་ཀུན་སློང་གཙང་མ་ཞིག་གི་ངོས་ནས་དག་ཐེར་བྱ་དགོས།
ངེད་ཅག་གིས་དེ་དག་གི་མ་འོངས་བར་བོད་ཡིག་ལ་འགན་ཞིག་ཡོད་དགོས་པ་མ་ཟད། བོད་ཡིག་གི་བདག་པོ་ཡང་བོད་མི་རང་ཉིད་ཀྱི་བྱེད་དགོས་པ་དེ་ནི་ཤེས་སུ་་འཇུག་ཐབས་ལ་ཕྱོགས་དགོས་པ་ལས། དེ་དག་གི་བསྐོར་ཁོང་ཚོས་དོ་སྣང་དང་མིག་ཟུར་གྱིས་ཀྱང་མི་བལྟ་བའི་བོད་ཡིག་གི་དྲ་ཐོག་དང་བོད་ཡིག་གི་ཚགས་ཤོག་ལས་བརྒྱུད་དེ་བོད་མི་མང་གིས་བོད་ཡིག་ལ་འགན་ལེན་བྱེད་རྒྱུའི་ཐོབ་ཐང་ཡོད་དགོས་པ་དེ་ཡང་ཤེས་སུ་འཇུག་པའི་ཐབས་ལམ་ཡག་ཤོས་ནི་རྗེས་ཕྱོགས་༧གོང་ས་མཆོག་གི་མཚན་མིང་བེད་སྤྱོད་བྱེད་མཁན་གྱི་མི་དེའི་རིགས་ལ་ངོ་ཚ་གཏོད་དགོས་པ་དང་མི་མང་ལ་ཤེས་སུ་བཅུགས་དེ་བསྒྲགས་ཡིག་སོགས་དཔར་དང་བཅས་དང་སྲང་ལམ་གང་སར་སྤྱར་ཐུབ་པ་ཡིན་ན་ནི་དངོས་ནས་ཡག་པོ་རེད། དེ་མིན་དེ་དག་གི་རང་ཉིད་ཀྱི་ནག་ཉེས་ལ་ངེས་ལེན་མི་བྱེད་ཁོ་ཐག་ཡིན།
ཨ་ལེ་དང་པོར་ཡག་པོ་ཞིག་ཀློག་ཤེས་པ་དང་། བཀླགས་ནས་དོན་མ་ནོར་བ་ཞིག་གོ་ཐུབ་ན་གང་འདྲ་འདུག དག་མོ་ཞིག་འབྲི་ཤེས་རྒྱུ་ནི་བཙན་བྱོལ་བོད་གཞུང་གི་སྐུ་ངོ་དེ་དག་གི་ཁྲོད་དུའང་ཉུང་ཉུང་རེད། གཞུང་ཞབས་ལས་བྱེད་ཚོའ་དང་གྲོས་ཚོགས་འཐུས་མི་ཚོའང་དེ་ལྟར་རེད།
ང་ཚོས་གཞི་རིམ་ནས་འགྱུར་བ་གཏོང་དགོས་པ་རེད། ད་ཡོད་ཀྱི་ལས་བྱེད་དེ་དག་ཕྱིར་ཕུད་དེ་ཚབ་ལ་གསར་པ་དག་བསྐོ་གི་ཡིན་ལབ་ན་ཡོང་ཐབས་ཡོད་པ་མ་རེད་ལ། དེ་འདྲའི་བསམ་བློའང་འཁོར་ཐུབ་གི་མི་འདུག མ་གཞི་ནས་འདིའི་རིགས་ལ་འབོད་སྐུལ་ཞུས་ན་འགྲིག་གི་རེད།
བྱུང་འཛིན་གྱི་ཐོག་ལ་ཡིག་ནོར་སླེབས་ཀྱི་ཡོད་པ་ཚང་མར་དོ་སྣང་བྱུང་བ་མ་ཟད་མཐོང་ཐོས་དངོས་སུ་བྱུང་མཁན་དེ་འདྲ་འདུག
དེས་ན། གནད་དོན་འདི་ཚོའི་ཐད་སྐུ་སྒེར་ཡིག་ཚང་གི་འབྲེལ་ཡོད་མི་སྣ་དང་བོད་གཞུང་བཀའ་ཤག་བཅས་ལ་འཕྲིན་ལམ་དང་ཁ་པར་གྱི་ལམ་ནས་ཞུས་ན་ཡག་པོ་མེད་འགྲོ
སྐུ་མདུན་གྱིས་མར་གསོལ་བསྩལ་གནང་བའི་མིང་མང་ཆེ་བ་དེ་བསྟན་འཛིན་ཡིན་དགོས་པའི་རྒྱུ་མཚན་ཐད་དྭོགས་སློང་ཞིག་གནང་འདུག འདི་ལ་རྒྱུ་མཚན་ངེས་གཏན་ཞིག་ཨེ་ཡོད་སྙམ། རབ་ཏུ་བྱུང་བའི་སྐབས་སུ་མིང་བརྗེ་བ་ཞེས་པ་དེ་སློབ་དཔོན་གྱི་མཚན་ཟུར་ནས་བཅད་དེ་མིང་ཞིག་འདོགས་ལུགས་ཤིག་ཆོས་ཀྱི་སྲོལ་རྒྱུན་དུ་ཡོད་པ་རེད། འདི་ཡང་སྐུ་མདུན་གྱི་མཚན་བསྟན་འཛིན་རྒྱ་མཚོ་ཞེས་པའི་ཟུར་ནས་སླེབས་པ་ཞིག་ཡིན་པ་ནི་ཐེ་ཚོམ་མེད་པ་རེད། བོད་ཀྱི་མིང་འདོགས་ལུགས་དེ་གྲོང་པའི་ཁྲོད་གོ་རིམ་ཡོད་པ་ཞིག་འདུག་མོད། དགེ་ཚུལ་སློང་གི་མཚན་དང་ལྷག་པར་བླ་སྤྲུལ་ཚོའི་མཚན་ནི་རིང་ནས་སྐྱོར་དགོས་པ་དེ་འདྲ་ཡང་འདུག་ག
རེད་ཡ། བོད་འབྱོར་རྒན་ཁོགས་ཚོར་ཁོང་ཚོའི་དུས་རབས་ཀྱིས་ཁོ་ཚོ་ལ་རིག་གནས་སྦྱངས་བའི་གོ་སྐབས་མ་སྤྲད་པ་རེད། འདི་བོད་རིགས་གཅིག་བུ་མ་རེད། ཡུལ་ལུང་གཞན་དག་ལ་ཡང་དེང་སང་གི་རྒན་རབས་པའི་ལོ་ཚད་ནང་ཡིག་རྨོངས་བ་མང་པོ་ཡོད་པ་རེད། འོན་ཀྱང་བྱེས་སུ་བཞུགས་པའི་ན་གཞོན་འདི་དག་ལ་ཅི་ཞིག་གི་ཐན་པ་བྱུང་བ་རེད། དེ་གཅིག་ཡིན། དེ་ནས་གོང་གི་གནས་ཚུལ་འདི་ཡང་ཟླ་སྔོན་མའི་ནང་གི་བསྟན་འཛིན་རིག་བཟང་གི་དེབ་དེའི་གནད་དོན་ལས་མ་འདས་བས། ཚང་མ་ཤེས་རིག་ལས་ཁུངས་ནས་ཁུར་མ་བླངས་ཞིང་སྐུ་སྒེར་དྲུང་ཆེ་དག་གིས་དབང་མ་སྤྲད་པར། རྒྱལ་པོ་ཕུགས་འདུག་བྱེད་མཁན་དག་གི་གྲིབ་གཟུགས་རེད། ལོ་འགའི་སྔོན་ལ་སྤྱི་འཐུས་གྲོས་ཚོགས་སུ་སྐུ་སྒེར་ཡིག་ཚང་ལ་རྩིས་ཞིབ་ལས་ཁུངས་ནས་རྩིས་ཞིབ་བྱས་བ་༧རྒྱལ་བ་རིན་པོ་ཆེའི་སྐུ་དབང་ལ་ཐེ་ཅུས་བྱས་བ་རེད་ཅེས་བསམ་འཆར་བཤད་པ་རེད། ཟླ་ངོ་ཁ་ཤས་ལས་མ་འགོར་བར་བྱུང་འཛིན་རྫུན་མ་བཟོ་མཁན་དང་བྱུང་འཛིན་དངོས་མ་རྐུ་མཁན་ཀྱི་རྐུན་མ་རབ་དང་རིམ་པ་མང་པོ་ཞིག་བཏོན་པས་མི་འདི་དག་གིས་རེ་ཞིག་ཁ་ཙུམ་སོང་། ད་ཐེངས་ཤེས་ཡོན་དང་ལྷག་པར་ཏུ་བོད་ཡིག་ཤེས་མཁན་གྱི་གནད་དོན་རེད། འོན་ཀྱང་ང་ཚོས་བརྗོད་གཞིའི་གནད་འགག་དེ་གསལ་བོར་མ་བཟོས་གོང་ནས་མཆན་འགོད་པ་འགས་གང་ཟག་སྒེར་བར་དམའ་འབེབས་དང་མཚང་འདྲུ་བའི་མགོ་བརྩམས་ཏེ་བརྗོད་བྱ་ངོ་མ་དེ་འཆོལ་འགྲོ་གིན་འདུག ཀློག་མཁན་ཚོས་་ཀྱང་་མི་འདི་དག་གིས་གཡག་ལ་གཅེས་ཀྱིན་འདུག་གམ་ཁྲག་ལ་གཅེས་ཀྱིན་འདུག་གསལ་བོར་ཤེས་དགོས། དོན་ངོ་མར་ང་ཚོས་༸་ཏཱ་ལའི་བླ་མའི་མཚན་གནས་དང་མཛད་པ་འཕྲིན་ལས་ལ་སྲུང་སྐྱོབས་བྱེད་ན་འབྲེལ་ཡོད་ཀྱི་ལས་ཁུངས་དང་ལྷན་ཁང་ཚང་མས་ཉེ་འཁོར་གྱི་ལས་ཀ་བྱེད་མཁན་དག་གི་ནོར་སྲིད་དང་ཤེས་ཡོན། བདེ་སྲུང་དང་འཕྲོད་བསྟེན་སོགས་གང་ཅིའི་ཐད་ཧ་ཅང་གཟབ་ནན་བྱེད་དགོས་བ་ལས། སྐུ་སྒེར་ཡིག་ཚང་གི་རེད་ཅེས་སྒུལ་མི་ཆོག་པའི་ལས་བྱེད་ཅིག་གང་ལ་ཡོད། ད་དུང་སྐབས་འཚོལ་ལམ་སྐྱབས་འཚོལ་ཟེར་བ་འདིར་བཤད་རྒྱུར། རྒྱ་ཡིག་ལ་སྒྲ་གདངས་གཅིག་་ལ་དོན་མི་འདྲ་བའི་ཚིག་མང་པོ་ཡོད་པས་སྐབས་རེར་དག་ཆ་རེ་རེར་བསྐྱོར་དགོས་མོད། བོད་ཡིག་གི་ཚིག་གྲོགས་ལ་ལྟོས་ནས་ཚིག་གི་དག་ཆ་ཤེས་ཐུབ། དེ་ན་དེང་སང་བཙན་བྱོལ་དུ་གཞོན་སྐྱེས་མང་ཆེ་བར་བསྟན་འཛིན་྾྾྾྾྾བཏགས་འདུག འདི་དྲུང་ཡིག་སྔོན་མ་ཞིག་གིས་༧སྐུ་མདུན་ལ་མིང་འདྲ་མིན་དག་ན་དབུས་སྐད་བཤད་མཁན་གྱི་་དྲུང་ཡིག་དག་ལ་མིང་འབྲི་སྐབས་ཡི་གེའི་དག་ཆ་མི་ཤེས་བའི་དཀའ་ངལ་ཕྲད་ཀྱི་འདུག ཚང་མར་བསྟན་འཛིན་ཅིག་ཅིག་འདོགས་རོགས་ཞུས་བ་མིན་ནམ།
ཨམ་སྐད་ནང་ཏིང་འཛིན་སྐྱབས་ཞེས་ལབ་ན་དབུས་སྐད་ནང་བསྟན་འཛིན་སྐྱབས་ལོས་གོ། དཔེར་ན། སེམས་དཔའ་སྐྱབས་ལ་ཨམ་སྐད་ནང་སེམས་ཧྭ་སྐྱབས་ཟེར་གྱི་འདུག དཔེ་མཚོན་ཙམ་ཡིན། དེ་ལ་ཧང་སང་དགོས་དོན་གང་ཡང་མི་འདུག རྒྱ་མི་དང་ཕྱི་གླིང་བ་ཡིན་ན་སོ་སོའི་མིང་བརྗོད་པའི་རྗེས་ལ་དག་ཆ་ཡང་བརྗོད་ཀྱི་རེད། འོན་ཀྱང་། བོད་འབྱོར་བ་རྒན་ཁོགས་མང་པོ་ཞིག་གིས་ཐ་ན་རང་ཉིད་ཀྱི་མིང་གི་དག་ཆ་ཡང་མི་ཤེསམཁན་
ཡོད་དུས་གཉེན་ཉེ་འབྲེལ་ལ་སོགས་པའི་མིང་བརྗོད་དགོས་དུས་ཏོག་ཙམ་ཁག་པོ་མིན་ནམ་སྙམ།
གོང་གི་བསམ་འཆར་ནང་མི་བདེ་བ་ཞིག་ཡོད་པ་ནི་(ཧ་ཅང་གིས་གཟབ་ས་ནི་ཁོང་ཚོ་དང་ཆེད་བརྗོད་ཞུ་མཁན་ཚོའི་བར་གྱི་མཛའ་འབྲེལ་དང་མཐུན་འབྲེལ་དེ་ཆགས་ཡོད་པར་སྙམ།)ཞེས་པ་འདི་རེད་འདུག་ ཁྱེད་རང་གི་ལག་ཏུ་ཡོད་པའི་ཏཱ་ལའི་བླ་མས་མཆེད་བརྗོད་གནང་བའི་དེབ་བཅུ་གཅིག་ཡོད་པ་དེ་དག་ནང་གི་ཏཱ་ལའི་བླ་མའི་གནང་བའི་མཆེད་བརྗོད་ངོ་བཤུས་བརྒྱབ་ཏེ་ཐད་ཀར་ཏཱ་ལའི་བླ་མའི་མཚན་ཐོག་ལ་ཕུལ་བ་ཡིན་ད་གཟོད་་ར་འཕྲོད་གསལ་པོ་ཐུབ་ངེས། དེ་མིན་ཁྱེད་རང་གི་སྐད་ཆ་འདིར་ཁུངས་ལུངས་མི་འདུག ཕལ་ཆེར་ཁྱེད་རང་གིས་དེབ་ཞིག་བྲིས་ཁུལ་བྱས་ཏེ། དེ་ལ་ཏཱ་ལའི་བླ་མའི་མཆེད་བརྗོད་དགོས་ཞེས་ཞུས་ཀྱང་མ་ཐོབ་ཙང་ཁོང་ཁྲོ་ལངས་ནས་བསམ་འཆར་གྱི་ཚུལ་དུ་འདི་འདྲ་ཞིག་ བྲིས་པ་འདྲ་པོ་འདུག ཨེ་རེད།
ཚགས་ཤོག་ཞེས་པ་མཐོང་དུས་འདི་དྲན་སོང་། དེང་སང་ཚགས་ནང་དབྱིན་སྐད་མང་པོ་བོད་ཡིག་ནང་འབྲི་གི་འདུག་པ་དེ་ཚོ་ཡང་ཚང་མ་ནོར་ཀྱོག་རེད། ང་ཚོས་ཀློག་ན་གང་ཡིན་ཧ་གོ་གི་མི་འདུག ངས་བྱས་ན་དེ་ཚོ་ཡང་བོད་ཀྱི་རིག་གཞུང་ལ་གནོད་ཀྱི་འདུག། གལ་ཏེ་གསར་འགོད་པ་རང་གིས་དབྱིན་སྐད་སྒྲ་གདངས་ཡག་པོ་མ་ཤེས་ན། མི་གཞན་པ་ལ་དྲིས་དགོས་རེད། ཡང་ན་དབྱིན་ཡིག་ཐོག་བཀོད་དགོས་རེད།
དེ་འདྲའི་གནས་ཚུལ་རབ་དང་རིམ་པ་ཡོང་བཞིན་ཡོད་པ་བདེན་པ་རེད།
ང་ཚོས་རང་རང་སོ་སོ་ནས་འགོ་བརྩམ་སྟེ
ཡིག་ནོར་མི་ཡོང་བར་འབད་པ་བརྩོན་བྱ་དགོས་ལ།
དེ་འབྲེལ་ལས་ཀ་བྱ་མཁན་ཚོར་ཡང་གཞེན་སྐུལ་དང་ཡོ་བསྲང་བྱ་དགོས་པའི་འབོད་སྐུལ་ཁ་ཞེ་གཉིས་མེད་ཐོག་ནས་ཞུ་དགོས་པ་མཐོང་།
དེ་ཙམ་མ་ཟད་ང་ཚོས་གསར་ཤོག་དང་།
དུས་དེབ་རྩོམ་སྒྲིག་པ་སོགས་ཀྱི་མིང་བྱང་ཁུར་མཁན་ཚོའི་ཁྲོད་དུ་ཡང་ཡིག་ནོར་མི་ཉུང་བ་ཡོང་བཞིན་ཡོད་པ་བདེན་པ་ཡིན།
དེར་བརྟེན་འདིར་ཆེ་ས་ན་གླེང་སློངབྱས་ཡོད་ཀྱང་ང་ཚོས་ཆུང་ས་ནས་འགོ་བརྩམ་སྟེ་དག་ཆའི་ཐོག་དོ་སྣང་ལྷག་པར་དགོས་གལ་ཆེ།
དཔེར་ན།
བོད་མི་ཡི་གེ་ཤེས་མཁན་སྤྱི་བཏང་ཞིག་ལ་མཚོན་ན།
སོ་སོའི་ལུས་ཀྱི་ཆ་ཤས་ཆ་ཚང་བ་ཞིག་གི་མིང་བོད་ཡིག་ཐོག་འབྲི་དགོས་ན་ཕལ་ཆེར་ཡིག་ནོར་མི་ཉུང་བ་ཞིག་ཐོན་གྱི་རེད།
དེར་བརྟེན་ཆུང་ས་ནས་རིམ་བཞིན་ཆེ་སར་ཐུགས་སྣང་དགོས་གལ་ཆེ་བར་མཐོང་།
བོད་པ་ཚོས་དོན་ཤེས་ལ་དག་ཆ་མ་ཤེས་པ་དེ་དཀའ་ངལ་གྱི་ཁུར་པོ་ཆེ་ཤོས་ཤིག་ཡིན།
སྔོན་མ་ནས་ཁོང་ཚོས་ཡིག་ནོར་འབྲི་གིན་ཡོད་སྟབས། ངས་རྟག་པར་མིང་ཐོ་ཡིག་ཐོག་ལ་ཕབ་སྟེ་ཏན་ཏན་ཏིག་ཏིག་གིས་སྤྲོད་ཀྱིན་ཡོད། ཡིན་ཡང་ཁ་ཉིན་རྩོམ་ཡིག་འདི་འབྱོར་མ་ཐག་ངས་བདུན་ཕྲག་གཅིག་གི་སྔོན་དུ་རང་གི་ཨ་ཁུ་གཉིས་ལ་བསྔོ་རྟེན་བླངས་པའི་ངོར་བལྟས་པ་ཡིན། བསྔོ་རྟེན་འདི་ཡང་ངས་ཡིག་ཐོག་ལ་ཕབ་ནས་རང་གི་ལས་བྱེད་ཅིག་ལ་བསྐུར་བ་ཡིན། འོན་ཀྱང་། བསྔོ་རྟེན་གྱི་བྱུང་འཛིན་སྟེང་དུ་མིང་གཉིས་ཀ་ནོར་བསྡད་འདུག ད་འདི་ལ་བཅོས་ཐབས་ཤིག་མེད་པ་འདྲ།
དེ་ལ་ངས་ཀྱང་དོ་སྣང་མང་པོ་བྱུང་སོང་། ང་རང་ཚོ་ཡང་ངོ་གནོང་དགོས་པ་མང་པོ་ཡོང་གིན་འདུག མེག་ལོར་འགན་ཇིའི་རང་བཙན་ཚོགས་ཆུང་དུ་སྡོད་མཁན་རྒན་པོ་ཁ་ཤས་ཤིག་ཡོད་པ་དེ་ཚོས་ཀྱང་རང་བཙན་ལག་དེབ་སྟེང་དུ་མི་མིང་དང་ས་མིང་ནོར་བ་སོགས་ཧ་ཅང་མང་པོ་བྲིས་ཡོང་གིན་འདུག
ང་ལ་ཡང་སྐད་ཆ་འདི་ལ་སྣོན་མ་ཞིག་ཞུ་རྒྱུ་ཡོད། ངས་བསྔོ་རྟེན་ཕུལ་བའི་བྱུང་འཛིན་རིགས་གཉིས་བྱུང་། གཅིག་དེ་ཨ་མདོའི་མིང་ཏིང་འཛིན་སྐྱབས་ཞེས་པ་ནོར་ནས་བསྟན་འཛིན་སྐྱབས་ཞེས་བྲིས་འདུག གཉིས་པ་ནི་བོད་ཡིག་ཚབ་ལ་དབྱིན་ཡིག་བྲིས་འདུག དེ་ནས་ངས་བསྔོ་རྟེན་དེ་ཚོ་ཕུལ་ཚར་ནས་ཕ་ཡུལ་ལ་བསྐུར་མ་ནུས་པར་སྦས་ཡོད།