༢༠༠༨ ལོའི་ཟླ་ ༣ པའི་ནང་ལྷ་ས་ལྷོ་ཁ་ས་ཁུལ་དུ་སྐྱ་སེར་མཉམ་འདུས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས་གྲྭ་ ༩ འཇུས་པ་རྣམས་ལ་ལོ་ངོ་ ༢ ནས་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང༌། གྲྭ་པ་གཅིག་རང་ཤི་བརྒྱབས་ཡོད་འདུག
ཚེས་ ༡༠ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༥ ཉིན་ལྷོ་ཁ་ཁུལ་གྲ་ནང་རྫོང་དུ། ༧གོང་ས་མཆོག་བོད་དུ་གདན་འདྲེན་གནང་དགོས། ཆོས་ལུགས་དད་མོས་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་ཚུལ་སྐྱ་སེར་ཕོ་མོ་བརྒྱ་ཕྲག་འགས་སྐད་འབོད་བྱས་ཡོད་འདུག སྐབས་དེའི་ཞི་རྒོལ་ཁྲོད་མང་ཚོགས་དང་གྲྭ་བཙུན་གང་མང་ཞིག་ལྷོ་ཁ་མི་དམངས་བདེ་འཇགས་པུའུ་ནས་འཇུ་བཟུང་བྱས་ཡོད་འདུག་ལ། ཉེ་ལམ་ལོ་ ༢ ནས་ ༡༥ བར་གྱི་བཙོན་འཇུག་ཁྲིམས་ཆད་ཕོག་ཡོད་པའི་གྲྭ་བ་དགུ་དེ་ཡང་དེའི་གྲས་ཡིན་པ་དང༌། ལྷོ་ཁ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་ཡོད་འདུག
གོང་གི་ཞི་རྒོལ་དེའི་སྐབས་སུ་བསམ་ཡས་དགོན་པའི་གྲྭ་བ་མང་པོ་ཡོད་ཅིང་། ཞི་རྒོལ་བྱུང་རྗེས་ནས་བསམ་ཡས་དགོན་པའི་གྲྭ་བ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དྲག་ཆས་ཉེན་རྟོག་པས་དོ་དམ་བྱས་ཏེ། གྲྭ་པ་གཅིག་ཀྱང་དགོན་པའི་ཕྱི་རུ་མ་བཏང་ལ་ནང་དུ་ཡང་ཡོང་མ་བཅུག་པར། མི་དམངས་བདེ་འཇགས་པུའུ་ཡིན་ཞེས་པའི་ལས་བྱེད་སྡེ་ཁག་ཅིག་དགོན་པར་ཡོང་ནས་གྲྭ་བ་རེ་རེ་ལ་ཞི་རྒོལ་བྱུང་རྐྱེན་རྩད་འདྲི་བྱས་པ་དང༌། ཞོར་དུ་གྲྭ་བ་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲད་པ་སོགས་དབང་ཤུགས་དང་དྲག་གནོན་གྱིས་བཀའ་བཏང་ཡོད་འདུག སྐབས་དེར་རྡོ་རྗེ་བྲག་དགོན་པར་སློབ་གཉེར་གནང་བཞིན་པའི་སྙེ་མོ་རྫོང་གི་གྲྭ་རྣམ་གྲོལ་མཁའ་སྐྱབས་ལགས་བསམ་ཡས་དགོན་པར་མཁས་པ་ཞིག་ལ་མཇལ་འཕྲད་དུ་ཕེབས་ཡོད་པ་དང༌། ཁོང་གིས་རྒྱ་ནག་གི་བརྙས་བཅོས་ལ་གདོང་ལེན་བྱེད་མ་ཐུབ་པ་དང་གྲྭ་བ་གཞན་པ་ཚོར་ཉེས་པ་མེད་བཞིན་དུ་ཉེས་པ་ཁུར་དགོས་པའི་གནས་སྟངས་ལ་སེམས་ཀྱིས་མ་བཟོད་པར༌། ཞི་རྒོལ་གྱི་མགོ་འཛུགས་མཁན་རང་ཉིད་ཡིན་པ་དང་ཉེས་པ་ཚང་མ་རང་གིས་ཁུར་ཆོག་པའི་ཁ་ཆེམས་ཡི་གེ་བྲིས་རྗེས་རང་སྲོག་བཅད་ཡོད་འདུག
ཞི་རྒོལ་སྐབས་འཇུས་པའི་བསམ་ཡས་དགོན་པའི་གྲྭ་བ་ལྔ་སྟེ། ལྷོ་ཁ་ས་ཁུལ་གྱི་མཚོ་སྣ་རྫོང་གི་རྒྱལ་མཚན་ལ་ལོ་ ༡༣ དང༌། གོང་དཀར་རྫོང་གི་ཉི་མ་བཀྲ་ཤིས་ལ་ལོ་ ༡༣ ། ཉིང་ཁྲི་རྫོང་ཁོངས་ཀོང་པོ་ནས་འཁྲུངས་པའི་ཕུན་ཚོགས་ལ་ལོ་ ༡༣ ། ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གི་གྲྭ་བསྟན་འཛིན་ཟླ་བ་ལ་ལོ་ ༢ ། ལྷོ་ཁ་ས་ཁུལ་གྲ་ནང་རྫོང་གི་གྲྭ་རིག་ལྡན་ལ་ལོ་ ༢ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
བསམ་ཡས་དགོན་པར་སློབ་གཉེར་ལ་ཡོང་བའི་དགོན་པ་གཞན་པའི་གྲྭ་བཞི་སྟེ། ཕན་པོ་ལྷུན་གྲུབ་རྫོང་གི་གྲྭ་བསྟན་འཛིན་བུ་ཕྲུག་ནི་གླིང་ཐང་དགོན་པའི་གྲྭ་བ་ཡིན་པ་དང༌། ཁོང་ལ་ལོ་ ༡༥ དང༌། ལྷོ་ཁ་ཁུལ་མཚོ་སྨད་རྫོང་གི་བསྟན་འཛིན་བཟོད་པ་ནི་ཇོ་བོ་དགོན་པའི་གྲྭ་བ་ཡིན་པ་དང༌། ཁོང་ལ་ལོ་ ༡༣ ། ལྷོ་ཁ་ཁུལ་ལྷོ་བྲག་རྫོང་གི་གྲྭ་དགེ་ལེགས་ནི་སངས་ནག་དགོན་པའི་གྲྭ་བ་ཡིན་པ་དང༌། ཁོང་ལ་ལོ་ ༢ ། ལྷོ་ཁ་ཁུལ་གནའ་སྒར་རྩེ་རྫོང་གི་གྲྭ་ངག་དབང་བསྟན་འཛིན་ནི་ཁ་ཐོག་དགོན་པའི་གྲྭ་བ་ཡིན་ལ། ཁོང་ལ་ལོ་ ༢ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
རྒྱལ་གཅེས་དཔའ་བོ་དེ་དག་ལ་སྙིང་རེ་རྗེ། དངོས་གནས་བཤད་ན་ང་ཚོའི་འགག་རྩར་ཐུག་དུས་གྲྭ་བ་དང་ཨ་ནེ་དེ་ཚོ་ལས་སྟག་གི་ཐོང་ནས་འཛིན་མཁན་དཀོན་པོ་རེད། རྒྱལ་ཁབ་དང་མི་རིགས་ཀྱི་དོན་ལ་རང་གི་ལུས་ལོངས་སྤྱོད་ཐམས་ཅད་གཏོང་མཁན་དེ་ཚོ་ནི་ནམ་ཡང་ང་ཚོའི་སེམས་ཁོང་གི་རྡོ་རིང་རེ་རེ་ཡིན།