བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༤༤༦ སྟེང་གི་རྩོམ་སྒྲིག་པའི་གཏམ།
བཀའ་ཁྲི་ལགས། ཁོང་གིས་ཁྱེད་ལྟ་བུའི་མི་སྣ་གལ་ཆེན་གཞན་ཞིག་འཚོལ་སྐབས། སྐུ་ཉིད་ནས་ཁོང་ཅིའི་ཕྱིར་བརྙེད་པ་རེད། བརྙེད་ནས་ལས་དོན་གཞན་ཞིག་གི་སྟེང་དུ་ཙོག་པུར་འདུག་དགོས་པའི་བཀའ་མངགས་གནང་དོན་ག་རེ་རེད།
འདས་པའི་ལོ་ ༡༠ གོང་དུ་བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་བོད་མི་ཚོས་དམངས་གཙོའི་ལམ་ནས་བཙལ་མགོ་བརྩམས་པ་ནས་བཟུང་ང་ཚོར་མི་འོས་འཚམ་ཞིག་མི་རག་པའི་དཀའ་ངལ་རྒྱུན་མུར་བྱུང་། ཐེངས་གཉིས་ལ་བཙལ་ཡང་སྐུ་ཉིད་ལས་ལྷག་ཅིག་མ་བརྙེད། ༧རྒྱལ་བ་རིན་པོ་ཆེ་མཆོག་ཀྱང་དེ་དུས་ཐུགས་ཕམ་ཏོག་ཙམ་བྱུང་སྟེ། ངོས་ནས་ད་རེབ་གཞོན་སྐྱེས་ཤིག་ཡོང་གི་མེད་འགྲོ་བསམ་ཡང་། སླར་ཡང་བླ་རྒན་མགོ་སེ་ཁོང་ཕེབས་བྱུང་། ཞེས་གསུངས་དགོས་པར་ཐུག ད་ནི་བོད་མི་རིགས་ཀྱིས་མི་འདོད་རུང་སྐུ་ཉིད་ཅིས་ཀྱང་བཀའ་ཁྲིའི་ཁྲི་སྟེགས་ནས་ཕེབས་དགོས་པ་རེད། ང་ཚོས་སླར་ཡང་ཁྲི་སྟེགས་འདིར་མི་འོས་འཚམ་ཞིག་འཚོལ་དགོས་པ་རེད།
ཉེ་ལམ་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་བཀའ་ཁྲི་རྗེས་མ་འཚོལ་བའི་ལས་གཞི་ཞིག་བརྩམས་པ་རེད། ཡིན་ཡང་། ཅུང་མ་འགོར་བར་སྐུ་ཉིད་ནས་ཐུབ་བསྟན་བསམ་འགྲུབ་ལགས་ལ། བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་སྐབས་འདིར་ཁྱེད་ཀྱིས་དབྱིན་ལན་དོན་གཅོད་ཀྱི་འགན་འཁྱེར་དགོས་པར་འདུག་ཅེས་བཀའ་མངགས་གནང་འདུག ཉིད་ཀྱིས་གསུངས་པ་བཞིན། བོད་ཀྱི་ད་ལྟའི་ཛ་དྲག་གི་སྐབས་འདིར་དབྱིན་ལན་དོན་གཅོད་ལའང་མི་ཤེས་འཇོན་ཅན་ཞིག་དགོས་པ་ལོས་ཀྱང་བདེན། ཡིན་ཡང་། ངའི་ཚོར་སྣང་ལ་ང་ཚོར་ཛ་དྲག་གི་གནས་སྐབས་འདིར་དབྱིན་ལན་དོན་གཅོད་ལས་གལ་ཆེ་བའི་ལས་དོན་ཞིག་ཡོད་པ་ནི་བཀའ་ཁྲི་རྗེས་མ་འཚོལ་རྒྱུ་དེ་རེད། སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ཀྱིས་བཀའ་ཁྲི་འོས་འཚམ་ཞིག་བརྙེད་མིན་དང་། མ་གཞི་ནས་མི་འོས་འཚམ་ཞིག་ཡོད་མེད་གང་ལྟར་ཡང་། ང་ཚོའི་ཛ་དྲག་གི་གནས་བབ་དང་། ད་དུང་ནར་མ་སོན་པའི་དམངས་གཙོ་འདི་ལ་མཚོན་ན་ལས་འགུལ་འདི་རང་ནི་གལ་ཆེན་དུ་གྱུར་ཡོད་པར་འདོད། ལྷག་པར་དུ་དུས་སྐབས་འདིར། བོད་མི་རིགས་ཀྱིས་རང་གི་ཆབ་སྲིད་ཀྱི་དབུ་ཁྲིད་འཚོལ་དགོས། དབུ་ཁྲིད་དེའི་ནུས་པ་འཚོལ་དགོས། དབུ་ཁྲིད་དེས་རང་གི་མི་དམངས་འཚོལ་དགོས། མི་དམངས་ཀྱི་མངོན་འདོད་འཚོལ་དགོས། འདི་ལྟར་དབུ་ཁྲིད་དང་མང་ཚོགས་ཀྱིས་ཕན་ཚུན་བརྙེད་ནས་ངོ་འཕྲོད་དགོས། འགན་ལེན་དགོས། བློ་འཁེལ་དགོས། བོད་མི་རིགས་ཀྱིས་ཚད་མཐོ་ས་ནས་མི་རིགས་རང་གི་བྱ་བཞག་བསྒྲུབ་དགོས་པ་རེད། འདི་ལྟའི་ཚད་གཞི་ཞིག་ཏུ་སླེབས་པ་ལ་གོང་གི་ལས་འགུལ་ནི་གལ་ཆེན་དུ་གྱུར་ཡོད། དེ་བས། བཀའ་ཁྲི་ལགས། འབྱུང་འགྱུར་གྱི་ལས་འགུལ་ཏེ། ང་ཚོས་ཁྱེད་ཀྱི་ཁྲི་སྟེགས་འདིར་བཞུགས་མཁན་གྱི་མི་སྣ་གལ་ཆེན་དེ་འཚོལ་བའི་བརྒྱུད་རིམ་ཁྲོད། ང་ཚོར་ཕྱོགས་གང་ཐད་ནས་བགེགས་དང་བར་ཆད་མི་འབྱུང་བའི་ཐུགས་སྨོན་རེ་གནང་བར་མཁྱེན།
བཀའ་བློན་ཁྲི་བ་ཟེར་བ་དེ་བོད་པའི་སྤྱི་ཚོགས་ཁྲོད་དུ་སྔར་གྲགས་མ་མྱོང་བ་ཞིག་གཏན་ནས་ཡོངས་མི་སྲིད་པ་རེད། རྒྱུ་མཚན་དེའི་ཕྱིར་ང་ཚོས་པར་བཙལ་དགོས་རྒྱུ་མ་རེད་ལ། བཙལ་ནའང་ས་འོག་གི་གཏེར་ནང་བཞིན་སྔར་མེད་པ་ཞིག་རྙེད་ཀྱི་མ་རེད་། བཀའ་བློན་ཁྲི་བའི་འོས་གཞི་ནི་བཙན་བྱོལ་བོད་གཞུང་གི་ལས་བྱེད་བྱས་མྱོང་མཁན་ཤེས་འཇོན་གཉིས་ལྡན་ཞིག་ངེས་པར་དུ་ཡིན་དགོས་རྒྱུ་རེད་། དེ་ཡང་དམངས་གཙོ་རྒྱལ་ཁབ་དང་སྟུན་ན་སོ་སོའི་འོས་མཁན་ཚོས་རང་ངོས་ནས་བཀའ་བློན་ཁྲི་བར་ཕེབས་རྒྱུ་འདུན་པ་ཆེ་ཆེར་ཡོད་པ་དང་། དེའི་དོན་དུ་རང་ཉིད་ཐོབ་ཐབས་ལ་ལས་འགུལ་སྣ་ཚོགས་སྤེལ་བ་སོགས་བྱེད་དགོས་པ་དེ་ཀ་རང་རེད་། ང་ཚོའི་ངོས་ནས་ཉེ་རིང་ཆགས་སྡང་སྤངས་ཏེ་བློ་གཟུ་བོར་གནས་པའི་སྒོ་ནས་མི་ཤེས་འཇོན་གཉིས་ལྡན་ཞིག་འདེམས་རྒྱུ་དེ་རེད་། བོད་པའི་སྤྱི་ཚོགས་ཁྲོད་དུ་རྨོངས་དད་ཤུགས་ཆེན་པོ་ཡོད་སྟབས་བླ་མ་ཞིག་འདེམས་མི་སྲིད་མ་རེད་། འོན་ཀྱང་དེ་ནི་ནོར་འཁྲུལ་རེད་། རྒྱུ་མཚན་ནི་བླ་མ་རྣམས་ཆོས་ཀྱི་རྣམ་ཐར་གཙང་མ་ཞིག་བཟུང་ནས་གཞན་ལ་ཕན་ཇི་ཐོགས་གཟིགས་རྒྱུ་དང་། ཆབ་སྲིད་པ་ཚོས་རང་གི་མི་རིགས་དང་རྒྱལ་ཁབ་ཁོ་ནས་ཁེ་ཕན་བསྒྲུབ་རྒྱུ་དེ་རེད་། ཆོས་དང་ཆབ་སྲིད་གཉིས་ནི་ཁ་ཁ་རེད་། ཆོས་ཕྱོགས་ནས་ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་། གྱོང་དང་ཕམ་ཁ་རང་གིས་ཁུར་ཟེར་བ་ལྟར་སྒྲུབ་དགོས། སྲིད་ཕྱོགས་ནས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་་ཁེ་ཕན་ཁོ་ན་སྒྲུབ་དགོས། རྒྱུ་མཚན་འདི་དག་ལ་བརྟེན་ནས་བླ་མ་ཞིག་མ་འདེམས་ན་དགེ་མཚན་ཆེན་པོ་ཡོད་པ་མཁྱེན་རོགས་ཞུས། འོས་གཞི་དེ་ཡང་རང་ལོ་བཞི་བཅུ་ཡན་དང་དྲུག་ཅུ་མན་གྱི་བར་ན་ཡོད་པའི་མི་ཤེས་འཇོན་གཉིས་ལྡན་། ལོ་མང་རིང་བཙན་བྱོལ་བོད་གཞུང་གི་ལས་བྱེད་བྱས་མྱོང་ཡོད་པ་ཅིག་འདེམས་ན་ལེགས་པར་སྙམ།
བཀུར་འོས་རྩོམ་སྒྲིག་པ་ལགས། ཁྱེད་ཀྱི་གཏམ་ལ་རྨོངས་འཆར་ཐུང་ཐུང་ཞིག་ཞུ་འདོད་བྱུང་།
དང་པོ། ཐུབ་བསྟན་བསམ་འགྲུབ་ལགས་དབྱིན་ལན་དོན་གཅོད་ཆགས་པ་དེས་ཁོང་གི་བཀའ་ཁྲི་འཚོལ་བའི་ལས་འགུལ་ལ་དོ་ཕོག་རྒྱ་ཆེར་འགྲོ་ཨེ་ཡོང་བསམ།
བཀའ་ཁྲི་འཚོལ་བའི་ལས་འགུལ་འདི་རྒྱ་ཆེན་པོ་ཞིག་སྤེལ་ཐུབ་དང་མ་ཐུབ་ཟེར་བ་དེ་མདོར་དེད་ན་། ཐུབ་བསྟན་བསམ་འགྲུབ་ལགས་ཀྱི་འཇོན་ནུས་དང་ཁོང་གི་ལས་འགུལ་ལ་མི་མང་གི་ངོས་ནས་དོ་སྣང་དང་གཞོགས་འདེགས་ཅི་ཙམ་བྱེད་མིན་བཅས་ལ་རེག་ལས་ཀྱི་ཡོད་རེད་བསམ། ཐུབ་བསྟན་བསམ་འགྲུབ་ལགས་ལ་མཚོན་ན་ཡང་ལས་འགུལ་དེ་མུ་མཐུད་དུ་སྤེལ་བའི་འདུན་པ་ནི་ཡོད། བཀའ་ཁྲི་དང་བཀའ་ཤག་གིས་ཀྱང་ད་ཕན་ལས་འགུལ་དེ་མཚམས་འཇོག་དགོས་བའི་བཀའ་བཏང་མེད། དེར་བརྟེན། ཐུབ་བསྟན་བསམ་འགྲུབ་ལགས་་དོན་གཅོད་ཀྱི་རྐུབ་སྟེགས་སྒང་ལ་བཞག་པ་དེ་ལས་འགུལ་གྱི་བཀག་རྡོ་ཞིག་ཆགས་ཡོད་མེད་ལ་དཔྱད་ཞིབ་བྱེད་རྒྱུ་གལ་ཆེར་མཐོང་།
ཕྱོགས་གཞན་ཞིག་ནས། བཀའ་ཁྲི་འཚོལ་བའི་ལས་འགུལ་དེར་བཀའ་ཤག་དང་བཀའ་ཁྲིའི་ངོས་ནས་བཀག་འགོག་མེད་པ་དང་ཐུབ་བསྟན་བསམ་འགྲུབ་ལགས་ལ་ཡང་མུ་མཐུད་དུ་ལས་འགུལ་སྤེལ་འདོད་ཀྱི་འདུན་པ་ཡོད་ན། བཀའ་ཁྲི་འཚོལ་བ་ལ་འབྲེལ་ལམ་དང་མི་ཤུགས། བརྒྱུད་ལམ་བཅས་སྔར་ལས་ཡག་ཏུ་ཕྱིན་མེད་དམ་སྙམ། གཙོ་བོ་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་དོན་གཅོད་ཀྱི་རྐུབ་སྟེགས་དེ་བོད་སྤྱི་བའི་དོན་ལ་ཇི་ལྟར་བེད་སྤྱོད་གཏོང་ཐུབ་མིན་ལ་ཡང་རག་ལས་ཀྱི་འདུག་སྙམ།
གཉིས། ངེད་ཀྱི་བསམ་ཚུལ་ནི། བོད་རིགས་རྩོམ་འབྲི་བ་ཚོས་དཔྱད་ཞིབ་དང་ཞིབ་འཇུག་གི་བློ་སྔོན་ལ་བཏང་ནས། རྩོམ་ཡིག་སྤེལ་བ་དང་བསམ་ཚུལ་བཤད་རྒྱུ་ནི་ཧ་ཅང་ནས་གལ་ཆེར་མཐོང་གི་ཡོད། འོན་ཀྱང་། ད་ཕན་དེ་ལྟར་བྱེད་མཁན་ནི་ཉུང་ཤས་ལས་མ་མཐོང་། ངེད་རང་གིས་ཁྱེད་ཀྱིས་སྤེལ་བའི་རྩོམ་སྒྲིག་པའི་གཏམ་མང་དག་ཅིག་བྐླགས་པའི་བརྒྱུད་རིམ་ཁྲོད།
ངེད་ཀྱི་སྣང་ངོར་རྩོམ་སྒྲིག་པའི་གཏམ་གྱི་དམིགས་ས་གཅིག་ནི་ཟམ་གདོང་རིན་པོ་ཆེ་དང་ཁོང་གི་འཛིན་སྐྱོང་ཡིན་པའི་ཚོར་སྣང་ཞིག་སླེབས།་ ཟམ་གདོང་རིན་པོ་ཆེ་དང་ཁོང་གི་འཛིན་སྐྱོང་གིས་ལས་དོན་བྱེད་ཕྱོགས་ཐད། ནོར་འཁྲུལ་དང་འཐུས་ཤོར་ཡོད་ན། མ་འགྲིག་པ་དང་བྱས་ཉེས་ཡོད་ན། དེ་གླེང་དགོས་རྒྱུ་ནི་ཧ་ཅང་ནས་གལ་ཆེར་མཐོང་།
འོན་ཀྱང་། དེ་དག་གླེང་བ་ལ་ངེས་པར་དུ་ཞིབ་འཇུག་དང་དཔྱད་ཞིབ་ཀྱི་བློ་སྔོན་ཏུ་གཏོང་དགོས་རྒྱུ་ནི་དེ་བས་ཀྱང་གལ་ཆེ་།
ད་ཕན་རྩོམ་སྒྲིག་པའི་གཏམ་གྱི་ནང་དུ། ཟམ་གདོང་རིན་པོ་ཆེ་དང་ཁོང་གི་འཛིན་སྐྱོང་སྐོར་ལ་སྐད་ཆ་མང་དག་ཅིག་བཤད་ཡོད། བསམ་ཚུལ་ཇི་སྙེད་ཅིག་སྤེལ་ཡོད།
དོན་དངོས་སུ་དཔྱད་ཞིབ་དང་ཞིབ་འཇུག་བྱས་ནས་གླེང་བ་རེ་གཉིས་ལས་མ་མཐོང་། བསམ་ཚུལ་དང་སྐད་ཆ་མང་ཆེ་བ་གོ་ཐོས་གཙོ་བོར་བཟུང་ནས་གླེང་འདུག
སྲང་ལམ་གྱི་གླེང་སློང་གཙོ་བོར་བཟུང་ནས་བརྗོད་འདུག སྒེར་གྱི་ཚོར་བ་གཙོ་བཞག་བྱས་ནས་གླེང་འདུག འདི་ནི་ངེད་ཀྱི་རྨོངས་འཆར་ཙམ་ཡིན།
ངེད་རང་སྒེར་གྱི་ངོས་ནས། རྩོམ་སྒྲིག་པའི་གཏམ་གྱིས་གནས་ལུགས་ཤོད་ཀྱིན་ཡོད་མེད་ལ་བལྟ་གིན་ཡོད་། རྩོམ་སྒྲིག་པའི་གཏམ་གྱིས་རྒྱུ་མཚན་བཤད་ཐུབ་ཀྱི་ཡོད་མེད་ལ་བལྟ་གིན་ཡོད། ཕྱོགས་དེ་མཚུངས་།རྩོམ་སྒྲིག་པའི་གཏམ་ལ་ཚིག་སྦྱོར་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེར་ཡང་རྗེས་སུ་ཡི་རངས་ཞུ་བཞིནཡོད།
ངེད་ཀྱི་རེ་བར། རྩོམ་སྒྲིག་པ་མཆོག་གིས་ཞིབ་འཇུག་དང་དཔྱད་ཞིབ་ཀྱི་བློ་སྔོན་ཏུ་བཏང་ནས། ད་ལྟའི་བཀའ་བློན་ཁྲི་བ་དང་ཁོང་གི་འཛིན་སྐྱོང་གི་ཕྱོགས་ཀྱི་མ་འཐུས་བ་དང་མ་ཚང་བ།
ལྷག་པར་དུ་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་གནད་དོན་དེ་ཚོའི་སྐོར་ལ་ཞིབ་འཇུག་གི་དཔྱད་བརྗོད་ཞིག་སྤེལ་ཐུབ་ན་དགེ་ཕན་ཆེ་བར་མཐོང་།
གཞན་རྩོམ་སྒྲིག་པའི་གཏམ་འདི་ྐློག་མཁན་གྱི་དོ་སྣང་འདྲེན་ཐབས་གཅིག་པོའི་ཆེད་དུ་དམིགས་པ་ཞིག་ཡིན་ན་ནི། ངེད་ལ་བསམ་ཚུལ་ཞུ་རྒྱུ་མེད།
གསུམ། གོང་དུ་ཁྱེད་ཀྱིས། ཁོང་གིས་ཁྱེད་རང་ལྟ་བུའི་མི་སྣ་གལ་ཆེན་གཞན་ཞིག་འཚོལ་སྐབས། སྐུ་ཉིད་ནས་ཁོང་ཅིའི་ཕྱིར་བརྙེད་པ་རེད་དམ། བརྙེད་ནས་ལས་དོན་གཞན་ཞིག་གི་སྟེང་དུ་ཙོག་པུར་འདུག་དགོས་བའི་བཀའ་མངགས་གནང་དོན་ག་རེ་རེད་ཟེར་ནས་དྲི་བ་འགའ་བཏང་འདུག སྤྱིར་ཡིན་ན། དྲི་བ་འདི་དག་མ་བཏང་བའི་སྔོན་ལ་ཁྱེད་རང་སོང་ནས་བཀའ་ཁྲི་མཆོག་ལ་གནས་ཚུལ་འདིའི་སྔ་ཕྱིའི་བརྒྱུད་རིམ་ཚང་མ་གསལ་བོ་ཞིག་ན་དྲིས་ན་མི་ཆོག་པ་ཅི་རེད། དེ་ལྟར་དྲིས་ཡོད་ན་ྐློག་མཁན་དག་ལ་ཕན་པར་མ་ཟད་ྐློག་མཁན་དག་གིས་ཀྱང་རྨོངས་ཚོད་དུ་མཆན་བུ་འདེབས་དགོས་ཀྱི་མི་འདུག་སྙམ། དོན་དངོས་སུ། ཁྱེད་ཀྱིས་བཀའ་ཁྲི་མཆོག་ལ་གནད་དོན་དེའི་ཕྱོགས་ནས་སྐད་ཆ་མ་དྲིས་བ་རེད་དམ། བཀའ་ཁྲི་མཆོག་གིས་ཁྱེད་ལ་དྲི་ལན་མ་བརྒྱབ་པ་རེད།
གནས་ཚུལ་གྱི་ཕྱོགས་ངོས་གཉིས་ཀར་མ་བལྟས་བར། བསམ་ཚུལ་སྤེལ་སྟངས་འདིས་རྒྱུ་མཚན་བཤད་ཐུབ་ཀྱི་མི་འདུག་སྙམ། བདེན་པ་རྙེད་ཀྱི་མི་འདུག་སྙམ།
ཁ་སྔོན་ཡང་ཉིད་ཀྱིས་བཀའ་ཁྲི་འཚོལ་མཁན་བོར་འདུག་ཟེར་བའི་བསམ་ཚུལ་ཐུང་ཐུང་ཞིག་སྤེལ་སོང་། འོན་ཀྱང་། བསམ་ཚུལ་ཐུང་ཐུང་དེ་གོ་ཐོས་ཙམ་ཞིག་རེད་འདུག་མ་གཏོགས་དོན་དངོས་སུ་ཁྱེད་ཀྱིས་བཀའ་ཁྲི་འཚོལ་མཁན་བོར་ཡོད་མེད་ལ་དཔྱད་ཞིབ་བྱས་མི་འདུག ངེད་ཀྱི་རེ་བར། བོད་རིགས་རྩོམ་འབྲི་བ་ཚོས་དཔྱད་ཞིབ་དང་ཞིབ་འཇུག་གི་བློ་སྔོན་ཏུ་བཏང་ནས་བསམ་ཚུལ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེར་མཐོང་།
རྨོངས་འཆར་འདི་ྐློག་པ་པོ་དཀྱུས་མ་ཞིག་གི་སེམས་པའི་ཁྱད་ཙམ་ཡིན།
དེ་ཙམ་ཞུ།
རྒྱ་ནག་གི་བྱེད་སྟངས་རང་རེད། ཝེ་ཅིན་ཧྲིན་དང་ཝང་ཏན་སོགས་ཀྱིས་རྒྱ་ནག་སྐམ་ས་ཆེན་པོར་དམངས་གཙོའི་ལས་འགུལ་སྤེལ་དུས་ཨ་རིར་སྨན་བཅོས་ལ་ཁ་གཡར་ནས་རྒྱང་འཕུད་དུ་བཏང་བ་རེད། ཐུབ་བསམ་ཡང་འདི་ལྟར་རྒྱང་འཕུད་དུ་མ་བཏང་བར་མང་ཚོགས་རང་བཞིན་གྱི་ལས་འགུལ་སྤེལ་དུ་བཅུག་ན་སྐུ་ངོ་ཁོང་གིས་དབང་ཆ་སྒེར་གཅོད་བྱེད་ཐུབ་ཀྱི་མ་རེད།
སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ལས་ཀ་འདི་འཚམས་བཞག་རྒྱུ་མ་རེད། གལ་སྲིད་སྤྱི་ཟུར་ཁོང་རང་ཉིད་ལས་ཀ་གཞན་གྱི་མཛད་བྲེལ་གྱིས་ལས་དོན་འདི་འཇུག་སྐྱོང་མ་ཐུབ་ན། ཁོང་གིས་བཀའ་ཁྲི་འཚོལ་མཁན་གྱི་ཚོགས་ཆུང་ཞིག་བཙུག་ཡོང་གི་རེད་སྙམ།