གསོ་
ཝེ་བརྟ་སྨན་ཨེ། Vitamin A
འབྱུང་ཁུངས། ཁམ་བུ་སོས་པ། ཉ་ཁ་ཆུང་ངམ་ཉེ་ཤིང་ཚལ། སྦོ་འཁོར་པད་ཚལ། ཁན་ཊ་ལོ་པེ། གོང་ལ་ཕུག སྒོ་ང༌། གྲང་ཚལ་རྒྱལ་པོ། མཆིན་པ། འོ་མ། བྲུམ་ཤ་ ཡུངས་ཀར་ལོ་ལྗང༌། པ་ལག སིལ་ཀོ་ ཞོ་ཁོག་མངར་མོ། ཀྲོ་མ་ཀྲོ་ ཆུ་ག་གོན་བཅས་ཀྱི་ཟས་རིགས་ནང་ན་ཡོད།
ཕན་ཡོན། མིག་གི་ནད་རིགས་ཏེ་མཚན་ལ་མི་མཐོང་བའི་སྲོད་ལོང་སྔོན་འགོག་དང་མིག་གི་མཐོང་བྱེད་རྫས་ནུས་ གསོ་སྐྱེད་བྱེད། རུས་པ་དང་སོ་སྐྱེ་བ་དང་བསྐྱར་གསོ། པགས་པ་དང་སྐྲ། འབྱར་སྐྱི་བཅས་ཀྱི་སྐྱེ་འཕེལ་དང་སྲུང་འཛིན། དབུགས་ལམ་དང་འབྲེལ་བའི་ནད་རིགས་དང་སུབ་བེ་ལྟ་བུའི་འགོས་ནད་རིགས་འགོག་པའི་ནད་འགོག་ནུས་ཤུགས་གསོ་སྐྱེད་བྱེད།
མི་སུས་འཐུང་ན་ཕན་ནམ། ཀ་ལོ་རེ་ (Calorie) འམ་འཚོ་བཅུད་ཀྱིས་མ་འདང་བ། ཆང་རག་དང་དུག་རྫས་ཚད་མེད་སྤྱོད་མཁན། ནད་གཅོང་ཅན་དང་རྙིངས་ཚད་ཡོད་མཁན། ཡུན་རིང་སེམས་སྡུག་གིས་མནར་བ། གཤག་བཅོས་བྱས་ཏེ་ཡུན་རིང་སོང་མེད་རིགས། མེ་ཡིས་འཚིག་པ་དང་བརྡབ་སྐྱོན་གསར་པའི་རིགས། ལུས་སྟོབས་དང་འཚོ་བཅུད་ཞན་པའི་བྱིས་པས་འཐུང་ན་ཕན་ཆེ།
ལུས་ལ་ཉུང་དྲགས་པའི་སྐྱོན། སྲོད་ལོང༌། མིག་ཆུ་འདོན་ཉུང་བ། མིག་གི་དབང་སྟོབས་ཞན་དུ་སོང་སྟེ་ཐ་ན་ལོང་བ་ཆགས་པ། དབུགས་ལམ་གྱི་འགོས་ནད་ཕོག་སླ་བ། པགས་པ་སྐམ་ལ་རྩུབ་པོ་ཆགས་པ། ལུས་པོའི་ལྗིད་ཚད་ཆག་པ། རུས་པ་འཚར་སྐྱེ་བྱེད་དལ་བ། སོ་རྩི་ཞན་པ། བཤལ་ནད། གཟུགས་པོ་འཚར་དལ་བ། སྲིན་ཏོར། གཉིད་མེད་པ་དང་ལུས་ཐང་ཆད་པ་བཅས་བྱུང༌།
ལུས་ལ་མང་དྲགས་པའི་སྐྱོན། སོ་རྙིལ་ནས་ཁྲག་འདོན་པའམ་ཁ་ཡི་ཕྱི་ནང་ན་བ། ཕྲུ་གུའི་མགོ་ལ་སྐྲངས་འབུར་འདོན་པ། ཀླད་པར་ཆུ་གསོག་པ། རྨོངས་འཐིབ་དང་དོན་མེད་སྤྲོ་སྣང་བྱེད་པ། བཤལ་བ། སྐྱུགས་པ། མགོ་ཡུ་འཁོར་བ། མིག་གཟུགས་གཉིས་མཐོང་བ། མགོ་ན་བ། སྡོད་བཟོད་མེད་པ། པགས་པ་སྐམ་པ། སྐྲ་བྱིད་པ། མཆུ་ངོས་དང་ལག་མཐིལ་ལ་སེར་ག་འགས་པ། བརྒྱལ་གཟེར། མཆིན་པ། དང་མཚེར་པ་སྐྲངས་པར་བྱེད།
དོ་སྣང༌། མངལ་སྦྲུམ་འདོད་པའམ་སྦྲུམ་མའི་རིགས་ཀྱིས་མ་འཐུང་ན་ལེགས། མཁྲིས་པ་དང་ལྒང་ཕུག་གི་སྐྲངས་རྡོག གཅིན་སྙི་ཟ་ཁུ། བཤལ་ནད་ཅན་གྱི་རྒྱུ་མའི་ནད། མཁལ་མིའི་ནད། མཆིན་པའམ་མཚེར་བ་ཆེན་པོ་ཆགས་པ། སྐེ་རྨེན་གྱི་བྱེད་ལས་འཕེལ་བའི་རིགས། གཤེར་མའི་ནད། མཆིན་ནད་དུག་ཐབས། ཆང་རག་ཡུན་རིང་འཐུང་བའི་རིགས། ཕྲུ་གུར་འོ་མ་སྟེར་མཁན་གྱིས་སོ་སོའི་སྨན་པ་ལ་ལམ་སྟོན་ཞུ་དགོས། ལོ་ན་ ༥༥ ཡན་ལོན་པའི་རྒན་པ་རྣམས་ལ་འཚོ་བཅུད་འདང་ངེས་མེད་སྟབས་ཝེ་བརྟ་སྨན་འདི་དགོས་གལ་ཆེ། སྤྱིར་མང་དྲགས་པ་དང་ཉུང་དྲགས་པས་དེ་ཡི་གནོད་སྐྱོན་འབྱུང་བས། ནམ་རྒྱུན་འཐུང་ཐུན་ཚད་དང་ལྡན་པ་ཡིན་དགོས། ཐ་མག་དང་ཆང་གིས་ཝེ་བརྟ་སྨན་འདིའི་ཕན་ནུས་ལ་གནོད་གེགས་བྱེད།
H. Winter Griffith “Minerals Supplements & Vitamins” ནས་སྒྱུར་སྒྲིག་བྱས།