གསོ་
མིའི་གཟུགས་པོ་ཆགས་སྟངས།
བོད་ཀྱི་གསོ་རིག་གིས་འབྱུང་བ་ལྔ་སྟེ་ས་ཆུ་མེ་རླུང་ནམ་མཁའ་བཅས་ཀྱི་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་མིའི་གཟུགས་པོ་འདི་ཐོག་མར་ཆགས་པ། བར་དུ་གནས་པ། མཐའ་མར་འཇིག་པའི་ལས་ཀ་བྱེད་ཀྱི་ཡོད་པར་འདོད། མིའི་ལུས་པོ་ལ་དཔེར་བཞག་ན། འབྱུང་བ་ས་ཡིས་ལུས་ཁམས་ཀྱི་གཞི་རྟེན་རུས་པ་དང་ཤ་བཅས་སྲ་བའི་ཆ་དང་དྲི་ཚོར་བྱེད་སྣ་དབང་སྐྱེད་པ། ཆུ་ཡིས་སྲ་བའི་ཆ་ཤས་རྣམས་ཕྱོགས་གཅིག་ཏུ་སྡུད་ཅིང་ཁྲག་དང་ཆུ་སེར་སོགས་རླན་གཤེར་གྱི་ཆ་ཤས་དང་བྲོ་བ་མྱོང་བྱེད་ལྕེ་དབང་སྐྱེད་པ། མེ་ཡིས་ལུས་ཀྱི་དབང་རྟེན་ཁག་སྨིན་ཞིང་དྲོད་ཀྱི་ཆ་ཤས་དང་མདོག་མདངས། གཟུགས་མཐོང་བྱེད་མིག་དབང་སྐྱེད་པ། རླུང་གིས་ལུས་ཀྱི་ཕྱི་ནང་དུ་རྒྱུ་བའི་དབུགས་དང་པགས་པའི་ཆ་ཤས་དང་རེག་བྱའི་དབང་པོ་སྐྱེད་པ། ནམ་མཁའ་ཡིས་ལུས་པོ་དང་དེའི་དབང་རྟེན་འཕེལ་བའི་གནས་སྟོང་འབྱེད་ཅིང་སྲོག་དང་ཟུངས་རྒྱུ་བའི་བུ་གའི་ཆ་ཤས་དང་སྒྲ་ཐོས་བྱེད་རྣ་དབང་པོ་སྐྱེད་པ་བཅས་ལ་བརྟེན་ནས་ལུས་ཁམས་ཧྲིལ་བོ་འདི་གྲུབ་པ་ཡིན།
མིའི་རང་བཞིན་མི་འདྲ་བ་ཇི་ལྟར་འབྱུང་ངམ།
ལུས་ལ་ལྷན་སྐྱེས་སུ་ཡོད་པའི་འབྱུང་བ་ལྔ་དེས་རང་ཉིད་དང་རྟེན་འབྲེལ་ཚུལ་དུ་གནས་ཤིང་བྱེད་ལས་འདྲ་མཚུངས་ཡིན་པའི་ཉེས་པ་གསུམ་སྟེ་རླུང་དང་མཁྲིས་པ། བད་ཀན་གསུམ་སྐྱེད་པར་བྱེད། དེ་ཡང་འབྱུང་བ་རླུང་ནི་ཕྱི་ནང་དུ་རྒྱུ་བའི་དབུགས་རླུང་གི་རང་བཞིན་ཡིན་པས་ཉེས་པ་རླུང་དང༌། འབྱུང་བ་མེ་ནི་ཚ་དྲོད་ཀྱི་རང་བཞིན་ཡིན་པས་ཉེས་པ་མཁྲིས་པ། འབྱུང་བ་ས་ཆུ་གཉིས་བསིལ་བའི་རང་བཞིན་ཡིན་པས་ཉེས་པ་བད་ཀན་སྐྱེད་པར་བྱེད་པ་ཡིན། དེ་ལྟར་ལུས་ཆགས་བྱེད་ཀྱི་ས་བོན་ཕ་མའི་ཁུ་ཁྲག་གཉིས་ལ་ལྷན་སྐྱེས་སུ་ཡོད་པའི་ས་ཆུ་མེ་རླུང་ནམ་མཁའ་བཅས་འབྱུང་བ་ལྔའམ་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྱི་འདུས་ཚད་ལ་སྟོབས་ཆེ་ཆུང་འབྱུང་གི་ཡོད་པ་དང༌། ལུས་ཁམས་འདི་ཉིད་ཨ་མའི་མཇལ་དུ་གནས་པའི་སྐབས་ཀྱང༌། ཨ་མའི་ཟས་སྤྱོད་བསྟེན་སྟངས་ཀྱི་ཁྱད་པར་ལ་བརྟེན་ནས་འབྱུང་བ་ལྔའམ་ཉེས་པ་གསུམ་གྱི་སྟོབས་གཅིག་འདྲ་མིན་པར་ཤས་ཆེ་ཆུང་ཐོན་གྱི་ཡོད་པས་མི་སོ་སོའི་ལུས་ཁམས་ཀྱི་རང་བཞིན་ཡང་མ་འདྲ་བ་ཡོང་གི་ཡོད།
མི་ཞིག་གི་ལུས་ཁམས་དེ་འབྱུང་བ་རླུང་ངམ་ཉེས་པ་རླུང་གི་སྟོབས་ཆེ་བ་ལས་གྲུབ་པ་ཞིག་ཡིན་ན་མི་དེ་ནི་རླུང་གི་རང་བཞིན་ཡིན་པ་དང༌། ཡང་མི་ཞིག་གི་ལུས་ཁམས་དེ་འབྱུང་བ་མེའམ་ཉེས་པ་མཁྲིས་པའི་སྟོབས་ཆེ་བ་ལས་སྐྱེད་པ་ཞིག་ཡིན་ན་མི་དེ་མཁྲིས་པའི་རང་བཞིན་ཡིན་པ། དེ་བཞིན་མི་ཞིག་གི་ལུས་ཁམས་དེ་འབྱུང་བ་ས་ཆུ་གཉིས་སམ་ཉེས་པ་བད་ཀན་གྱི་སྟོབས་ཆེ་བ་ལས་གྲུབ་པ་ཞིག་ཡིན་ན་མི་དེ་བད་ཀན་གྱི་རང་བཞིན་ཅན་ཡིན། གལ་ཏེ་འབྱུང་བ་ལྔ་ལས་ཁ་ཤས་སམ་ལྔ་ག་ཚང་བ། ཡང་ན་ཉེས་པ་གསུམ་ལས་གཉིས་གཉིས་སམ་གསུམ་ག་ཆ་མཉམ་དུ་སྟོབས་ཆེ་བ་གཅིག་མཚུངས་ཡིན་ཚེ། ལུས་ཁམས་དེ་ཡང་རླུང་མཁྲིས་གཉིས་ལྡན་ནམ་རླུང་མཁྲིས་བད་གསུམ་ཅན་གྱི་རང་བཞིན་ཡིན་པར་བརྟེན། མིའི་རང་བཞིན་ལ་དབྱེ་ན་གཙོ་བོ་རླུང་གི་རང་བཞིན་ཅན། མཁྲིས་པ་ཅན། བད་ཀན་ཅན་བཅས་རྐྱང་པ་གསུམ་དང༌། དེ་དག་འདྲེས་པ་ལས་རླུང་མཁྲིས་གཉིས་ལྡན། བད་མཁྲིས་གཉིས་ལྡན། བད་རླུང་གཉིས་ལྡན་བཅས་ལྡན་པ་གསུམ། རླུང་མཁྲིས་བད་ཀན་གསུམ་འདུས་ཅན་བཅས་རིགས་བདུན་ལ་དབྱེ་ཡོད།
མིའི་ལུས་ཁམས་ཀྱི་རང་བཞིན་དེ་དག་ལ་དགའ་ཁ་འཁྱེར་ཕྱོགས། བསམ་བློ་གཏོང་སྟངས། ལུས་གཟུགས་ཆེ་ཆུང༌། བཟོ་དབྱིབས། རྣམ་པ་བཅས་མི་འདྲ་བ་རེ་ཡོད་སྟབས། མི་གང་ཞིག་གི་ལུས་ཁམས་ཀྱི་རང་བཞིན་དེ་རང་ཉིད་ཀྱི་གཤིས་ཀ་དང་འབྲེལ་བ་ཡོད་ལ། གཤིས་ཀ་དེ་ཟས་སྤྱོད་བསྟེན་སྟངས་དང་འབྲེལ་བ་ཡོད་པ། ཟས་སྤྱོད་དེ་ལུས་སེམས་ཀྱི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པས། མི་སུ་ཡིན་རུང་ནད་མེད་པར་འདུག་པ་དང༌། ན་བ་གསོས་ཏེ་ཚེ་རིང་བར་འདོད་ན་རང་ཉིད་ཀྱི་ལུས་ཁམས་དེ་རླུང་མཁྲིས་བད་ཀན་གྱི་རང་བཞིན་གང་ཡིན་མིན་ཤེས་རྟོགས་བྱེད་རྒྱུ་ཧ་ཅང་གལ་ཆེ།
མིའི་རང་བཞིན་གྱི་ཁྱད་པར།
སྤྱིར་རླུང་གི་རང་བཞིན་ཅན་གྱི་མི་ནི། ལུས་པོ་སྒུར་བ། གཟུགས་པོ་རིང་དྲགས་པའམ་ཡང་ན་ཐུང་དྲགས་པ། ལུས་བོངས་ཆུང་བ། ལུས་ཡང་ལ་རྩལ་ཆེ་བ། ལུས་ཤ་སྐམ་པ། རུས་ཚིགས་ཕྱིར་ཐོན་པ། པགས་མདོག་སྔོ་ལ་གནག་པ། ལུས་ལ་རྔུལ་ཉུང་བ། པགས་པ་སྐམ་ལ་རྩུབ་པ་གས་སླ་བ། སྐྲ་སྦོམ་པོ་རྩུབ་ལ་འཛིངས་པ། སེན་མོ་སྲབ་ལ་ཆག་སླ་བ། ཕོ་བའི་མེ་དྲོད་སྙོམས་པོ་མེད་པར་སྐབས་འགར་འཇུ་སྟོབས་ཆེ་ལ་སྐབས་འགར་ཆུང་བ། ལུས་ཤ་འཕེལ་དཀའ་བ། ལྟོགས་སླ་བ། བཟའ་བཏུང་མངར་མོ་དང་སྐྱུར་བ་ཚྭ་ཅན་རིགས་ལ་དགའ་བ། བཤང་བ་སྐམ་ལ་འགག་པ། སྐད་ཆ་མང་བ། འདོད་ཧམ་ཆེ་བ། རང་ཚུགས་བརྟན་པོ་མེད་ཅིང་འགྱུར་སླ་བ། གཤིས་རྒྱུད་རྩུབ་པ། བློ་རྒྱ་ཆུང་བ། སྐྲག་སྣང་དང་སྐྱོ་སྡུག་སྐྱེ་སླ་བ། སྡོད་ཚུགས་མེད་པ། འཆར་གཞི་འདིངས་པར་དགའ་བོ་མེད་པ། འཆར་གཞི་འདིངས་པར་དགའ་བོ་མེད་པ། གཉིད་ཆུང་བ། རྨི་ལམ་ཟ་ཟི་གཏོང་མང་བ། གྲང་ལྷགས་མི་བཟོད་ཅིང་དྲོད་དང་ཉི་འོད་ལ་དགའ་བ། ཆགས་པ་གང་བྱུང་སྤྱོད་པར་དགའ་བ། ཅིང་འཁྲུལ་སྣང་ཆེ་བ། རྩ་དཀར་དབང་རྩ་དང་སེམས་ཁམས་ཀྱི་ནད་གཞི་འབྱུང་སླ་བ་བཅས་ཀྱི་ཁྱད་ཆོས་ཡོད།
མཁྲིས་པའི་རང་བཞིན་གྱི་མི་ནི། ལུས་གཟུགས་འབྲིང་ཅན་སྐམ་པོ་མིན་ལ་རྒྱགས་པ་ཡང་མིན་པ། སྤྲེའུ་ལྟར་ལུས་དང་མིག་འབྲས་སྐྲ་མདོག་བཅས་སེར་བ། ངོ་གདོང་པགས་ངོས་དང་སྐྲ་ལ་སྣུམ་ཞད་ཆེ་བ། ལུས་དྲོད་ཆེ་བ། ཁྲག་རྒྱུན་འཁོར་རྒྱུགས་བཟང་བ། ལུས་ལ་རྔུལ་མང་ཞིང་དྲི་ཆེ་བ། ཕོ་བའི་མེ་དྲོད་ཀྱི་སྟོབས་ཆེ་བས་ཟས་འཇུ་མགྱོགས་པ། ལུས་ཤ་སྐེམ་སླ་ཞིང་འཕེལ་ཡང་སླ་བ། སྐོམ་དད་དང་ལྟོགས་སྣང་གཉིས་ཀ་ཆེ་བ། བཟའ་བཏུང་མངར་མོ་དང་ཁ་ཏིག་བསྐ་བའི་རིགས་ལ་དགའ་བ། བཤང་བ་སླ་ཞིང་བཤལ་སླ་བ། བློ་རིག་རྣོ་ལ་དྲན་སྐྱེན་པ། ང་རྒྱལ་དང་ཞེ་སྡང་ཆེ་བ། སྤོབས་པ་ཆེ་ཞིང་རང་གི་བསམ་ཚུལ་བཤད་པར་དགའ་བ། གྲང་བསེར་བུ་ལ་དགའ་བ། ཆགས་སྤྱོད་ཀྱི་འདོད་ཞེན་ཆེ་བ། ཚ་བ་གཉན་ཚད་དང་མཁྲིས་པའི་ནད་གཞི་འབྱུང་སླ་བའི་ཁྱད་ཆོས་ཡོད།
བད་ཀན་རང་བཞིན་ཅན་གྱི་མི་ནི། ལུས་སྟོབས་ཆེ་ལ་ཤ་རྒྱགས་པ། རུས་ཚིགས་མི་མངོན་པ། ལུས་དབྱིབས་ཡར་དགྱེ་བ། ཤ་མདོག་དཀར་ལ་གཟུགས་བཟང་བ། ཤ་པགས་འཇམ་པ། ལུས་གྲང་མོར་སྡོད་ཅིང་དྲོད་ཚད་ཆུང་བ། པགས་པ་མཐུག་ལ་སྣུམ་ངད་ཅུང་ལྡན་པ། མིག་དཀྱུས་རིང་ལ་ཁ་གང་བ་མདངས་དང་ལྡན་པ། མགོ་སྐྲ་མཐུག་པོ་སྣུམ་ངད་ཆུང་བ། ལུས་རྔུལ་སྙོམས་པ། ཕོ་བའི་མེ་དྲོད་ཅུང་ཆུང་བས་ཟས་འཇུ་ཤུགས་དལ་བ། ལུས་ཤ་སྐེམ་དཀའ་བ། བཀྲེས་སྐོམ་རིགས་ལ་བཟོས་བསྲན་ཆེ་བ། བཟའ་བཏུང་སྐྱུར་མོ་དང་ཁ་ཚ་བའི་རིགས་ལ་དགའ་བ། བཤང་བ་གཏོང་མང་བ། གཉིད་མང་བ། ཆགས་སྤྱོད་ངེས་གཏན་ཡིན་པ། ས་ཆ་དྲོ་བསིལ་གང་ཡིན་ཡང་འགྲིག་པ། གཤིས་རྒྱུད་འཇམ་ལ་ལྷོད་བག་ལྡན་པ། བློ་སེམས་བརྟན་པོ་འགྱུར་དཀའ་བ། འདོད་ཧམ་ཆུང་བ། དཀའ་སྡུག་ལ་བཟོད་སེམས་ཆེ་བ། གྲང་བའམ་ཆུ་སེར། མ་ཞུ་ཚིལ་འཕེལ་གྱི་ནད་གཞི་འབྱུང་སླ་བའི་ཁྱད་ཆོས་ཡོད།
གོང་གི་རླུང་མཁྲིས་བད་ཀན་རྐྱང་པའི་ཁྱད་ཆོས་དེ་དག་ཕན་ཚུན་འདྲེས་པ་ལས་རླུང་མཁྲིས་གཉིས་ལྡན་དང༌། བད་མཁྲིས་གཉིས་ལྡན། བད་རླུང་གཉིས་ལྡན། ཡང་ན་རླུང་མཁྲིས་བད་ཀན་གསུམ་འདུས་ཀྱི་ལུས་ཁམས་རང་བཞིན་ཡོང་གི་ཡོད། འོན་ཀྱང་མི་གཅིག་གི་སྟེང་གོང་འཁོད་རྟགས་མཚན་ཚང་མ་ཡོད་དགོས་པའི་ངེས་པ་མེད། རང་ཉིད་ལ་ཡོད་པའི་རྟགས་དང་ཁྱད་ཆོས་ཀྱི་མང་ཉུང་ལ་བལྟོས་ཏེ། ལུས་ཁམས་རང་བཞིན་གང་ཞིག་ཡིན་པ་ཐག་གཅོད་བྱ་དགོས། སྤྱིར་བཟང་ཞན་གྱི་ཆ་ནས་དབྱེ་ན། རྐྱང་པའི་རང་བཞིན་ཞན་པ་དང༌། ལྡན་པ་རྣམས་འབྲིང་བ། འདུས་པ་ནི་མི་གཤིས་དང་ལུས་སྟོབས་མདོག་མདངས་སོགས་ཆེས་བཟང་བ་ཡོད།
གཞན་ཡང་མིའི་ལོ་བབ་ཀྱི་སྟེང་ནས་བྱིས་པ་སྟེ་སྐྱེས་པ་ནས་ལོ་བཅུ་དྲུག་གི་བར་ཁ་ཟས་ནུ་ཞོ་དང་མངར་ཆའི་རིགས་བསྟེན་ཆེ་བ་དང་གཉིད་མང་ཞིང་ལུས་པོ་འཚར་སྐྱེ་བྱེད་པའི་སྐབས་ཡིན་པས་བད་ཀན་གྱི་མི་ཡིན་པ། དར་མ་ནི་ལོ་བཅུ་དྲུག་ནས་ལྔ་བཅུ་བར་ལུས་སེམས་གཉིས་ཀྱི་རྩལ་སྟོབས་ཀུན་ནས་འཕེལ་ཞིང་ངར་འཛིན་གྱི་བློ་དང་ཞེ་སྡང་ཆེ་བས་མཁྲིས་པའི་མི་ཡིན་པ། རྒན་པོ་ལོ་ནས་ལྔ་བཅུ་ཡོལ་ནས་ལུས་སེམས་ཀྱི་སྟོབས་ཉམས་ནས་རྒས་འགྲོ་བ་དང་མཉམ་དུ། བདག་འཛིན་གྱི་བློ་དང་འདོད་ཡོན་རྣམས་ལ་ཆགས་ཞེན་ཆེ་རུ་འགྲོ་བས་རླུང་གི་མི་ཡིན་ནོ། །