༡༩༦༠ ལོའི་གསུམ་བཅུའི་དུས་དྲན་ཐེངས་དང་པོའི་ཐོག་བསྩལ་བའི་བཀའ་སློབ།།
དེ་རིང་ཕྱི་ལོ་ ༡༩༦༠ ཟླ་ ༣ ཚེས་ ༡༠ འདི་ནི་རང་རེ་བོད་མི་མང་ནས་ལྟ་ལོག་ངན་གཡོའི་ལམ་དུ་ཞུགས་པའི་རྒྱ་དམར་གྱི་སྲིད་དབང་གདུག་རྩུབ་ཅན་ལ་ངོ་རྒོལ་དང༌། བོད་སྒེར་ལངས་རང་དབང་བསྐྱར་གསོའི་དོན་དུ་ལས་འགུལ་ཆེན་པོ་བྱས་ནས་ལོ་གཅིག་འཁོར་བའི་དུས་ཚེས་གཟི་བརྗིད་ཅན་རྗེས་དྲན་བྱེད་འོས་པ་ཞིག་ཡིན་པས་ཚང་མས་དྲན་གསོ་བྱེད་པ་དང་ཆབས་ཅིག་བསམ་དགོས་པ་ནི་འཇིག་རྟེན་འདིར་ཡིག་རིགས་དང༌། ལོ་རྒྱུས་མ་དར་བའི་དུས་སྐབས་ལ་སུ་ཞིག་སུའི་ཁོངས་སུ་གཏོགས་མིན་གྱི་གནས་ལུགས་སུས་ཀྱང་བརྗོད་པར་དཀའ་ཞིང༌། འོལ་ཚོད་དུ་བརྗོད་ཀྱང་རྩ་འཛིན་མི་འཕེར་ལ། ཡིག་རིགས་དང་ལོ་རྒྱུས་ཀྱི་སྲོལ་དར་བ་ནས་བཟུང་ན། ཕྱི་སྣོད་ཀྱི་བཀོད་པ་ས་ཆུ་རི་བྲག་གངས་ཀྱི་རྭ་བ་ལ་སོགས་པའི་ཆགས་ཚུལ་དང༌། ནང་བཅུད་ཀྱི་སེམས་ཅན་གཙོ་བོ་མི་རིགས། སྐད། ཡི་གེ ཆས་གོས། མི་གཤིས། ཆོས་ལུགས་སོགས་སྒོ་ཀུན་ནས་གསལ་པོར་ཤན་ཕྱེ་བའི་རང་རེ་བོད་རིགས་རྣམས་རང་སྲིད་རང་ཉིད་ཀྱིས་སྐྱོང་བའི་རྒྱལ་ཁབ་སྒེར་བཙན་གཙང་མ་ཞིག་ཡིན་པ་ལོ་སྟོང་ཕྲག་གོང་གི་ཆོས་རྒྱལ་ཚོའི་དུས་རབས་ནས་བཟུང་བོད་རྗེ་རིམ་པ་དང༌། ྋརྒྱལ་དབང་སྐུ་ཕྲེང་རིམ་པའི་བར་གྱི་རྒྱལ་རབས་ལོ་རྒྱུས་ནས་གསལ་པོར་རྟོགས་གསལ་ལྟར་མ་ཟད། ལྷག་པར་ཉེ་བའི་ཆར་ཡང༌། རྗེ་གོང་མའི་དུས་སྐབས་སུ་འཛམ་གླིང་རྒྱལ་ཁབ་འགའ་ཤས་དང་མཉམ་དུ་འདྲ་མཉམ་རང་དབང་གི་ཐོག་ནས་ཆིངས་ཡིག་ཁག་བཞག་པ་སོགས་འཛམ་གླིང་ཁྲིམས་སྲོལ་དང་མཐུན་པའི་རང་སྲིད་རང་སྐྱོང་གི་རྒྱལ་ཁབ་རང་བཙན་གཙང་མར་གནས་པའི་ལོ་རྒྱུས་སུས་ཀྱང་བསུབས་མི་ཐུབ་པ་དང༌། ས་ཡུལ་གྱི་བཀོད་པ་སུས་ཀྱང་སྒྲིབ་མི་ཐུབ་པ་དེ་ལྟར་ཡང༌། རྒྱ་ནག་གི་ས་ཁུལ་དུ་དམར་པོས་སྲིད་དབང་བསྒྱུར་བ་ནས་བཟུང་གཞན་སྡེ་དབང་དུ་བསྡུས་པར་ཁྲེལ་གཞུང་ངོ་ཚ་བྲལ་བའི་བསམ་སྦྱོར་དྲག་པོས་སྔར་རྒྱ་ནག་གོང་མ་རིམ་པའི་དུས་སྐབས་སུ་རྒྱ་བོད་མཆོད་ཡོན་ལར་རྒྱའི་འབྲེལ་ལམ་ཆེ་ཆུང་སྣ་ཚོགས་ཤིག་བྱུང་བའི་འབྲེལ་བར་བསྙད་དེ་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་མི་འདྲ་གྲལ་བསྒྲིགས་ཀྱི་གླེང་མང་ཐོག་ ༡༩༤༩ ལོ་ནས་བོད་སར་རིམ་འཛུལ་གྱིས་མཐར་ ༡༩༥༠ བོད་ལྕགས་སྟག་ལོར་ཆབ་མདོར་དྲག་ཤུགས་ཀྱིས་བཙན་འཛུལ་བྱས་ཏེ༑ ༡༩༥༡ བོད་ལྕགས་ཡོས་ལོར་བཟང་བཙོན་ལྟ་བུའི་དོ་དམ་དུ་གནས་པའི་རང་རེའི་སྐུ་ཚབ་རྣམས་ལ་རྒྱ་དམར་གྱིས་རང་འདོད་ལྟར་བྲིས་པའི་གྲོས་མཐུན་ལ་རང་མིང་བཀོད་དུ་བཅུག་ཅིང༌། རྒྱ་དམར་ཁོ་རང་ཚོས་བཟོས་པའི་རྟགས་ཐེལ་ཞིག་བོད་གཞུང་གི་ཡིན་ཚུལ་དུ་ཕབ་བཅུག
དེ་ནས་ཐོག་མའི་ཆར་རྒྱ་དམར་གྱིས་བརྗོད་ཚིག་ཏུ་ང་ཚོ་རྒྱ་བོད་མི་རིགས་སྤུན་ཟླ་ཡིན། རྒྱ་རིགས་རྣམས་ནི་བོད་མི་མང་གི་ཞབས་ཞུ་བ་ཡིན་ཟེར་བ་སོགས་སྙན་པའི་གཏམ་བཤད། འཛུམ་པའི་བཞིན་དང༌། དཀར་བའི་སོ་བསྟན་ནས་བློ་ཁྲིད་སྣ་ཚོགས་བྱས། བར་དུ་ཕྲལ་ཕུགས་ཀྱི་ཁེ་གྱོང་ཇི་བཞིན་མི་རྟོགས་པའི་བོད་རིགས་འགའ་ཤས་ལ་ངན་སློབ་དང༌། བོད་མི་མང་པོ་ཞིག་ལ་དངུལ་གྱི་འགྲོ་གྲོན་ཕངས་མེད་བཏང་ནས་གཡོ་སྒྱུའི་ཐབས་ཚུལ་གྱིས་བསླུ་མཁས་དུ་མ་བྱས། མཐར་ཞེ་སྡང་གི་རླུང་ནག་དྲག་པོས་བཅོས་མའི་གདོང་འབག་བུད་དེ་མི་སྡུག་པའི་རང་གདོང་རྗེན་པ་དངོས་སུ་བསྟན་ནས་ཆོས་བྱེད་དགེ་འདུན་གྱི་སྡེ་ལ་སྡང་དགྲའི་གཙོ་བོར་བཟུང་སྟེ་སྟོན་པ་སངས་རྒྱས་དང་བཅས་པ་ཆོས་བྱེད་མཆིས་སོ་ཅོག་ལ་སྐྱོན་བརྗོད་དང༌། ངན་སྨྲས། དགོན་ཁག་བླ་གྲྭ་གཏོར་བཅོམ། སེར་སྐྱ་བསམ་ཡོད་ཕལ་ཆེར་གསོད་བཟུང༌། ཉམ་ཆུང་རྒྱ་ཆེའི་མི་མང་ལ་མིང་འདོགས་སྣ་ཚོགས་ཀྱིས་ལས་དུད་འགྲོ་ལྟ་བུའི་བཀོལ་སྤྱོད། ཟས་ཕྱེད་འགྲངས། བློའི་རྟོགས་དཔྱོད་བྱེད་པའི་ཡོན་ཏན་གྱི་སྒོ་མཐའ་དག་བཀག་སྟེ་དམར་པོ་རིགས་གཅིག་ཁོ་ན་ལས་མཐོང་ཐོས་མི་འཇུག་པའི་རྣ་མིག་གཅིག་པའི་ཤེས་རྨོངས་ཅན་དུ་བསྒྱུར་བ་སོགས་འགྲོ་བ་མི་ཡི་སྤྱོད་ཚུལ་དང༌། བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་བྱ་སྤྱོད་མ་རུང་པ་དུ་མ་ཞིག་སྨྱོན་པའམ་ཀླ་ཀློ་ལས་ལྷག་པ་བྱས་དང་བྱེད་འགྱུར་གྱིས་མདོར་ན། བོད་མི་མཆོག་དམན་བར་མ་མཐའ་དག་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པའི་སྙིང་ནད་སྡུག་བསྔལ་མི་བཟོད་པའི་སྐབས་སུ་གནས་མུར། རྒྱ་དམར་ནས་བོད་ཀྱི་ཡུལ་གོམས་གཤིས་ལུགས་སྤྱི་དང༌། ལྷག་པར་ཆོས་ཕྱོགས་ཀྱི་བྱེད་སྒོར་ཤིན་ཏུ་མི་འདོད་པའི་རྣམ་འགྱུར་ངོ་ལྐོག་མེད་པར་བསྟན་མུས་ཤིག་ལ། སྔ་ལོའི་དུས་ཚོད་ད་ཉིན་ཕྲན་དང༌། ཆོས་སྲིད་ཀྱི་འགོ་གཙོ་གནད་ཡོད་ཁག་དམར་པོའི་དམག་སྒར་ལྟེ་བའི་ནང་ཛ་དྲག་དམིགས་བསལ་ཅན་གྱི་གནས་ཚུལ་འོག་ཆེད་གཉེར་མགྲོན་འབོད་བྱས་པར་བརྟེན་བོད་ཤར་ཕྱོགས་ཁམས་དང༌། ཨ་མདོ་ཁུལ་རྒྱ་དམར་གྱི་བྱ་སྤྱོད་མང་པོ་ཞིག་མངོན་སུམ་དུ་མཐོང་བའི་ཉམས་མྱོང་དང༌། ད་ལམ་གྱི་གནས་ཚུལ་ཡོང་རྐྱེན་སོགས་སྒོ་ཀུན་ནས་ཚུལ་མིན་གྱི་བསམ་སྦྱོར་ངན་གཤོམ་ཡིན་པར་མཐོང་སྟེ་བོད་མི་མང་གི་སྙིང་ལ་རིང་ནས་བསགས་པའི་གཅོང་ནད་ཀྱི་ཟུག་གཟེར་རྣམས་དུས་གཅིག་ཏུ་ལངས་ནས་གྲོང་ཁྱེར་ལྷ་སའི་ཡུལ་མི་མཆོག་དམན་ཚང་མ་བསྡེབས་འཛོམས་འུར་ལངས་ཀྱིས་ངོས་ལ་རྒྱ་མིའི་སར་འགྲོ་ཐལ་མི་ཡོང་བའི་ཞུ་འབོད་དང༌། རྒྱ་དམར་ལ་ཞི་རྒོལ་ཁྲོམ་བསྐོར་བཅས་སྔར་མི་གྲགས་པ་ཞིག་བྱས་ཏེ་རང་རེ་གངས་ཅན་པའི་རྒྱལ་རབས་ཀྱི་དེབ་ཐེར་ནང་རྔམ་བརྗིད་སྙིང་དོན་དང་ལྡན་པའི་ལེའུ་ཞིག་གསར་འགོད་བྱས་པ་རེད།
ས་ཁྱོན་དང༌། མི་འབོར། དྲག་ཆས་ཀྱི་སྟོབས་ཤུགས་བཅས་ཀྱི་མཐུན་རྐྱེན་འཛོམས་པའི་རྒྱ་དམར་གྱི་དྲག་པོའི་སྲིད་དབང་གདུག་རྩུབ་ཅན་དེ་འདྲའི་མདུན་སར་རྡོ་གྲི་ཙམ་ལ་ལག་ཆར་རེ་བའི་བོད་མི་ཉམ་ཆུང་གྲངས་ཉུང་དེ་རྣམས་ནས་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རྒྱ་མཚོའི་རྦ་རླབས་དྲག་ཏུ་འཕྱུར་བ་ལྟར་ཞི་བའི་རྒོལ་གླེང་དེ་ལྟ་བུ་བྱས་པ་ནི་ཚོད་དཔག་གི་གནས་ཚད་ལས་ཆེས་ཆེར་བརྒལ་བའི་བོད་མིའི་སྙིང་སྟོབས་ཕུལ་དུ་བྱུང་བའི་རྟགས་མཚན་ཞིག་འགོག་མེད་དུ་བསྟན་པ་མ་ཟད། མི་རིགས་འདྲ་མཉམ་དང༌། རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་པའི་འཛམ་གླིང་གི་ལོ་རྒྱུས་ནང་ལའང་གཙོ་ཆེ་བའི་གཟི་བརྗིད་ཅན་གྱི་ལེའུ་ཞིག་གསར་གཏོད་བྱས་པ་དང༌། དེ་དང་དུས་མཚུངས་སུ་འཛམ་གླིང་མི་མང་གི་མདུན་སར་རྒྱ་དམར་གྱི་བྱ་སྤྱོད་ལ་ངོ་སྤྲོད་དང༌། མཛུབ་སྟོན་བྱས་ཏེ་རྒྱ་དམར་ལོག་སྲིད་ཀྱི་ལམ་ཞུགས་རྣམས་བློ་ལྡན་འཛམ་གླིང་མི་མང་གི་གྲལ་ཁྲོད་ནས་རྒྱང་རིང་དུ་བུད་དེ་རང་གདོང་བསྟན་མི་ནུསཔར་སྨྲ་བཅད་ངོ་གནོང་གིས་སྡོད་དགོས་པ་ཞིག་བཟོས་པ་རེད།
དེ་ལྟར་ཞི་རྒོལ་ལས་འགུལ་ཉག་གཅིག་བྱས་དང་བྱེད་སེམས་ཀྱང༌། བོད་མི་མང་གི་རེ་བསམ་དོན་ཐོག་ཏུ་མ་འཁེལ་བར་བརྩེ་མེད་ཀླ་ཀློའི་དཔུང་ཚོགས་ཀྱིས་རྒྱུ་མཚན་ལྡན་པའི་ཞི་བའི་རྒོལ་གླེང་ལ་ཉན་བློ་ཙམ་ཡང་མ་བྱས་པར་དེང་དུས་ཀྱི་འཕྲུལ་ཆས་བེད་སྤྱོད་ཀྱིས་དྲག་གནོན་མི་བཟད་ལག་ཏུ་བླངས་ནས་སྔོ་ནག་དུ་བའི་སྤྲིན་ཕུང་དཀྲིགས་ཏེ་འུར་སྒྲ་དང༌། མེ་འོད་ཀྱི་གློགས་ཞགས་འཁྱུག་པའི་མདེལ་མཚོན་གྱི་ཆར་པའི་འོག་ཏུ་རྒྱུན་དུ་ཡ་རབས་དམ་པའི་ཚུལ་ལུགས་སུ་སྤྱོད་ཅིང༌། རང་རེའི་སྙིང་ནས་མཛའ་བརྩེས་འགྲོགས་པའི་ཤ་ཁྲག་གཅིག་གྱུར་གྱི་ཕ་མ་བུ་ཕྲུག གཅེན་གཅུང་ཕོ་མོ། ཕུ་ཞང་སྲིང་མོ་སོགས་རྒན་བྱིས་ཁྲི་ཕྲག་བརྒལ་བའི་གཅེས་ལུས་དུམ་བུ་བརྒྱ་ཕྲག་ཏུ་འཐོར་ཏེ་གཅེས་པའི་རང་སྲོག་དོར་བ་མ་ཟད། ད་དུང་རྒྱ་ཆེའི་བོད་མི་མང་རྣམས་གདུག་རྩུབ་ཅན་གྱི་བཙན་དབང་མནར་གཅོད་དྲག་པོའི་འོག་གནས་མུས་ཀྱི་བོད་མིའི་ཁྲག་གི་བབས་རྒྱུན་ད་དུང་ཡང་ཆད་མེད་ཅིང༌། དེ་ལྟ་ནའང་དྲག་པོའི་བསམ་སྦྱོར་ངན་པ་ཇི་ཙམ་འཕེལ་བ་དེ་ཙམ་དུ་རྒྱ་ཆེའི་མི་མང་གི་སེམས་ཤུགས་དང༌། སྙིང་སྟོབས་ཀྱང་ཕན་ཚུན་འགྲན་པ་བཞིན་ཇེ་ཆེ་ཇེ་ཟབ་ཏུ་འགྲོ་དང་འགྲོ་མུས་རེད།
དེས་ན་ང་ཚོས་སངས་རྒྱས་ཀྱི་བསྟན་པ་དང༌། བོད་མི་རིགས་ཀྱི་རང་དབང་བསྐྱར་གསོའི་ཆེད་དུ་ལུས་སྲོག་ཡལ་བར་དོར་བའི་སྤུན་ཟླ་དེ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་གྱིས་དྲིན་ལན་དང༌། དྲང་བདེན་རང་དབང་ལ་དགའ་བའི་འཛམ་གླིང་མི་མང་གི་མདུན་སར་ཡ་རབས་སྤྱོད་བཟང་གི་མིག་དཔེར་འགྱུར་ངེས་ཀྱི་སྒོ་གསུམ་ནུས་ཤུགས་གང་ཡོད་གཅིག་ཏུ་བསྒྲིལ་ནས་གཞན་དབང་མནར་གཅོད་རྐྱེན་ངན་གྱི་རྒུད་པ་མཐའ་དག་ལེགས་པར་བསལ་ནས་ཆོས་འབྱོར་བདེ་སྐྱིད་རང་དབང་གི་དཔལ་ཡོན་གང་མྱུར་ཐོབ་ཐུབ་པའི་འབད་བརྩོན་སྐད་ཅིག་ཀྱང་མི་གཡེལ་བ་བྱེད་དགོས། དེ་ལྟར་བྱེད་པའི་འགན་འཁུར་གཙོ་བོ་ནི་རང་རེ་ཁྱིམ་མཚེས་རང་དབང་གི་ཡུལ་ཁག་ཏུ་བྲོས་འབྱོར་བོད་མི་རྣམས་ལ་འཁྲི་བ་ཞིག་ཡིན་ངེས་རེད། དེ་ཡང་རང་རེ་ནང་པ་སངས་རྒྱས་པའི་རྗེས་འཇུག་རྣམས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ལྟར་རང་གཞན་འདི་ཕྱི་གཉིས་ཕུང་སྡིག་སྤྱོད་ཀྱི་ལས་ལམ་དུ་མི་འཇུག་པར་ཞི་བདེ་དྲང་བདེན་གྱི་ཐོག་ནས་ཚུལ་དང་མཐུན་པའི་རྩོད་པ་བྱས་ཏེ་རྒྱ་དམར་གྱི་ཚུལ་དང་མི་མཐུན་པའི་བྱ་སྤྱོད་རྣམས་འཛམ་གླིང་མདུན་སར་གསལ་རྗེན་ཁྲོམ་སྟོན་གྱིས་རང་ཕྱོགས་ཀྱི་བདེན་པའི་དག་སྐྱེལ་ཐོག རང་དབང་དྲང་བདེན་ལ་དགའ་བའི་འཛམ་གླིང་རྒྱལ་ཁབ་རྣམས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་རང་རེའི་མཐར་ཐུག་གི་དམིགས་ཡུལ་འགྲུབ་པ་བྱ་དགོས།
འོ་ན་རང་རེ་རྒྱ་གར་དུ་བྲོས་འབྱོར་བ་རྣམས་ནས་ད་ཕན་ལོ་གཅིག་འཁོར་ཉེའི་རིང་ལས་དོན་དེ་ལྟར་སྒྲུབ་ཨེ་ཡོད་ཅེ་ན། ད་ཕན་རྒྱ་དམར་ནས་མི་བདེན་བདེན་བརྫུ་དང༌། མི་བཟང་བཟང་རྒུའི་དྲིལ་བསྒྲགས་མང་པོ་བྱས་ཏེ་འཛམ་གླིང་གི་མི་མང་པོ་ཐེ་ཚོམ་ཅན་དུ་བསྒྱུར་བ་དེར་ང་ཚོས་རྒྱ་དམར་གྱི་བརྫུན་ཕུགས་གསལ་པོར་བརྟོལ་ཏེ་ད་ཆ་འཛམ་གླིང་གི་མི་མང་རྣམས་ནས་རྒྱ་དམར་ལ་པང་དུ་དུག་སྦྲུལ་བྱུང་བའམ་སྐྱུག་ནད་ཅན་གྱི་ཟས་མཐོང་བ་ལྟ་བུའི་འདུཤེས་སྐྱེས་ཏེ་རྒྱ་དམར་མི་ཡི་གྲལ་མཐར་རིམ་འབུད་བྱེད་བཞིན་ཡིན་ཅིང༌། དེ་ལྟར་ཡིན་པའི་རྒྱུ་མཚན་ནི། རང་རེས་བོད་དོན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུ་སྐབས། རྒྱབ་སྐྱོར། བར་གནས། ངོ་རྒོལ་བྱེད་མཁན་ཕྱོགས་གསུམ་ལས། རང་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་བཞི་བཅུ་ཞེ་ལྔ་དང༌། རྒྱ་དམར་ལ་རྒྱབ་སྐྱོར་བྱེད་མཁན་དམར་པོའི་རྒྱལ་ཁབ་དགུ་ལས་མེད་པ་དེས་གསལ་པོ་བསྟན་པ་རེད།
ད་དུང་ནང་གི་གནས་ཚུལ་གསལ་པོ་ཞིག་རྟོགས་ན་རང་དབང་བྲལ་བ་མ་གཏོགས་རྒྱལ་ཁབ་དགུ་པོ་དེའི་མི་མང་རྣམས་ནས་ཀྱང་ངེས་པར་བདེན་པ་དང༌། རང་དབང་ལ་དགའ་ཞེན་ཡོང་རྒྱུར་བརྟེན། སེམས་ཀྱི་གཏིང་ནས་ང་ཚོར་རྒྱབ་སྐྱོར་དང་སེམས་འཁུར་ངེས་པར་ཡོང་གི་རེད། དེས་མ་ཚད་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་དཔོན་ཚོགས་པ་ནས་བོད་ཀྱི་གནས་ཚུལ་ལ་རྟོགས་ཞིབ་ལྷན་ཁང་ཟུར་བཙུགས་ཀྱིས་བརྟག་དཔྱད་དང༌། བདེན་པའི་ཕྱོགས་ལ་རྒྱབ་སྐྱོར་གནང་བཞིན་པ་མ་ཟད། བོད་དོན་ལ་ཆེད་དམིགས་ཨེ་ཤ་ཡ་དང༌། ཨ་ཕེ་རི་ཀའི་འཐུས་མི་ཚོགས་འདུ་ཞིག་ཀྱང་རིང་མིན་རྒྱ་གར་དུ་ཚོགས་གཏན་འཁེལ་བ་སོགས་ཞི་བདེ་དྲང་བདེན་ལ་དགའ་བའི་མི་མང་ནས་རྒྱ་དམར་གྱི་བྱ་སྤྱོད་ལ་སྐྱོན་འཛུགས་དང༌། རང་རེའི་བདེན་པ་ལ་ཐུགས་འཁུར་རྒྱབ་སྐྱོར་གནང་དང་གནང་བཞིན་པ་སོགས་ལ་བརྟེན་ནས་ང་ཚོའི་ལས་དོན་ལ་བྱས་རྗེས་དང༌། བདེན་པའི་རྒྱལ་ཁ་མི་ཉུང་བ་ཞིག་ཐོབ་ཡོད།
འོན་ཀྱང་ད་ལྟའི་ཆར་འཛམ་གླིང་མི་མང་ནས་ང་ཚོར་ཐུགས་འཁུར་རྒྱབ་སྐྱོར་གནང་བའི་འགོ་འཚུགས་པ་ཙམ་དང་རང་རེའི་ལས་དོན་གོམ་རིམ་དང་པོ་བགྲོད་པ་ཙམ་ལས། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་རེ་དོན་ཡོངས་རྫོགས་ད་ལྟ་འགྲུབ་མེད་ཅིང༌། འཛམ་གླིང་ནང་ང་ཚོ་བོད་ཀྱི་གནས་སྟངས་དང༌། རྒྱ་དམར་གྱི་བྱ་སྤྱོད་བཟང་ངན་གསལ་པོར་མ་རྟོགས་པའི་རྒྱལ་ཁབ་ཡོད་སྟབས་ང་ཚོས་ད་དུང་མུ་མཐུད་བདེན་རྫུན་གྱི་དག་སྐྱེལ་གསལ་པོར་བྱས་ཏེ་དམིགས་ཡུལ་དེ་མ་འགྲུབ་བར་འབད་བརྩོན་ལྷུར་ལེན་བྱེད་དགོས།
དེའི་ཆ་རྐྱེན་གཙོ་བོ་རང་རེ་ཁྱིམ་མཚེས་ཡུལ་ཁག་ཏུ་འབྱོར་བའི་བོད་ཆོལ་ཁ་གསུམ་གྱི་མི་རིགས་སུ་གཏོགས་ཚད་རྣམས་དམ་ཚིག་དང་བློ་སེམས་གཅིག་སྒྲིལ་བྱེད་གལ་ཤིན་ཏུ་ཆེ་ཞིང༌། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་གཞན་ནས་འཚོལ་མ་དགོས་པར་རང་ཅག་བོད་རང་གི་ལོ་རྒྱུས་དང༌། ཉམས་མྱོང་ཐོག་ནས་ངོ་སྤྲོད་ངོས་འཛིན་བྱེད་རྒྱུ་ཡོད་པ། དཔེར་ན། སྔར་ཆོས་རྒྱལ་ཚོའི་དུས་རབས་སུ་བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱིས་མང་ཚོགས་ནས་འགོ་འཁྲིད་ཚོར་བློ་གཏད་ཡིད་ཆེས་བྱས་ཤིང༌། འགོ་འཁྲིད་རྣམས་ནས་རང་དོན་མི་སེམས་པར་མང་ཚོགས་ཀྱི་བདེ་དོན་གཙོར་བཟུང་དམ་ཚིག་མདུད་རྒྱ་ལྷོད་མེད་བྱས་སྟབས་དུས་སྐབས་དེའི་བོད་རྒྱལ་ཁབ་ཀྱི་མངའ་ཐང་དང༌། སྟོབས་ཤུགས་དེ་སུ་ལའང་ཡིད་སྨོན་མ་དགོས་པ་ཞིག་ཡོད་ངེས་ཀྱང༌། དེ་རྗེས་བོད་སིལ་བུར་གྱུར་ཏེ་ཡུལ་ཚོ་ཡུལ་ཚོ་ཁག་བགོས་ཀྱིས་སོང་སྟབས་ཚོ་ཁག་ནང་ཕན་ཚུན་མི་མཐུན་པའི་འཐབ་རྩོད་ཀྱང་ཡང་ཡང་བྱུང་ཞིང༌། ཕྱི་རྒྱལ་ནས་བོད་ཀྱི་ས་མཚམས་ཁག་ཏུ་བཙན་འཛུལ་བྱུང་རིགས་ལའང་བཀག་འགོག་འགན་འཁུར་སྤྱི་ཟོམ་དུ་ལུས་ཏེ་འཐུས་ཤོར་ཇེ་ཆེར་སོང་བའི་གནས་ཚུལ་ཇི་སྙེད་བྱུང་བ་ཚང་མའི་བློ་མངའ་ལྟར་གནས་ཚུལ་དེ་ཚོས་སྙིང་ལ་སྐུལ་ལྕག་བྱེད་ཐུབ་པ་བྱ་དགོས།
རྒྱ་དམར་ལ་རང་རེས་ངོ་རྒོལ་བྱེད་དགོས་པའི་གནད་དོན་གཅིག་སངས་རྒྱས་ཀྱི་བསྟན་པ་འཇིག་པ་ལ་མི་བཟོད་པར་ཐུག་སྟབས་ཆོས་བྱེད་གྲྭ་རིགས་རྣམས་ནས་རབ་ཏུ་བྱུང་བའི་དགོས་དོན་ཚེ་འདིའི་ལྟོ་གོས་འཕྱིད་ཐབས་ལྟ་བུར་སོང་ནས་བསྟན་འཛིན་གཟུགས་བརྙན་ཙམ་དུ་གྱུར་པ་མ་ཡིན་པར་དུས་ཀྱི་ཡང་མཐར་བསྟན་པའི་སྒོར་ཞུགས་རྣམས་མཁེ་ཉེན་གནས་ཚུལ་དང༌། བོད་མི་སྤུན་ཟླ་ཧ་ཅང་མང་པོ་ཞིག་བསྟན་པ་འདིའི་ཆེད་དུ་ལུས་སྲོག་བློས་བཏང་བྱས་པའི་གནས་ཚུལ་ལ་ཞིབ་ཏུ་བསམས་ཏེ་རང་རང་གི་ཇི་ལྟར་ཁས་བླངས་པའི་སྡོམ་པ་གསུམ་གྱི་བཅས་མཚམས་རྣམས་མིག་གི་འབྲས་བུ་ལྟར་གཅེས་སྲུང་ཐོག་སྡེ་སྣོད་གསུམ་གྱི་འཆད་ཉན་དང༌། བསླབ་པ་གསུམ་གྱི་ཉམས་ལེན་རྒྱུད་སྟེང་དུ་བཀལ་ཏེ་རྒྱལ་བསྟན་འཛིན་སྐྱོང་གི་འཁུར་འགན་ངོ་ལྐོག་མེད་པ་བླངས་ཏེ་ཕྱིན་ཆད་བོད་ཡུལ་མུན་གླིང་དེར་ཆོས་ཀྱི་སྒྲོན་མེ་གསལ་བར་འབར་ཐུབ་པའི་འགན་ལེན་བྱ་དགོས།
དེ་བྱིངས་རྣམས་ནས་སྤྱིར་བཏང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཡུལ་དུས་གནས་ཚུལ་དང་བསྟུན་ཏེ་བོད་མི་རིགས་ཀྱི་རྐང་འདྲེན་མིང་ཤས་སུ་མི་འགྲོ་བའི་བག་ཡོད་ཚུལ་མཐུན་ཡ་རབས་ཀྱི་ལམ་དུ་འཇུག་པ་དང༌། སྒེར་གྱི་ནད་དྲེག་སྤྱིའི་གདོང་པར་མ་བྱུག་པར་སྤྱི་དོན་བསམ་པ་གྲུ་ནང་བཞིན་དགོས་པ་སྨོས་མེད་ཐོག་སོ་སོའི་སྐབས་བབས་ཀྱི་བསྒྲུབ་བྱ། འཕྲལ་སེལ་ལྟོ་གོས་ཀྱི་འཚོ་ཐབས། ཕུགས་ཡུལ་སྤྱི་སྨན་གྱི་ལས་དོན། དེང་དུས་ཀྱི་ཤེས་རིག་སློབ་སྦྱོང་སོགས་བྱེད་སྒོ་གང་ཅིར་ལྷག་བསམ་དུང་ལས་དཀར་ཞིང༌། བཟོད་སྲན་ལྕགས་ལས་སྲ་བའི་འབད་བརྩོན་ལྷུར་ལེན་གྱིས་བསྟན་པ་སྤྱི་དོན་ཐོག་སྲོག་བཏང་བའི་རང་རིགས་གྲོགས་མཆེད་རྣམས་ཀྱི་བཀའ་དྲིན་གསབ་ཐུབ་པ་དང༌། རང་ཡུལ་རྒྱ་ཆེའི་མི་མང་རྣམས་གཞན་དབང་ལས་གྲོལ་བ། རང་གི་ལུང་པར་རང་དབང་རང་རིགས་རང་ཉིད་ཀྱིས་ཅི་བདེར་ལོངས་སུ་སྤྱོད་ཐུབ་པ་བཅས་གང་མྱུར་ཡོང་བའི་འབད་བརྩོན་ལྷོད་མེད་མུ་མཐུད་སྐྱེད་དགོས།། །།