ང་ཚོའི་དམིགས་ཡུལ་ནི་དབང་བོ་སྐྱོན་ཅན་གྱི་བུ་ཕྲུག་འདི་དག་ལ་ཤེས་ཡོན་དང་ལག་རྩལ་སྦྱོང་བརྡར་སྤྲད་དེ། མ་འོངས་པར་སྤྱི་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། རང་ཁ་རང་གསོ་ཐུབ་པའི་འཚོ་བ་གསར་བ་ཞིག་བསྐྲུན་རྒྱུ་དེ་ཡིན་ཟེར།
ཕྱི་ཚེས་ ༡༦ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཉེ་འདབས་ཀྱི་སྙིང་སྟོབས་གླིང་དུ་ཆིབས་བསྒྱུར་གནང་སྟེ། དབང་བོ་སྐྱོན་ཅན་དང་དགེ་ལས་ཡོངས་ལ་ལམ་སྟོན་བཀའ་སློབ་བསྩལ་ཡོད་ལ། ཚེས་ ༡༧ ཉིན་མཛད་སྒོ་དངོས་གཞི་འཚོགས་ཏེ་སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་བཅས་གདན་ཞུའི་ཐོག སྙིང་སྟོབས་གླིང་བོད་ཕྲུག་དབང་བོ་སྐྱོན་ཅན་གཅེས་སྐྱོང་ལག་ཤེས་སྦྱོང་བརྡར་ཁྱིམ་ཚང་དབུ་ཚུགས་ནས་ལོ་ངོ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་འཚོགས་ཡོད། སྐབས་དེར། སྙིང་སྟོབས་གླིང་གི་འགན་འཛིན་དང་སྤྱི་འཐུས་ལས་ཐོག་ངག་དབང་ལྷ་མོ་ལགས་ཀྱིས་ལོ་འཁོར་ལས་སྡོམ་སྙན་སྒྲོན་དང་སྦྲགས་སྙིང་སྟོབས་གླིང་གི་ལས་དོན་ཁག་ངོ་སྤྲོད་གནང་དོན། ད་རེབ་ཀྱི་མཛད་སྒོ་འདི་ནི་ང་ཚོ་བོད་གཞུང་དམངས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དང་རྒྱ་གར་གཞུང་དམངས་ལ་ཐུགས་རྗེ་བཀའ་དྲིན་ཞུ་བའི་དུས་ཚོད་དང་སྟབས་བསྟུན་འཚོགས་ཀྱིན་ཡོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྙིང་སྟོབས་གླིང་ཅེས་པའི་མཚན་གསོལ་གནང་བ་དང་ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྤྱི་ལོ་ ༡༩༩༩ ལོའི་ཟླ་ ༣ པའི་ཚེས་ ༢༩ ཉིན་སྙིང་སྟོབས་གླིང་དབུ་འབྱེད་གནང་བ་རེད། འདས་པའི་ལོ་ངོ་དེ་དག་ནང་ང་ཚོས་ཐོག་མར་ཕྲུ་གུ་ ༧ དང་ལས་བྱེད་ ༤ ལྷག་ནས་མགོ་འཛུགས་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཉམ་ཐག་དབང་བོ་སྐྱོན་ཅན་ལ་དམིགས་བསལ་ལྟ་སྐྱོང་དང་ལག་རྩལ་ཤེས་ཡོན་སློབ་གསོ་སྤྲད་པ་དང་། ལས་དོན་གཞན་ཡོད་པའི་དཀའ་ངལ་ལ་མ་འཛེམས་པར་ཕྲུ་གུ་གཅིག་མ་གཏོགས་མེད་ཀྱང་ལྟ་སྐྱོང་བྱ་རྒྱུའི་འདུན་པ་སྙིང་ལ་བཅངས་ཏེ་སྤྱི་ཚོགས་ཞབས་ཞུའི་ལས་དོན་འདི་བསྒྲུབས་ཏེ་ད་ཆ་ཉམ་ཐག་ཕྲུ་གུ་ ༥༠ དང་གཏན་འཇགས་ལས་བྱེད་ ༡༤ ཡོད། ཐབ་ཚང་དང་ཉལ་ཁང་། ཚོགས་ཁང་། གསོལ་ཚིགས་ཁང། སྨན་ཁང་། ལས་ཤག་སོགས་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཆགས་ཡོད་ལ། དབང་བོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་ཞལ་ཟས་ལེགས་པོ་དང་འཕྲོད་བསྟེན་བཟང་པོའི་འོག་ཤེས་ཡོན་དང་ལག་ཤེས། རི་མོ། རོལ་དབྱངས། བཟོ་སོགས་ཀྱི་སྦྱོང་བརྡར་འདི་དག་ལས་ང་ཚོ་སྙིང་སྟོབས་གླིང་གི་དབང་བོ་སྐྱོན་ཅན་གྱི་བུ་ཕྲུག་གཉིས་ལྷག་ད་ངྷ་སྟེང་བོད་ཁྱིམ་དུ་འགྲོ་ཐུབ་པ་བྱུང་བ་དང་། ༢༠༠༣ ནས་༢༠༠༩ བར་ཨ་རི་དང་ཉི་ཧོང་སོགས་རྒྱལ་ཁབ་མང་པོའི་རི་མོའི་འགྲེམས་སྟོན་སོགས་སུ་འཛུལ་ཐུབ་པ་བྱུང་བ་སོགས་གྲུབ་འབྲས་གང་འཚམ་བྱུང་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ་ནི། དབང་བོ་སྐྱོན་ཅན་གྱི་བུ་ཕྲུག་འདི་དག་ལ་སློབ་སྦྱོང་དང་ལག་ཤེས། འཚེམ་བཟོ་སོགས་ཀྱི་སློབ་སྦྱོང་དང་སྦྱོང་བརྡར་གྱི་གོ་གོ་སྐབས་སྤྲད་དེ་སྤྱི་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་ཁོར་ཡུག་གཙང་སྦྲ་སོགས་ཡང་དག་གི་གོམས་གཤིས་འཇགས་སུ་འཇུག་རྒྱུ་མ་ཟད། ཆོས་ཕྱོགས་ཀྱི་ཞབས་རྟེན་སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་བག་ཆགས་འཇགས་པར་བྱས་ཏེ་མ་འོངས་པར་དབང་བོ་སྐྱོན་ཅན་རྣམས་ཀྱིས་རང་ཁ་རང་གསོ་ཐུབ་པའི་འཚོ་བ་ཞིག་སྐྲུན་རྒྱུ་དེ་ཡིན། ཅེས་བརྗོད་བྱུང་།
སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ནས། ད་ལྟའི་དུས་འདིར་དབང་བོ་སྐྱོན་ཅན་གྱི་རིགས་ལ་འཛམ་གླིང་གང་སར་དེང་དུས་ཀྱི་ཚན་རིག་ལ་བརྟེན་ནས་གང་འཚམ་སླར་གསོ་བྱ་ཐུབ་པ་འབྱུང་གི་ཡོད་ནའང་། ང་ཚོའི་སྤྱི་ཚོགས་ནང་དབང་བོ་སྐྱོན་ཅན་གྱིས་ཅི་ཡང་མི་འཇོན་པར་རྩིས་ཏེ། མ་ཎི་འདོན་པ་དང་འཁོར་ལོ་བསྐོར་བ་ཁོ་ནར་སྤྱོད་བཞིན་ཡོད་པ་རེད། དེ་འགྲིག་གི་ཡོད་པ་མ་རེེད། ང་ཚོའི་སྤྱི་ཚོགས་ནང་དབང་བོ་སྐྱོན་ཅན་གྱི་ནུས་པ་སླར་གསོ་ཐད་རང་ནུས་འདོན་ཐུབ་མཁན་ཧ་ཅང་དཀོན་པོ་ཡིན་ནའང་། ལས་ཀ་ཅི་ཞིག་སྒྲུབ་ཀྱང་དེ་ལ་འབད་བརྩོན་བྱས་པ་ཡིན་ན་རིམ་བཞིན་ཡར་རྒྱས་སུ་འགྲོ་རྒྱུ་རེད། འཛམ་གླིང་ས་ཆ་གཞན་དུ་དབང་བོ་སྐྱོན་ཅན་ཚོ་བདེ་ཐང་ཅན་གྱི་མི་ལས་ལྷག་པའི་ཚན་རིག་པ་དང་མཁས་པ་ཆགས་ཡོད་མཁན་མང་པོ་ཡོད་པ་རེད། སྤྱིར་དབང་བོ་སྐྱོན་ཅན་ལ་བདག་སྐྱོང་བྱ་རྒྱུ་དང་སློབ་གསོ་སྤྲོད་རྒྱུ་དེའང་ལས་སླ་བོ་ཞིག་མིན་པ་དང་། དཀའ་ཁག་ཡོད་བཞིན་དུ་ལས་འདི་དང་དུ་བླངས་བ་འདི་ང་རང་གིས་བསམ་ན་ཧ་ཅང་གཟི་བརྗིད་ཆེན་པོ་རེད་བསམ། ང་ཚོ་བོད་པ་ཞིག་ཡིན་པ་དང་ཆོས་ཕྱོགས་ནས་བཤད་ན། དབང་བོ་སྐྱོན་ཅན་དང་ནད་པ། ཉམ་ཐག སྐྱོ་བོ་འདི་དག་ལ་ལྟ་རྟོག་བྱ་ཐུབ་ཚེ་ཕན་ཡོན་དང་བྱིན་རླབས་ཆེ་བ་ཡོད་པ་གསུང་རབ་དག་ཏུ་གསལ་བོར་འཁོད་ཡོད་པ་རེད། ཡིན་ནའང་དངོས་སུ་ལག་ལེན་བསྟར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གྱི་ཨ་མ་མ་ཌུར་ཊི་རི་སཱ་སོགས་ཀྱིས་ཁ་ནས་བྱང་ཆུབ་སེམས་སོགས་བཤད་ཀྱིན་མེད་ནའང་དངོས་ཡོད་ཀྱི་ལག་ལེན་ཁྲོད་མཛེ་ནད་ཅན་གྱི་རིགས་ལ་བདག་པོ་བརྒྱབས་པའི་རླབས་ཆེན་གྱི་ཕྱག་ལས་གནང་ཡོད། ང་ཚོས་ཀྱང་བྱ་བ་ཆུང་ཆུང་ནས་མགོ་བརྩམས་ཏེ་གཞན་ཕན་གྱི་ཕྱག་ལས་གནང་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག ཅེས་དང་། དེ་བཞིན་མ་འོངས་པར་ང་ཚོ་ཚང་མའི་ངོས་ནས་བོད་པའི་དབང་བོ་སྐྱོན་ཅན་ཙམ་མ་ཡིན་པར་ཆོས་དང་རིག་གཞུང་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཉམ་ཐག་དབང་བོ་སྐྱོན་ཅན་མང་པོ་ལ་བདག་སྐྱོང་དང་ལྟ་རྟོག་བྱ་རྒྱུའི་རེ་བ་ཡོད། ཅེས་གསུངས་སོང།
ཆོས་ཕྱོགས་ཀྱི་༼ཞབས་རྟེན༽ཅེས་པའི་ཐ་སྙད་འདིར་གོ་དོན་དང༌། ངེས་ཚིག་གང་རུང་ཞིག་གནངས་རོགས། གང་གིས་ན། འདིས་ཅི་སྟོན་གོ་ཐུབ་མ་སོང༌།
རྗེས་སུ་ཡི་རུང་རེད། སྙིང་སྟོབས་གླིང་གི་དབང་བོ་སྐྱོན་ཅན་འདི་དག་དངོས་ནས་ལས་ཅན་རེད། ལྟ་སྐྱོང་ལེགས་པོ་བྱེད་མཁན་གྱི་ཕ་མ་ལྟ་བའི་བྱམས་སེམས་ཅན་གྱིས་མི་སྣ་དག་གི་བསྐོར་ནས་བསྡད་འདུག ཚེ་རིང་བར་ཤོག ཁ་དྲོ་བར་ཤོག བསམ་དོན་འགྲུབ་པར་ཤོག
རླབས་ཆེན་གྱི་མཛད་འཕྲིན་སྐྱོང་བར་སྙིང་ནས་དགའ་བསུ་ཞུ།