རྒྱ་ནག་པེ་ཅིན་གྱི་གཞུང་འབྲེལ་མིན་པའི་ཁྲིམས་དོན་ཚོགས་པ་ཞིག་གིས་སྔར་ལོའི་བོད་ཁུལ་གྱི་དོན་རྐྱེན་སྐོར་ལ་དོན་ཚན་ ༦ ཅན་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པ་དང། སྙན་ཐོ་དེ་འབྲི་མཁན་གྱི་གྲས་སུ་སྔར་ལོའི་བོད་ནང་གི་དོན་རྐྱེན་ཐད་ཁྲིམས་རྩོད་བྱ་རྒྱུར་ས་རྟགས་སྐྱོན་མཁན་གྱི་ཁྲིམས་རྩོད་པ་ཁག་ཅིག་དང༌། སློབ་ཆེན་གྱི་དགེ་རྒན་ཁག་ཅིག་བཅས་ཡོད་འདུག
ཟླ་འདིའི་ཚེས་ ༡༡ ཉིན་པེ་ཅིན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ། སྤྱི་དོན་ཁྲིམས་ལུགས་ཉམས་ཞིབ་ལྟེ་གནས་ཞུ་བ་ཞིག་གིས། གསུམ་གཅིག་བཞིའི་དོན་རྐྱེན་དང་སྤྱི་ཚོགས་དང་དཔལ་འབྱོར་གྱི་འབྱུང་གཞིའི་ཐད་ཀྱི་སྙན་ཐོ། ཞུ་བ་ཞིག་འདོན་སྤེལ་བྱས་ཏེ་པེ་ཅིན་སློབ་ཆེན་དང་ལན་ཀྲུའུ་སློབ་ཆེན་གཉིས་ཀྱི་དགེ་རྒན་ཆེན་མོ་བ་ཁག་ཅག་གིས་བསྐྱར་ཞིབ་དང་ཞུ་དག་བྱས་ཡོད་འདུག སྙན་ཐོ་དེ་ཐོག་མར་འབྲི་སྐབས། མདོ་སྨད་ཀན་ལྷོ་གཙོས་ས་ཁུལ་དང་བླ་བྲང། ལྷ་ས་དང་ལྷོ་ཁ་སྣེ་གདོང་རྫོང་བཅས་ལ་དངོས་སུ་བསྐྱོད་དེ། ཟླ་གཅིག་རིང་ཞིང་འབྲོག་མང་ཚོགས་དང་ཚོང་པ། གྲྭ་བ། ཤེས་ལྡན་མི་སྣ་བཅས་ལ་བཅར་འདྲི་བརྒྱུད་བྲིས་པ་ཞིག་ཡིན་འདུག་ལ། ས་ཁུལ་དེ་དག་ལ་ཞིབ་འཇུག་བྱས་དོན། བླ་བྲང་ནི་མདོ་སྨད་ཕྱོགས་ཀྱི་ཆོས་དང་རིག་གཞུང་གི་ལྟེ་བ་ཡིན་པ་དང༌། ལྷ་ས་བོད་ཀྱི་རྒྱལ་ས་ཡིན་པ། དེ་བཞིན་ལྷོ་ཁ་སྣེ་གདོང་རྫོང་ནི་ཆོས་རིག་ཙམ་མ་ཟད། བོད་མི་རིགས་ཀྱི་འབྱུང་ཁུངས་ཡང་ཡིན་སྟབས། ཞིབ་འཇུག་བྱ་ཡུལ་དུ་བདམས་པ་སྙན་ཐོ་དེའི་སྔོན་གླེང་ནང་བཀོད་འདུག ད་དུང༌། རྒྱ་ནག་ནང་ཁུལ་གྱི་མི་རིགས་ཀྱི་གནད་དོན་རྙོག་འཛིང་ཆེ་ཞིང༌། ལྷག་པར་དུ་བོད་མི་རིགས་ཀྱི་གནད་དོན་དེ་བས་རྙོག་འཛིང་ཆེ་སྟབས། མི་རིགས་ཕན་ཚུན་འཆམ་མཐུན་དང༌། རྒྱ་ནག་དབུས་གཞུང་གིས་བོད་ཡུལ་དེང་རབས་ཅན་དུ་བསྒྱུར་རྒྱུ་ཁོ་ན་མ་ཡིན་པར་བོད་མིའི་མངོན་འདོད་དང༌། དོན་རྐྱེན་གྱི་འབྱུང་རྩ་བཅས་ལ་ཞིབ་འཇུག་བྱ་ཆེད་ཡིན་ཚུལ་བཀོད་འདུག
ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་སུ་གོང་གི་ཞིབ་འཇུག་སྙན་ཐོ་དེའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས་གསུངས་དོན། ཞིབ་འཇུག་སྙན་ཐོ་དེར་དོན་ཚན་དྲུག་འདུག་ལ། དོན་ཚན་དང་པོ། སྤྱི་ཚོགས་དང་དཔལ་འབྱོར་སྐོར་རེད། རྒྱ་ནག་དབུས་གཞུང་གིས་བོད་པར་འདོད་མོས་ཡོད་མེད་ལ་མ་ལྟོས་པར་བཙན་ཚུགས་ཀྱིས་དེང་རབས་ཅན་དུ་བསྒྱུར་བ་དེས་བོད་མིའི་སེམས་ལ་མ་དགའ་བ་ཤུགས་ཆེན་བཟོས་པ་དང༌། དེང་རབས་ཅན་ལ་བསྒྱུར་བ་དང་བསྟུན་ཏེ། ཕྱིའི་མི་འབོར་མང་པོ་སླེབས་ཏེ་བོད་རིགས་གཞོན་སྐྱེས་ཚོ་ལས་མེད་ཆགས་པ། དབུས་གཞུང་གིས་བོད་པའི་དཔལ་འབྱོར་ཐད་རོགས་དངུལ་ཕོན་ཆེན་བཏང་ཡང༌། གྲོང་ཁྱེར་ཆེ་ཁག་འཛུགས་སྐྲུན་དང་བོད་མིའི་ལས་བྱེད་ཉུང་ཤས་ཙམ་ལས་ཁེ་ཕན་མང་ཆེ་བ་རྒྱ་རིགས་ཚོར་ཐོབ་སྟེ། བོད་པའི་ཞིང་འབྲོག་མི་དམངས་ལ་ཁེ་ཕན་རག་གིན་མེད་པ། ས་གནས་གཞུང་གིས་ནོར་འཁྲུལ་བཟོས་ཀྱང་མང་ཚོགས་ཀྱིས་དབུས་གཞུང་གི་ནོར་འཁྲུལ་དུ་མཐོང་བ། བོད་པའི་ཆོས་ལུགས་མི་སྣ་ཚོ་བོད་པའི་སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་དང་ལོ་རྒྱུས་ཁྲོད་ཀྱི་མི་སྣ་རླབས་ཆེན་ཆགས་ཡོད་ཀྱང༌། དབུས་གཞུང་གིས་བོད་པའི་ཆོས་ལུགས་མི་སྣ་དང་བོད་མིའི་བར་གྱི་བརྩེ་དུང་གི་འབྲེལ་བར་ངོས་ཟིན་གསལ་བོ་མེད་པར་ཐག་གཅོད་བྱེད་སྟངས་མང་པོ་ཞིག་ལ་ནོར་འཁྲུལ་ཤོར་བ། བོད་ཡུལ་དེང་རབས་ཅན་ལ་བསྒྱུར་བ་དེས་ཆོས་ཀྱི་བྱེད་སྒོ་མང་པོ་ཞིག་ལ་བརྡབ་གསིག་བཏང་བ། ཞེས་བཀོད་འདུག
དོན་ཚན་གཉིས་པ། བོད་ཁུལ་གྱི་སློབ་གསོའི་སྐོར་རེད། སྔར་ལོ་དོན་རྐྱེན་ནང་ཞུགས་མཁན་མང་ཆེ་བ་གཞོན་སྐྱེས་ཡིན་པ་དང༌། དབུས་གཞུང་གི་དྲིལ་བསྒྲགས་ཁག་ཏུ་བོད་པའི་ཡིག་རྨོངས་སེལ་ཡོད་ཚུལ་དང༌། དམངས་གཙོའི་བཅོས་སྒྱུག་གྱིས་བོད་ལ་བདེ་སྐྱིད་ལྡན་ཡོད་ཚུལ་བསྒྲགས་པ་དོན་ལ་མི་གནས་ཞིང༌། ཉིས་སྟོང་བདུན་ལོར། ཆ་སྙོམ་བྱས་ན་བོད་མི་རེར་ལོ་བཞིའི་སློབ་སྦྱོང་ཡང་རག་མི་འདུག འཛིན་རིམ་བཅུ་གཉིས་ཐོན་ཏེ་སློབ་ཆེན་དུ་ཚུད་དཀའ་བ། སློབ་ཆེན་ཐོན་ཡང་ལས་ཀ་རག་དཀའ་བ། གནད་དོན་དེ་དག་གི་འབྱུང་རྐྱེན་སློབ་གྲྭའི་མཐུན་རྐྱེན་མ་བཟང་བ་དང༌། ལྷག་པར་དུ་དགེ་རྒན་གྱི་ཆུ་ཚད་དམའ་བ། ཞེས་བཀོད་འདུག
དོན་ཚན་གསུམ་པ། བོད་ཁུལ་གྱི་འཛིན་སྐྱོང་སྐོར་རེད། མི་རིགས་ས་ཁོངས་རང་སྐྱོང་ཐད། དགུ་བཅུ་གོ་གྲངས་ནས་མི་རིགས་ལས་བྱེད་གསོ་སྐྱོང་གི་སྲིད་ཇུས་གཏན་འབེབས་བྱས་ཡོད། དེ་ནི་ས་གནས་མི་རིགས་ལ་ཐོབ་ཐང་རག་པའི་ཆེད་རེད། འོན་ཀྱང། བོད་རིགས་མང་པོ་ཞིག་ས་གནས་མགོ་ཁྲིད་ཆགས་སྐབས། ཁྲིམས་ལུགས་ཀྱི་དབང་ཆ་བེད་སྤྱད་དེ། སོ་སོའི་ཐོབ་ཐང་དང་ཁེ་ཕན་བརྩོན་ལེན་བྱེད་པ་དང། ས་གནས་ལས་བྱེད་ཚོས་དབུས་གཞུང་ལའང་བོད་ཀྱི་བརྟན་བརླིང་ཉེན་ཁ་ཆེ་ཚུལ་དང༌། ཕྱི་རྒྱལ་གྱི་སྟོབས་ཤུགས་ཛ་དྲག་ཡིན་ཚུལ་བརྗོད་དེ། འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་བརྗོད་པ་ལྟར། མི་རིགས་ཁ་བྲལ་ལ་ངོ་རྒོལ་གྱི་མིང་ཐོག་ནས་ཁེ་བཟང་ལེན་པ། ཞེས་བཀོད་འདུག
དོན་ཚན་བཞི་བ། གསུམ་གཅིག་བཞིའི་དོན་རྐྱེན་སྐོར་རེད། གསུམ་གཅིག་བཞིའི་དོན་རྐྱེན་ལ་རྒྱུ་རྐྱེན་མང་པོ་ཡོད་པ་དང༌། གཙོ་བོ་མི་རིགས་ཀྱི་སེམས་ཁམས་བར་ཁྱད་དང༌། དཔལ་འབྱོར་གྱིས་འདོད་པ་མ་ཁེངས་པ། རྒྱ་རིགས་མང་པོ་བོད་ཁུལ་དུ་གནས་སྤོར། ཕྱིའི་རྒྱལ་ཁབ་ཀྱི་ཐེ་ཇུས་སླེབས་པ། ཆོས་ལུགས་རིག་གཞུང་གི་བརྩེ་བ་བཅས་ལ་ཐུག་ཡོད། དོན་རྐྱེན་སྐབས་འཕྲལ་དུ་མི་རིགས་ཁ་བྲལ་དང་དྲག་སྤྱོད་ལ་ངོས་འཛིན་བྱས་ཤིང༌། གཞུང་གི་དྲིལ་བསྒྲགས་ཁག་ཏུ་རྡུང་གཅོག་འཕྲོག་བསྲེགས་ཀྱི་ཉེས་འཛུགས་བྱས་པ་སོགས་ནི་རྣམ་དཔྱོད་དང་ལྡན་པའི་ཐག་གཅོད་མིན་ཞིང༌། དེར་བརྟེན། གནས་ཚུལ་ཞི་འཇགས་སུ་འགྲོ་བའི་ཚབ་ལ་ཇེ་སྡུག་ཏུ་སོང་ཞིང༌། མི་རིགས་གཉིས་བར་འགལ་བ་ཤུགས་ཆེན་བསླངས་པ། ཞེས་བཀོད་འདུག
དོན་ཚན་ལྔ་བ། བོད་པའི་ཆོས་དང་རིག་གཞུང་སྐོར་རེད། ད་ལྟའི་གནས་སྟངས་འོག་བོད་ཀྱི་ཆོས་དང་རིག་གཞུང་གི་གནས་བབ་དང༌། བོད་པ་དེང་རབས་ཅན་དུ་བགྲོད་པར་བོད་མིའི་ཆོས་དང་རིག་གཞུང་བཀག་རྡོ་ལྟ་བུ་མ་ཡིན་པར། དེང་རབས་ཅན་དང་མཉམ་དུ་ཕེབས་ཐུབ་པའི་རིག་གཞུང་ཞིག་ཡིན་པ། ཅེས་བཀོད་འདུག་ལ། ལྷག་པར་དུ་དབུས་གཞུང་ལ་འབོད་སྐུལ་གྱི་ཚུལ་དུ། གསུམ་གཅིག་བཞིའི་དོན་རྐྱེན་ལ་བསམ་བློ་ཞིབ་ཚགས་གཏོང་དགོས་པ་དང༌། དེ་ལ་ཕྱི་ནང་གཉིས་ཀྱི་རྒྱུ་རྐྱེན་ཡོད་ཅིང༌། ལྷག་པར་དུ་ཕྱིའི་རྐྱེན་ཁོ་ན་ལས་ནང་རྐྱེན་ལ་བསམ་བློ་མ་བཏང་ན། རྒྱལ་ཁབ་ཀྱི་ཡུན་རིང་གི་ཁེ་ཕན་ལ་འགན་མ་འཁུར་བ་རེད། ཅེས་བཀོད་འདུག
དོན་ཚན་དྲུག་པའི་ནང་བསམ་འཆར་དོན་ཚན་དགུ་བཏོན་འདུག དང་པོ། རྒྱ་ནག་དབུས་གཞུང་གིས་བོད་མིའི་མངོན་འདོད་གང་ཡིན་པ་དང༌། དགོངས་ཚུལ་གང་ཡོད་པར་གསན་འཇོག་ཡག་པོ་བྱས་ཏེ། བོད་མིའི་ཐོབ་ཐང་ཡོངས་ལ་བརྩི་བཀུར་ཐོག བོད་ནང་གི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང༌། བོད་ཀྱི་ས་ཆའི་ཁྱད་ཆོས་དང་མཐུན་ཞིང་ས་གནས་མི་དམངས་ཀྱི་འདོད་བློ་དང་འཚམ་པའི་སྲིད་བྱུས་གཏན་འབེབས་བྱ་དགོས། གཉིས་པ། དབུས་གཞུང་གིས་བོད་ཁུལ་འཛུགས་སྐྲུན་ཆེད་བཏང་བའི་འགྲོ་གྲོན་དེ་ས་གནས་དཔོན་རིགས་ཉུང་ཤས་ཤིག་གི་ཁེ་ཕན་དུ་འགྲོ་བ་མ་ཡིན་པར། ཞིང་འབྲོག་མང་ཚོགས་ཀྱི་ཁེ་ཕན་དུ་འགྲོ་དགོས་པ། གསུམ་པ། མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་བྱུས་དེ་ངེས་པར་དུ་ཚུལ་དང་མཐུན་པའི་ཐོག་ནས་ལག་བསྟར་བྱ་དགོས། བཞི་བ། བོད་རིགས་ན་གཞོན་ཚོའི་འཚོ་གནས་ཀྱི་གནད་དོན་ལ་དོ་སྣང་བྱས་ཏེ། ལྷག་བསམ་རྣམ་དག་སྒོས་བོད་རིགས་ས་ཁུལ་གྱི་སློབ་གསོ་དང༌། ལྷག་པར་དུ་གྲོང་གསེབ་ཀྱི་སློབ་གསོར་ལེགས་བཅོས་བྱ་དགོས། ལྔ་བ། ཆོས་དང་ཆོས་ཀྱི་བྱེད་སྒོ་ཁག་བོད་མིར་ཧ་ཅང་གལ་ཆེན་ཡིན་པ་ངོས་ལེན་ཐོག ཆོས་དད་རང་མོས་ལ་སྲུང་སྐྱོབ་བྱས་ཏེ། རྒྱུན་ལྡན་ཆོས་ཀྱི་བྱེད་སྒོ་ཁག་བསྐྱར་གསོ་བྱ་དགོས། དྲུག་པ། བོད་ཁུལ་གྱི་གནད་དོན་གང་ཞིག་ཐག་གཅོད་བྱས་ཀྱང༌། སྔོན་མའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་བཏང་སྟེ། མི་རིགས་ཕན་ཚུན་བར་མཐོང་ཆུང་དང་དམའ་འབེབས་སོགས་ཁོང་ཁྲོ་སློང་གཞིའི་རིགས་མི་ཡོང་བར་འབད་བརྩོན་བྱ་དགོས་ལ། ས་གནས་ཀྱི་དོན་རྐྱེན་ཞི་འཇགས་ཆེད་ཆོས་ལུགས་བེད་སྤྱོད་ཚུལ་ལྡན་དུ་ངོས་འཛིན་བྱ་དགོས་པ། བདུན་པ། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གསལ་ལྟར། ས་གནས་རང་སྐྱོང་སྲོལ་ཡིག་གཏན་འབེབས་བྱ་དགོས་པ་དང༌། རང་སྐྱོང་སྲོལ་ཡིག་གི་སྲིད་བྱུས་བཟོ་བར་ས་གནས་མི་རིགས་ཀྱི་ཤེས་ལྡན་མི་སྣ་མཉམ་ཞུགས་བྱ་དགོས། བརྒྱད་པ། དུས་རྒྱུན་སྤྱི་ཚོགས་རྙིང་པར་སྐྱོན་འཛུགས་བྱ་རྒྱུ་མ་ཡིན་པར། བཅོས་བསྒྱུར་སྒོ་འབྱེད་ཚུན་ལ་བོད་ཁུལ་ཡར་རྒྱས་ཕྱིན་ཡོད་མེད་རྟོགས་ཞིབ་དང་གསལ་བཤད་བྱ་དགོས། དགུ་བ། གནད་དོན་གང་ཞིག་ཐག་གཅོད་བྱེད་པར་སྤྱི་ཚོགས་ཀྱི་གནད་དོན་དང་ཆོས་ལུགས་ཀྱི་གནད་དོན། དཔལ་འབྱོར་གྱི་གནད་དོན་སོ་སོར་ཕྱེས་ཏེ་ཐག་གཅོད་བྱ་དགོས་ཤིང༌། ས་གནས་ཀྱི་གནད་དོན་ལ་ཐད་ཀར་དབུས་གཞུང་གིས་ཇུས་གཏོགས་བྱེད་པ་མ་ཡིན་པར་བར་བརྒལ་ལྟ་བུ་བྱ་དགོས་ཚུལ་བཅས་བཀོད་འདུག ཅེས་གསུངས་སོང༌།