དྲུག་བཞིའམ་ཐེན་ཨན་མིན་དོན་རྐྱེན་བྱུང་ནས་ངོ་ལོ་ཉི་ཤུ་འཁོར་སྐབས་དང་བསྟུན་ཧྥ་རན་སིར་གནས་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་དྲུག་བཞིའི་དུས་དྲན་ཐེངས་ཉི་ཤུ་བ་དེ་ཕྱི་ཚེས་ ༣ དང་་ ༤ དགོང་དྲོ་གཉིས་རིང་སྲུང་གཙི་བྱས་ཡོད་ལ། བོད་མི་དང་ཐའེ་ཝན་རང་བཙན་རྩོད་ལེན་པ། རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་རྒྱ་ནག་གི་དམངས་གཙོ་ལ་རྒྱབ་སྐྱོར་དང་། ད་ལྟའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ངོ་རྒོལ་མཚོན་ཆེད་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད།
ཕྱི་ཚེས་ ༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་བདུན་པའི་སྟེང་། ཐེངས་འདིའི་དུས་དྲན་དེ་༼ དྲུག་བཞི། ལོ་ཉི་ཤུའི་རྗེས་ལ། ༽ཞེས་པའི་འབོད་ཚིག་འོག་རྒྱལ་ས་ཕ་རི་སིའི་རང་དབང་ཐང་ཆེན་དུ་མགོ་འཛུགས་བྱས་ཤིང་། དུས་དྲན་ངོ་སྤྲོད་སྐབས་དམངས་གཙོ་དོན་གཉེར་བ་ཀྲང་ཅིན་ལགས་ཀྱིས་༼ ད་ལྟ་ནི་ཡུ་རོབ་གླིང་གི་ཕྱི་ཟླ་དྲུག་པའི་ཚེས་གསུམ་གྱི་ཕྱི་དྲོའི་ཆུ་ཚོད་བདུན་པ་རེད། དུས་ཚོད་འདི་ནི་རྒྱ་ནག་གི་ཕྱི་ཟླ་དྲུག་པའི་ཚེས་བཞི། ཞོགས་པའི་ཆུ་ཚོད་གཉིས་པ་ལ་འཁེལ་གྱི་ཡོད། འདི་ནི་ཏག་ཏག་ལོ་ཉི་ཤུའི་ཡར་སྔོན་དུ་རྒྱ་ནག་གུང་ཁྲན་གཞུང་གིས་དྲུག་བཞིའི་ལས་འགུལ་ལ་དྲག་པོའི་བཙན་གནོན་བྱེད་པའི་དུས་ཚོད་ལ་འཁེལ་གྱི་ཡོད། དྲག་གནོན་འདི་ནི་ལས་འགུལ་ནང་ཚེ་སྲོག་ཤོར་བའི་སློབ་ཕྲུག་ཚོ་དང་ལས་འགུལ་བ་རྐྱང་བའི་གྱོང་གུད་ཙམ་མིན། འདིའི་ཁ་གཏད་ས་ནི་རྒྱ་ནག་མི་མང་དང་འཛམ་གླིང་གི་མངོན་འདོད་དེ་རྒྱ་ནག་དམངས་གཙོ་ལ་ཁ་གཏད་པ་ཞིག་ཡིན། ལས་འགུལ་ལ་དྲག་གནོན་བྱས་ནས་ད་བར་དུ་ལོ་ངོ་ཉི་ཤུ་ཕྱིན་ཡོད། ལོ་ངོ་འདི་དག་གི་རིང་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་མེད་ལ། དམངས་གཙོའི་འཐབ་རྩོད་ཀྱང་རིམ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད། འོན་ཀྱང་ང་ཚོའི་སེམས་ཤུགས་ད་བར་དུ་ཆག་མྱོང་མེད། ང་ཚོས་འདི་ལྟར་ལོ་རེ་བཞིན་དུས་དྲན་སྲུང་གཙི་བྱེད་བཞིན་ཡོད་ལ། ད་དུང་མུ་མཐུད་ནས་བྱེད་ངེས་ཡིན། ཐེན་ཨན་མིན་དམར་གསོད་དོན་རྐྱེན་ནི་ལོ་རྒྱུས་ཡིན་ལ། དུས་དྲན་གྱི་བྱེད་སྒོ་འདི་བརྒྱུད་ནས་ང་ཚོས་འདས་ཟིན་པའི་རྒྱ་ནག་དམངས་གཙོ་རྩོད་ལེན་པ་ཚོར་དྲན་གསོ་བྱེད་ཀྱིན། རྒྱ་ནག་གཞུང་གིས་ཁོ་ཚོར་དྲང་བདེན་གྱི་བཤད་སྟངས་ཤིག་དགོས་པའི་དགོས་འདུན་འདོན་བཞིན་ཡོད། རྒྱུ་མཚན་ནི་འདས་གྲོངས་སུ་ཕྱིན་པའི་མི་རྣམས་ཉེས་མེད་ཡིན། ༽ ཞེས་དང་། ཡང་ཁོང་གིས་༼ དེ་རིང་འདིར་བོད་རིགས་སྤུན་ཟླ་མང་པོ་ཞིག་མཉམ་ཞུགས་གནང་བར་ཕེབས་འདུག འདི་ང་ཚོའི་དུས་དྲན་སྲུང་གཙིའི་བརྒྱུད་རིམ་ནང་ཐེངས་དང་པོ་ཡིན། རྒྱ་ནག་མི་མང་ནང་བོད་སྐོར་ཤེས་མཁན་ཉུང་ནའང་དམངས་གཙོ་དོན་གཉེར་བ་ཚོས་གསལ་བོར་ཤེས་ཀྱི་ཡོད། ཁྱེད་ཚོའི་དགོས་འདུན་འཐབ་རྩོད་ཁྲོད་ཆིག་སྒྲིལ་དང་། རང་ཚུགས། རྒྱུན་གནས་བཅས་ཀྱི་སྙིང་སྟོབས་ལ་ང་ཚོས་གོང་བཀུར་དང་སློབ་སྦྱོང་བྱེད་བཞིན་ཡོད། དེ་རིང་འདིར་ང་ཚོས་གོང་བཀུར་དང་སློབ་སྦྱོང་བྱེད་སའི་ཁྱེད་ཚོ་མཉམ་ཞུགས་གནང་བ་འདིས་རྒྱབ་སྐྱོར་གྱི་རྣམ་པ་གཅིག་བུ་མིན་པར་ང་ཚོ་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད། ༽ ཅེས་བོད་མི་རྣམས་ཐེངས་དང་པོར་ལས་འགུལ་ནང་མཉམ་ཞུགས་བྱས་པར་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཡོད། ཐེངས་འདིའི་དུས་དྲན་སྲུང་གཙི་སྐབས་ངོ་རྒོལ་སྐད་འབོད་དང་གོམ་བགྲོད་སོགས་བྱས་མེད་ནའང་། དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་དཔར་རིས་འགྲེམས་སྟོན་དང་། དཔར་རིས་སྟེང་མེ་ཏོག་འབུལ་བ། རྒྱ་ནང་གི་ཤེས་ཡོན་པ་དང་སློབ་ཕྲུག་ཚོས་བསྐུར་ཡོང་བའི་རྒྱབ་སྐྱོར་གྱི་འཕྲིན་ཡིག་སྒྲོག་སྦྱང་། མཚན་རྟགས་བསྡུ་རུབ་སོགས་བྱས་ཡོད་ལ། སི་ཝེ་ཌན་ནས་ཆེད་དུ་ཡོང་བའི་རྒྱ་ནག་གི་ཕན་གོ་རོལ་དབྱངས་ཚོགས་པས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་གླུ་གཞས་ཁག་ཅིག་གཟིགས་འབུལ་བྱས་ཡོད།
དུས་དྲན་རིམ་པ་གཉིས་པ་དེ་ཕྱི་ཚེས་ ༤ ཉིན་གྱི་དགོང་དྲོར་ཚུགས་ཡོད། རིམ་པ་འདི་ནི་བགྲོ་གླེང་དང་གློག་བརྙན་འགྲེམས་སྟོན། རོལ་གཞས་གཏོང་ལེན། སྙན་ངག་གྱེར་འདོན་བཅས་གྱིས་གྲུབ་འདུག ད་ལོའི་དུས་དྲན་གྱི་འབོད་ཚིག་༼ དྲུག་བཞི། ལོ་ཉི་ཤུའི་རྗེས་ལ། ༽ཞེས་བཀོད་ཡོད་པ་ལྟར་བགྲོ་གླེང་གི་བརྗོད་གཞི་ཡང་རྒྱ་ནག་དམངས་གཙོའི་དོན་གཉེར་བ་ཚོའི་འབྱུང་འགྱུར་གྱི་ཁ་ཕྱོགས་ཐད་ཡིན་འདུག དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཡན་གྱིས་༼ དམངས་གཙོ་དོན་གཉེར་བའི་ནང་འབྱུང་འགྱུར་ལ་ཁ་ཕྱོགས་སྟངས་ཐད་ཤོག་ཁག་གཉིས་ཆགས་ཡོད། ཕྱོགས་ཁག་གཅིག་ནི་རྒྱ་ནག་གཞུང་དང་ལྷན་དུ་༼ མཐུན་འགྲིག་༽དགོས་པའི་ལྟ་ཚུལ་འདོན་མཁན་ཚོ་ཡིན་ལ། གཞན་པ་དེ་ ༼ མཐུན་འགྲིག་ ༽ལ་ལྡོག་ཕྱོགས་ཀྱི་ལྟ་ཚུལ་འཛིན་མཁན་རྣམས་ཡིན། ངའི་བརྗོད་གཞི་ནི་མཐུན་འགྲིག་དགོས་མིན་དང་དེ་ཡོང་མིན་མིན་པར། ཕྱོགས་ཁག་གཉིས་ཀྱི་འདོད་ཚུལ་སོགས་འགྲེལ་བརྗོད་བྱེད་རྒྱུ་དེ་ཡིན་ ༽ཞེས་དེང་སྐབས་རྒྱའི་དམངས་གཙོ་དོན་གཉེར་བའི་ནང་འབྱུར་འགྱུར་ལ་ཁ་ཕྱོགས་སྟངས་ཐད་ཤོག་ཁག་གཉིས་ཡོད་པ་དང་། དེ་དག་གི་འདོད་ཚུལ་ལ་ཆབ་སྲིད་དང་རིག་གཞུང་། གནས་སྟངས། ལྷག་པར་དུ་རྒྱའི་སྲོལ་རྒྱུན་རིག་གནས་དང་བསམ་བློའི་ངོས་ནས་གནས་ལུགས་ཅི་ཡོད་རྣམས་འགྲེལ་བརྗོད་བྱས་ཡོད། ཐེངས་འདིའི་གློག་བརྙན་འགྲེམས་སྟོན་ནང་གསར་དུ་ཕབ་བསྐྲུན་བྱས་པའི་དངོས་འབྲེལ་གློག་བརྙན་ ༼ དྲུག་བཞི། ལོ་ཉི་ཤུའི་སྔ་གཞུག ༽ཅེས་དང་། ༼ དྲུག་བཞི། ཐེན་ཨན་མིན་ཐང་ཆེན་དུ་མི་བསད་མེད།༽ ཅེས་པ་གཉིས་གཟིགས་འབུལ་ཞུས་ཐོག གློག་བརྙན་བཟོ་སྐྲུན་པ་ངོ་སྤྲོད་དང་གློག་བརྙན་གཉིས་ཀྱི་བཟོ་སྐྲུན་དང་ནང་དོན་ཐད་བགྲོ་གླེང་བྱས་ཡོད། ཧྥ་རན་སིར་གནས་བཞུགས་རྒྱའི་སྙན་ངག་པ་ཏུན་དང་བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་གཉིས་ཀྱིས་རྒྱ་བོད་སྐད་ཡིག་ནང་སྙན་ངག་གྱེར་གནང་ཞིང་། ཕན་གོ་རོལ་ཚོགས་དང་བོད་རིགས་འགས་རྒྱ་བོད་ཀྱི་གླུ་གཞས་ཁག་ཅིག་གཟིགས་འབུལ་གྱིས་ཐེངས་འདིའི་དུས་དྲན་མཇུག་བསྡུ་བྱས་ཡོད།
གསར་འགོད་པ། ཟླ་བ་ཚེ་རིང་།
རྒྱ་བོད་མཉམ་འབྲེལ་གྱི་ལས་གཞི་འདི་འདྲ་ཡང་ཡང་ཡོང་བར་ཤོག འདི་ནི་བར་ཐག་གི་ཟམ་པ་རེད། འདི་ནི་བོད་མི་མང་གི་དཀའ་སྡུག་སེལ་བའི་ཐབས་ལམ་ཡག་ཤོས་ཤིག་རེད། བོད་ནང་གི་བོད་མི་དེ་དག་གི་འཆི་གསོན་གྱི་གནས་སྟངས་ཀྱང་འདི་ལྟར་ལོ་ཟླ་དང་དུས་ཚོད་དམ་འཛིན་གྱིས་ངོ་སྤྲོད་གང་ས་ནས་བྱེད་ཐུབ་པར་ཤོག