གནས་ཚུལ་འབྱོར་གསལ་ལྟར་ན། ད་ལོ་སྤྱི་ཟླ་ ༥ ཚེས་ ༡༢ ཉིན་ཨ་མདོ་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཡུལ་ཚོའི་ནང་དམག་མི་ཕོན་ཆེ་རིམ་འབྱོར་ཏེ། སྔར་ལོའི་ཞི་རྒོལ་སྐབས་ལས་འགུལ་སྣེ་ཁྲིད་བྱེད་མཁན་གཙོ་བོ་སུ་ཡིན་བརྩད་གཅོད་བཏང་སྟེ། དང་ཐོག་གོང་གསལ་གདོང་མེ་སོགས་ཀྱི་མི་ ༧ མཛོད་དགེ་རྫོང་ཐོག་ཏུ་བཀག་ཉར་བྱས་ནས་ཡུན་རིང་ཐག་གཅོད་གང་ཡང་མ་བྱས་པར་མནར་གཅོད་ཚད་མེད་བཏང་འདུག་པ་དང༌། དེ་རྗེས་ཁྲིམས་ཐག་བཅད་དེ་སི་ཁྲོན་གྱི་མེན་ཡངས་ཞེས་པའི་ས་གནས་སུ་ཁྲིད་འདུག ཟླ་ ༥ ཚེས་ ༡༢ ཉིན་གདོང་མ་དང༌། བཀྲ་ཤིས་རྡོ་རྗེ། བསོད་ནམས་སྟོབས་ལྡན་བཅས་གློད་གྲོལ་བཏང་ཡོད་ཀྱང་། གཞན་སྒྲོལ་མ་སྐྱབས་དང༌། ཚེ་དབང་འགྱུར་མེད། སྐལ་བཟང་ཉི་མ། རོང་ཕྲུག་བཅས་ད་ལྟ་མུ་མཐུད་བཙོན་འཇུག་བྱས་ཡོད་པ་དང༌། ལོ་རྗེས་མའི་ཕྱི་ཟླ་ ༧ ནང་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
གཞན་ཡང་སྒྲ་སྙན་རྡུང་ལེན་པ་སྟག་སྐྱབས་དང༌མདོ་སྡེ་སོགས་མི་ ༣༥ ལྷག་རྒྱ་མིའི་ལས་བྱེད་པའི་སྡོད་ཤག་ལ་རྒོལ་གཏམ་བཏང་བར་འབྲེལ་བ་ཡོད་ཚུལ་བསྙད་དེ་འཛིན་བཟུང་གིས་མཛོད་དགེ་རྫོང་ཐོག་ཏུ་བཀག་ཉར་དང་གཅར་རྡུང་མནར་གཅོད་ཚད་མེད་བཏང་མཐར་ཉེས་ཆད་ལ་མཐོ་ཤོས་རྒྱ་སྒོར་ཉིས་ཁྲི་དང༌། དམའ་ཤོས་ལ་རྒྱ་སྒོར་བརྒྱད་སྟོང་བར་བཅད་ནས་བཏང་ཡོད་འདུག ཨ་སྐྱིད་མི་མང་ལ་རྒྱ་དམག་གིས་དུས་ཡུན་རིང་པོ་ཞིག་གི་བར་དུ་འགྲོ་འོང་བཀག་བསྡོམས་ནན་མོ་བྱས་ཡོད་པ་དང༌། བོད་པའི་དུས་ཆེན་སོགས་མི་མང་འདུ་འཛོམས་བྱེད་པའི་ཉིན་མོ་དེ་འདྲར་ཉེན་རྟོག་པ་དང་དམག་མིས་ལྟ་སྲུང་ནན་པོས་འོག་གནས་ཡོད་འདུག
སྔར་ལོའི་སྤྱི་ཟླ་ ༤ པའི་ནང་རྔ་པ་ཁུལ་མཛོད་དགེ་རྫོང་གི་རང་ལོ་ ༣༥ ཡིན་པ་ཨ་སྐྱིད་པ་གདོང་མེ། རང་ལོ་ ༣༣ ཡིན་པ་བསོད་ནམས་སྟོབས་ལྡན། རང་ལོ་ ༢༢ ཡིན་པ་བཀྲ་ཤིས་རྡོ་རྗེ། རང་ལོ་ ༢༦ ཡིན་པ་ཚེ་དབང་འགྱུར་མེད། རང་ལོ་ ༣༤ ཡིན་པ་སྐལ་བཟང་ཉི་མ། རང་ལོ་ ༢༦ ཡིན་པ་སྒྲོལ་མ་སྐྱབས། རང་ལོ་ ༢༥ ཡིན་པ་ནོར་བུ་རོང་ཕྲུག་བཅས་མི་ ༧ གྱིས་ཡུལ་ཚོའི་སློབ་ཆུང་ར་བའི་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་གཤགས་རལ་བཏང་བ་དང༌། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་ཡིན། ཞེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་པར་བརྟེན། རིམ་བཞིན་ཨ་སྐྱིད་ཚོ་བའི་མི་མང་སུམ་བརྒྱ་ལྷག་འདུ་འཛོམས་ཀྱིས་བོད་དོན་ཆེད་སྐད་འབོད་གཞི་རྒྱ་ཆེན་པོ་བྱས་པ་མ་ཟད། ཨ་སྐྱིད་ཡུལ་ཚོའི་ནང་གི་རྒྱ་མིའི་ལས་བྱེད་པའི་སྡོད་ཁང་མདུན་དུ་ངོ་རྒོལ་རྣམ་འགྱུར་བཅས་བསྟན་ཡོད་འདུག གོང་གི་གསར་འགྱུར་དེ་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས་མཁོ་སྤྲོད་བྱས།