མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ།

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ།

ཟླ་སྔོན་མའི་ཟླ་དཀྱིལ་ནས་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་འབྲེལ་ཐོན། ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ་ནང་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་གྲྭ་བཙུན་ ༩༠ ཙམ་ལ་ཚན་རིག་གི་ཟབ་སྦྱོང་སྤྲོད་ཀྱིན་ཡོད་སྟབས། འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཆེད་སྐྱོད་ཀྱིས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང། ཨེ་མོ་རི་དང་བོད་རིག་མཐུན་ཚོགས་ཀྱི་འགན་འཛིན། ཨ་རིར་བཅའ་སྡོད་འབྲས་སྤུངས་བློ་གསལ་གླིང་ཆོས་ཚོགས་ཀྱི་ཚོགས་གཙོ་དགེ་བཤིས་བློ་བཟང་བསྟན་འཛིན་དང། ཐེངས་འདིའི་ཟབ་སྦྱོང་གོ་སྒྲིག་གནང་མཁན་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤིས་ལྷག་རྡོར་གཉིས་དང་ལྷན་དུ། ཚན་རིག་གི་ཟབ་སྦྱོང་དང་འབྲེལ་ཏེ། ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ་ཁག་ཅིག་གི་སྐོར་ལ་བཅར་འདྲི་ཞུས་པ་གཤམ་གསལ་ལྟར་ཡིན།

༡ དྲི་བ། ཐོག་མར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་སོ་སོ་ངོ་སྤྲོད་དང་འབྲེལ། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཕྱག་ལས་འཚམ་སྦྱོར་མདོ་བསྡུས་ཤིག་གནང་རོགས།

ལན། ངའི་མིང་ལ་བློ་བཟང་བསྟན་འཛིན་དང་སྐྱེས་ཡུལ་ཁུ་ནི་ནས་ཡིན། ཐོག་མ་ངྷ་ས་མཚན་ཉིད་སློབ་གྲྭ་ནས་ནས་ལོ་ ༡༠ ཙམ་ལ་སློབ་སྦྱོང་བྱས་ཤིང། དེའི་རྗེས་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་བཏང་མཐར་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་ནས་སློབ་སྦྱོང་བྱས་པ་དང། ད་ལྟ་དེ་གར་དགེ་རྒན་གྱི་ལས་ཀ་བྱེད་ཀྱིན་ཡོད། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དེ་སྤྱི་ལོ་ ༡༨༣༦ ལོར་བཙུགས་ཤིང་། ད་ཆར་ཚན་ཁག་ཆེན་པོ་བདུན་དང་སློབ་མ་ཆིག་ཁྲི་ཆིག་སྟོང་ ༡༡༠༠༠ ཙམ་ཡོད། སློབ་གྲྭ་དེའི་ཐོག་མའི་དམིགས་ཡུལ། ཤེས་བྱ་ཡོན་ཏན་གཅིག་པུ་ཙམ་མ་ཡིན་པར་ནང་སེམས་རྒྱུད་ཇེ་བཟང་དུ་གཏོང་ཐབས་ཡིན་སྟབས། སློབ་གྲྭའི་ཐོག་མའི་དམིགས་ཡུལ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན། ༧གོང་ས་མཆོག་གི་དགོངས་གཞི་གསུམ་གཞི་གཅིག་ཏུ་འདྲེས་ཡོད་སྟབས། ༡༩༩༨ ལོ་ནས་བོད་པའི་ནང་ཆོས་དང་༧གོང་ས་མཆོག་ལ་འབྲེལ་བ་ཐོག་མར་བཙུགས་ཤིང་། ༢༠༠༧ ལོར་༧གོང་ས་མཆོག་ལ་ཁྱད་དུ་འཕགས་པའི་གཙུག་ལག་སློབ་དཔོན་གྱི་མཚན་གནས་ཕུལ་ཡོད།

༢ དྲི་བ། སྐུ་ཉིད་ཀྱིས་ཨ་རིའི་ཨེ་མོ་རེའི་གཙུག་ལག་སློབ་གཉེར་ཁང་དུ་ནུབ་གླིང་གི་སློབ་ཕྲུག་ཚོར་སློབ་ཚན་ཅི་ཞིག་སློབ་ཁྲིད་གནང་གིན་ཡོད་དམ།

ལན། ལས་དོན་གཙོ་བོ་ཁག་གསུམ་ཙམ་ཡོད། དང་པོ། བོད་བརྒྱུད་ནང་བསྟན་རིག་པ་གཙོར་བྱས་ཐུན་མོང་གི་རིག་གནས་སྐོར་སློབ་ཁྲིད་དང་། གཉིས་པ། ཨེ་མོ་རེ་དང་བོད་ཀྱི་མཐུན་ཚོགས་ཟེར་བ་ཞིག་བཙུགས་ཏེ། བོད་ཀྱི་རིག་གནས་དང་ནུབ་ཕྱོགས་ཀྱི་རིག་གནས་གཅིག་ཕན་གཅིག་གྲོགས་སུ་འགྲོ་ཆེད། ནུབ་ཕྱོགས་ཀྱི་ཚན་རིག་བོད་པའི་དགོན་སྟེ་ཁག་ལ་དར་སྤེལ་གཏོང་རྒྱུ་དང་། ནུབ་ཕྱོགས་པའི་སློབ་ཕྲུག་དག་ལ་བོད་བརྒྱུད་ནང་བསྟན་རིག་པ་གཙོ་བྱས་ཏེ། སྒྲ་ཚད་བཟོ་གསོ་སོགས་ཐུན་མོང་གི་རིག་གནས་ངོ་སྤྲོད། གསུམ་པ། ནང་ཆོས་ཁྲོད་ལུས་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་བླ་ན་མེད་པ་ཞིག་ཡོད་པ་རེད། སྒོམ་ཉམས་ལེན་གྱི་ཐོག་ནས་ལུས་སེམས་ཀྱི་ན་ཚ་འཇོམས་པ་དང་། མ་འོངས་པར་བདེ་སྐྱིད་དང་སྤྲོ་སེམས་འཁོར་བའི་ཐབས་ལམ་ཐོག་ལ། ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱིས་བརྟག་དཔྱད་སྦྱོང་བརྡར་སྤྲོད་ཀྱིན་ཡོད།

༣ དྲི་བ། བོད་པར་རིག་གནས་ཆེ་ཆུང་བཅུ་དང་བྱེ་བྲག་གཞུང་བཀའ་པོད་ལྔ་སོགས་རིག་པའི་གནས་མང་སྟབས། ཕྱི་གླིང་བ་ཚོས་ཡིད་ཆེས་དང་དགའ་མོས་བྱ་ཡུལ་གཙོ་བོ་གང་ཡིན་པ་དང་། དེ་ལ་དགའ་མོས་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ།

ལན། ནང་པོ་ཞིག་གིས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་བྱས་ཏེ། ཉོན་མོངས་ཀྱི་རིགས་དང་དཀའ་ངལ་ལ་གདོང་ལེན་བྱ་ཐབས། ལུས་དང་སེམས་དང་སྨན་ mind, body and medisen ཟེར་བར་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་ལ། ནང་པའི་ལྟ་གྲུབ་སྐོར་ལ་རིགས་གཅིག་རྐང་འཛིན་བྱེད་མཁན་ཡང་ཁག་ཅིག་འདུག གཙོ་ཆེ་ཤས་ནང་ཆོས་དང་ཚན་རིག་བསྒྲེས་ཏེ། Neuro Scien དབང་རྩའི་ཚན་རིག་ཐོག་ལ་ཉམས་ཞིབ་བྱེད་མཁན་རེད། ལོ་གཉིས་གསུམ་གོང་ནས་ནང་ཆོས་ཀྱི་སྙིང་རྗེ་སྐོར་ལའང་ཉམས་ཞིབ་བྱེད་མཁན་མང་དུ་འགྲོ་བཞིན་འདུག ཨེ་མོ་རི་ནས་བོད་ཀྱི་བློ་སྦྱོང་ལས་སྙིང་རྗེ་སྤེལ་ཐབས་སྐོར་ལ་ཞིབ་འཇུག་གྲུབ་འབྲས་ཆེན་པོ་ཐོབ་ཡོད། མ་འོངས་པར་སྙིང་རྗེ་ཡི་ནུས་པར་འཛམ་གླིང་ནང་དོ་སྣང་ཆེ་རུ་འགྲོ་ས་རེད་སྙམ་པ་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ནང་ཆོས་ལ་དོ་སྣང་སླེབས་དོན་གང་ཡིན་ཟེར་ན། གཙོ་བོ་༧གོང་ས་མཆོག་གིས་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ནང་པའི་ཆོས་པ་ཚོའི་བར་ཉམས་མྱོང་བརྗེ་རེས་ཐེངས་མང་བྱས་པའི་གྲུབ་འབྲས་དང། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང། སེམས་རྨུགས་པ་དང་སེམས་ལ་དངངས་འཚབ་སྐྱེས་པ། ལུས་སེམས་ངལ་བ། ཁྱིམ་ཚང་ནང་ལོགས་ནས་རྙོག་དྲ་ལངས་པ་སོགས་སྨན་གྱིས་བཅོས་དཀའ་བའི་ནད་རིགས་མང་པོ་ཞིག་ལ། ནང་ཆོས་ཀྱི་སྒོམ་ཉམས་ལེན་དང། བློ་སྦྱོང་གིས་གྲུབ་འབྲས་ཆེན་པོ་བླངས་ཡོད་སྟབས། ཁོང་ཚོར་དོ་སྣང་སླེབས་པ་རེད།

༤ དྲི་བ། ནང་ཆོས་ལ་སློབ་གཉེར་བྱེད་མཁན་ནུབ་ཕྱོགས་པ་དག་གིས་ནང་པའི་མཚན་ཉིད་རིག་པ་དང་ལྟ་གྲུབ་རིག་པའི་ཐད་ལྟ་སྟངས་གང་འདྲ་འདུག་གམ།

ལན། སྔོན་མ་དུས་རབས་བཅུ་དགུ་ཡས་མས་ནས་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་མང་པོས་ནང་ཆོས་ཀྱི་ལྟ་གྲུབ་དེ་ཧ་ཅང་གི་ཡར་ཐོན་ཅན་གྱི་མཚན་ཉིད་རིག་པར་ངོས་འཛིན་བྱས་ཡོད་ལ། ཚན་རིག་པ་ཨ་ཡན་སི་ཐན་གྱིས་ཀྱང་། མ་འོངས་པར་འཛམ་གླིང་དུ་ཆོས་ལུགས་ཤིག་གནས་དགོས་ན། ནང་ཆོས་ལས་གཞན་ཏུ་འཚོལ་དཀའ་ཚུལ་བརྗོད་ཡོད། ཐེངས་ཞིག་༧གོང་ས་མཆོག་གིས་ཨ་རིའི་ནེ་ཡོག་ནས་རྟེན་འབྲེལ་གྱི་བཀའ་སློབ་ཅིག་གནང་རྗེས། ཚན་རིག་པ་དྲག་ཆེན་ཞིག་གིས། ཐེངས་འདི་ཏཱ་ལའི་བླ་མའི་གསུང་བཤད་དེས་ང་རང་གི་དངོས་ཁམས་རིག་པའི་ལྟོས་གྲུབ་ཀྱི་ལྟ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སོང། ཚན་རིག་པ་དག་གིས་མཐར་ཐུག དངོས་པོའི་རྩོམ་གཞི་རང་དབང་ཅན་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང། ནང་ཆོས་ཀྱི་རྟེན་འབྲེལ་རིག་པ་ལས་ཆོས་ཐམས་ཆད་བརྟེན་འབྱུང་དུ་བསྒྲུབ་པ་དེ་ཧ་ཅང་ཡ་མཚན་རེད། ཞེས་གསུངས་ཡོད་ལ།

དེ་བཞིན་སེམས་ཁམས་རིག་པའི་ཆེད་མཁས་པ་དང། མིའི་རིགས་ཀྱི་evolution འཕེལ་འགྱུར་དང་མྱོང་ཚོར་དེ་ཚན་རིགས་ཐོག་ནས་ཉམས་ཞིབ་བྱེད་མཁན་དང་འགྲེལ་བཤད་རྒྱག་མཁན་སྐད་གྲགས་ཅན་paule Erkman ལགས་ལྟ་བུར་མཚོན་ན། ཨ་རིའི་གསང་བའི་ལས་ཁུངས་ཀྱི་སློབ་སྟོན་པ་རེད། སྔོན་མ་ཚན་རིག་མ་གཏོགས་ཆོས་ལ་ཡིད་ཆེས་མི་བྱེད། ཁོའི་བུ་མོ་༧གོང་ས་མཆོག་ལ་མཇལ་འདོད་སྐྱེས་ཏེ། ཆེད་དུ་བུ་མོ་ཁྲིད་དེ་༧གོང་ས་མཆོག་ལ་མཇལ་དུ་ཡོང་བ་རེད། ཞོར་དུ་ཁོ་ཡང་༧གོང་ས་མཆོག་ལ་མཇལ་ཁ་རག་ཅིང་བཀའ་མོལ་གནང་སྟེ། ང་རང་གིས་ལོ་ ༤༥ ལྷག་རིང་ལ་ཉམས་ཞིབ་བྱས་པའི་གཏན་ཚིག་ལ་བསམ་བློ་བསྒྱར་དུ་གཏོང་དགོས་ཆགས་སོང་། ཞེས་ལབ་ཡོད། དེའི་རྗེས་ཁོ་རང་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ལ་ཞུགས་ཀྱིན་ཡོད་ལ། ༢༠༠༧ ལོར་༧གོང་ས་མཆོག་དང་གླེང་མོལ་སྐབས་རང་དབང་མེད་པར་མིག་ཆི་ཤོར་ཡོད།

༥ དྲི་བ། ཚན་རིག་གི་ evolution  ལྟར་ན། སྲོག་ལྡན་ཡོད་ཚད་ཀྱི་ཐོག་མའི་འབྱུང་ཁུངས་ཆེས་ཕྲ་བའི་དངོས་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ནང་པའི་ཆོས་གཞུང་ལྟར་ན། སྲོག་ལྡན་ཐམས་ཅད་ཀྱི་འབྱུང་ཁུངས་ཤེས་པ་ཞིག་ལ་དངོས་འཛིན་བྱེད་ཀྱིན་ཡོད་སྟབས། ནང་ཆོས་དང་ཚན་རིག་ཞིབ་བསྡུར་ཁྲོད་ཐུན་མོང་གི་གྲུབ་དོན་རྙེད་ཡོད་དམ།

ལན། ཚན་རིག་པ་དང་ནང་པའི་ཆོས་པ་དག་གི་འཕེལ་འགྱུར་སྨྲ་བའི་གཞིར་རྩའི་ལྟ་བ་ཐ་དད་རེད། ཚན་རིག་པ་ཚོས་གཟུགས་ཅན་གྱི་དངོས་པོ་མང་པོ་ཞིག་འདུས་པ་ལས་གཞི་རྩའི་སྲོག་དེ་གྲུབ་པ་རེད་ཟེར་གྱིན་ཡོད། དེ་རིམ་གྱིས་འཕེལ་འགྱུར་བྱུང་ཞིང། དྲ་ཇེ་རྒྱས་དང་རིགས་ཇེ་མང་དུ་ཕྱིན་ཏེ། སྲོག་ཆགས་སེམས་ཅན་འདྲ་མིན་བྱུང་ཞིང། སྲོག་ལྡན་དག་ལས་འཕེལ་རིམ་ཚད་མཐོ་ཤོས་དེ་མི་ཡིན་ཟེར་གྱིན་ཡོད། ནང་པའི་བཤད་སྟངས་ལྟར་ན། སྐྱེས་པ་ལ་ཐོག་མ་མེད། རྣམ་པར་ཤེས་པའི་རྒྱུན་ལ་བསྐྱར་དུ་རྣམ་པར་ཤེས་པ་འཇོག་པ་རེད། ཚད་མ་རྣམ་འབྲེལ་ནང། རྣམ་ཤེས་མ་ཡིན་པའི་རྒྱུའི་རྣམ་ཤེས་ཀྱི་རྒྱུ་བྱ་མི་ཐུབ། ཅེས་སྐྱེས་པ་སྔ་མ་བསྒྲུབ་ཡོད། འོན་ཀྱང་། གཞི་རྩའི་འདོད་ཚུལ་ཐ་དད་ཡིན་རུང། བྱེ་བྲག་གིས་མཐུན་པའི་ཆ་མང་པོ་ཡོད། དཔེར་ན། ཁོང་ཁྲོ་དང་ཆགས་སྲེད་ལས་བསྐྱེད་པའི་ཁྲག་དང་སྙིང་གི་ནད་རིགས་དང་། སེམས་རྨུགས་པ་སོགས་ལ་སྨན་གྱིས་གནས་སྐབས་ཙམ་ལས་ཕན་ཐོགས་ཀྱིན་མེད་སྟབས། ཚན་རིག་གིས་ནད་དེའི་ཡོང་རྐྱེན་ལ་ཞིབ་འཇུག་བྱས་ཏེ། བསམ་བློ་གཏོང་ཕྱོགས་ཤིག་གི་ཐོག་ནས་ཡོང་གིན་ཡོད་པ་ར་འཕྲོད་པ་དང། ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་སྒོམ་ཉམས་ལེན་གྱིས་བཅོས་ཐུབ་པ་བྱུང་ཡོད། དེ་ནི་ནང་ཆོས་དང་ཚན་རིག་གཉིས་ཀྱི་ཐུན་མོང་གི་ལས་དོན་རེད།

༦ དྲི་བ། སེམས་ཁམ་རིག་པ་དང་སྒོམ་ཉམས་ལེན་ནང་ཆོས་ཙམ་མ་ཡིན་པར་ཆོས་ལུགས་གཞན་དང་སྨན་གཞུང་ཁག དེ་མིན་གྱི་ལྟ་གྲུབ་གཞན་ལའང་ཡོད་སྟབས། ནང་ཆོས་ལ་ཐུན་མོང་མ་ཡིན་པའི་ཆ་ཡོད་དམ།

ལན། དེ་ཁྱེད་ཀྱིས་བཤད་པ་བདེན་པ་རེད། འཛམ་གླིང་ཤར་ཕྱོགས་ཀྱི་ཆོས་ལུགས་ཧིན་རྡུ་དང་ནང་ཆོས། ཛཱེན། རྒྱ་ནག་གི་ཏའོ་ལུགས་བཅས་ལའང་སྒོམ་ཉམས་ལེན་བྱེད་སྲོལ་མོད། ནང་ཆོས་ཀྱི་ལམ་རིམ་ནང་གི་སྒོམ་ཉམས་ལེན་དང། བློ་སྦྱོང་དག་གི་སེམས་རྩེ་གཅིག་བཅས་ལ་གཞན་ལས་ལྷག་པའི་ཕན་ནུས་ཡོང་གིན་ཡོད། དཔེ་ན། དེང་སྐབས་ནུབ་ཕྱོགས་སུ་ tension  སེམས་གཡེང་བ་འམ་དྲན་རྒྱུ་རྒོད་པའི་ནད་ཚ་དང། ལུས་སེམས་ངལ་བའི་ནད་ཚ་ stress ། གཉིད་མི་ཡོང་བ་དང་ཁྲག་ཤད་རྒྱས་པ། སྙིང་གི་ནད་ཚ། ཀླད་རྩ་ཉམས་པ་སོགས་ནད་རིགས་འདྲ་མིན་ཡོང་གིན་ཡོད། ནང་ཆོས་ཀྱི་ mindfulness meditation དྲན་པ་ཉེར་བཞག་ཐད་ཀྱི་ཆེད་མཁས་པ། སྨན་པ་མཁས་དབང་ཇོན་ཌར་ཕ་རྫེན ལགས་ཀྱིས་དབུགས་དབྱུང་རྔུབ་སོགས་ལ་བརྟག་དཔྱད་ཞིབ་འཇུག་བརྒྱུད་དེ། རེ་དོགས་ཀྱི་འཛིན་ཆགས་མེད་པ་བྱས་ཏེ། སེམས་ཀྱི་ནད་ཚའི་རིགས་ཕན་འབྲས་བྱུང་ཡོད་པ་མ་ཟད། ལུས་ཀྱི་ཟུག་གཟེར་དང་། ཐ་ན་རྨ་རིགས་ལའང་ཕན་ཐོགས་བྱུང་ཡོད། ཁོང་གི་གཞུང་ལུགས་དེ་ད་ཆར་རྒྱལ་ཁབ་མང་པོར་དར་ཁྱབ་ཕྱིན་ཡོད།

༧ དྲི་བ། དེང་སྐབས་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་། རྒྱ་ནག་ནས་དར་བའི་ཧན་བརྒྱུད་ནང་བསྟན་ཆོས་ལུགས། དེ་བཞིན་ཐེ་ཝན་དང་ཀོ་རི་ཡ། སོག་པོ་བཅས་ནས་དར་བའི་ནང་ཆོས་སོགས་རིགས་མང་པོ་ཡོད་སྟབས། ནུབ་ཕྱོགས་པ་ཚོས་གང་ཞིག་ལ་ཡིད་ཆེས་དང་སློབ་གཉེར་བྱེད་ཀྱིན་ཡོད་དམ།

ལན། ནུབ་ཕྱོགས་སུ་དར་བའི་རྒྱ་ནག་དང་ཐེ་ཝན། ཐེ་ལན་ཌི། ཀོ་རི་ཡ། ཤི་རི་ལངྐ་བཅས་ནས་ཀྱི་ནང་ཆོས་ཡོད་མོད། དེ་དག་ཉམས་ལེན་བྱེད་མཁན་ཡང་ཨེ་ཤ་ཡའི་མི་རིགས་རེད། ཨ་རིར་མཚོན་ན་རྒྱ་མི་མང་པོ་ཡོད་ལ། རྒྱ་མིའི་དགོན་པ་དང་བླ་མ་ཡང་ཡོད། ཐེག་དམན་གྱི་བསྟན་པ་དར་སའི་ལུང་པ་འབར་མ་དང་། ཐེ་ལན་ཌི་སོགས་ཀྱང་དེ་བཞིན་རེད། འོན་ཀྱང་། ནུབ་ཕྱོགས་རང་གི་མི་རིགས་ཚོས་དོ་སྣང་བྱ་ཡུལ་བོད་བརྒྱུད་ནང་བསྟན་རེད། བོད་བརྒྱུད་ནང་བསྟན་མ་དར་གོང་ལ། ཉི་ཧོང་ནས་དར་བའི་ཛཱེན་ Zen ནང་ཆོས་ཟེར་བའི་ཐེག་ཆེན་གྱི་ཆོས་ཤིག་དར་ཁྱབ་ཆེན་པོ་ཕྱིན་འདུག རྗེས་སུ་༧གོང་ས་ཏཱ་ལའི་བླ་མའི་མཚན་སྙན་འཛམ་གླིང་ལ་རྒྱས་པ་དང། དུས་རབས་ཉི་ཤུའི་དུས་དཀྱིལ་ཙམ་ནས་བོད་པའི་བླ་སྤྲུལ་མང་པོ་བཙན་བྱོལ་དུ་ཕེབས་བཅས་ལ་བརྟེན། བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་ཁྱབ་ཆེན་པོ་པོ་ཕྱིན་ཡོད།

༨ དྲི་བ། བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་ཁྱབ་ཏུ་ཕྱིན་པ་དང་བསྟུན་ཏེ། ཆོས་ཚོགས་རེ་ཟུང་དང། བླ་སྤྲུལ་རྫུན་མ་རེ་ཟུང་གིས་བྱ་སྤྱོད་འདྲ་མིན་སྤེལ་གྱིན་ཡོད་པའི་གནས་ཚུལ་འདུག་པ་བདེན་ནམ།

ལན། དེ་བདེན་པ་རེད། འོན་ཀྱང། མི་འདི་དང་ཆོས་ཚོགས་འདིས་བྱ་སྤྱོད་ངན་པ་སྤེལ་སོང་ཞེས་ཞུ་རྒྱུ་མིན། བོད་པའི་བླ་སྤྲུལ་དང་ཆོས་པ་སུ་འདྲ་ཞིག་ཡིན་ནའང་། ལུང་པ་གསར་བ་ཞིག་དུ་འབྱོར་སྐབས། མི་རེ་ངོ་རེ་ནས་བོད་མི་རིགས་དང་བོད་པའི་རིག་གཞུང་གི་འཐུས་ཚབས་ཆགས་ཀྱིན་ཡོད། ཁོང་ཚོས་བྱ་བ་ཡག་པོ་ཞིག་བསྒྲུབ་པ་ཡིན་ན། མགོ་༧ཏཱ་ལའི་བླ་མ་ནས་བཟུང། བོད་མི་རིགས་དང་བོད་པའི་ཆོས་རིག་ལ་གཟི་བྱིན་སྤྲས་པ་རེད་ལ། སྡུག་ཅག་ཅིག་བྱས་པ་ཡིན་ན། མིང་ཆལ་དེ་མི་གཅིག་གི་སྟེང་ནས་འདུག་གི་མ་རེད། བོད་མི་རིགས་དང་བོད་ཀྱི་ནང་ཆོས། ཐ་ན་ཏཱ་ལའི་བླ་མ་བཅས་ལའང་མིང་ཆལ་ཕོག་གི་རེད། ཨ་རིའི་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ཚོགས་ལྟ་བུར་ཆ་མཚོན་ན། དགེ་འདུན་པ་ཚོ་ཐོག་མ་གདན་འདྲེན་ཞུ་སྐབས་ནས་ངས་ཁོང་ཚོར། ཁྱེད་ཚོ་ཨ་རིར་འབྱོར་རྗེས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་། རང་ཉིད་གཅིག་པུར་ཕན་ན་འགྲིག་གིན་ཡོད་བསམ་ན་ནོར་བ་རེད། ཁྱེད་རང་ཚོ་བོད་པ་ཞིག་ཡིན་པའི་འགནའཁྲུ་དང་། ནང་པའི་དགེ་འདུན་པ་ཞིག་ཡིན་པའི་འགན་འཁྲུ། ༧གོང་ས་ཏཱ་ལའི་བླ་མའི་རྗེས་འཇུག་པ་ཞིག་ཡིན་པའི་འགན་འཁྲུ་སོགས་ཁྱེད་ཅག་དང་ཁ་འབྲལ་ཐབས་ཡོད་པ་མ་རེད། ཅེས་ཁ་ཏ་སློབ་གསོ་གཏོང་གིན་ཡོད། མ་འོངས་པར་བྱ་སྤྱོད་ངན་པ་དེ་རིགས་མི་ཡོང་ཆེད། རབ་ཡིན་ན་ནང་ཆོས་སློབ་སའི་ཆོས་གྲྭ་དང་དགེ་རྒན་གྱི་ཚད་འཛིན་ལག་འཁྱེར་ཞིག་སྤྲོད་སྲོལ་ཡོད་ན་ཡག་པོ་འདུག་དྲན་གྱིན་ཡོད།

༄༅ ༡ དྲི་བ། དགེ་བཤིས་ལྷག་རྡོར་ལགས་སུ་འདྲི་རྒྱུར། ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་ཚན་རིག་ཟབ་སྦྱོང་གི་ལས་གཞི་འདིའི་དམིགས་ཡུལ་གང་ཡིན་པ་དང། སློབ་ཚན་ཇི་ལྟར་གཏན་འབེབས་བྱས་ཡོད་དམ།

ལན། དེའི་ཐད་༧གོང་ས་མཆོག་གིས། ང་ཚོས་ཚན་རིག་སྦྱང་དོན་ཆོས་པ་ཚོ་ཚན་རིག་པ་ཆགས་རྒྱུར་དམིགས་པ་མིན། ཆོས་པའི་ཀྱང་ཚན་རིག་གང་ཙམ་ཤེས་བར་བྱ་ཆེད་ཡིན། ཞེས་གསུངས་ཡོད། ཚན་རིག་གི་སློབ་དེབ་ཐད་༧གོང་ས་མཆོག་ལ་དགོངས་སྐོར་ཞུས་སྐབས་ཁོང་གིས་དངོས་ཁམས་རིག་པ་དང་སྐྱེས་དངོས་རིག་པ། གནམ་དཔྱད་རིག་པ། དབང་རྩའི་རིག་པ་སོགས་ཡག་པོ་ཡོད་སྐོར་གསུངས་པ་བཞིན། ང་ཚོས་དེ་དག་ཁྲིད་གཞི་གཙོ་བོར་འཛིན་གྱིན་ཡོད། གཞན་རྫས་འགྱུར་རིག་པ་སོགས་ཁྲིད་ན། བརྟག་དཔྱད་ཁང་དང་ཚོད་ལྟའི་དཔྱད་ཆས་དགོས་སྟབས། ད་ལྟའི་ཆར་ཆ་རྐྱེན་གྱིས་འདང་གིན་མི་འདུག འོན་ཀྱང། ཚན་རིག་སློབ་པའི་ལས་གཞི་མགོ་བཙུགས་ཟིན་ཡོད་སྟབས། རིམ་ཀྱིས་སྒྲིག་ཆས་གྲ་སྒྲིག་བྱ་དགོས་པ་ཆགས་གི་རེད།

༢དྲི་བ། ཚན་རིག་ལ་བྱེ་བྲག་རིག་ཚན་མང་པོ་ཡོད་སྟབས། ལོ་ངོ་ ༡༡ ལྷག་གི་རིང་ལ་གྲྭ་ས་ཁག་གི་དགེ་འདུན་པ་དྲག་འདེམས་ཀྱིས་ཚན་རིག་གི་ཟབ་སྦྱོང་སྤྲད་པའི་གོ་རིམ་ཁྲོད། དགེ་འདུན་པ་དག་གིས་ཆེས་དོ་སྣང་དང་འགའ་ཞེན་བྱ་ཡུལ་གང་ཆགས་ཀྱིན་ཡོད་དམ། ལན། སྤྱིར་ནང་པའི་གཞུང་ལུགས་ཕལ་ཆེ་བ་སེམས་དང་འབྲེལ་བ་ཡོད་ལ། མི་སྒེར་གྱི་བདེ་སྡུག་གཙོ་བོ་སེམས་ལ་ཐུག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། དེ་བཞིན། གསལ་ཞིང་རིག་པ་སེམས་ཀྱི་མཚན་ཉིད་ཡིན་ཟེར་གྱིན་ཡོད། ཚན་རིག་པས་སེམས་ཟེར་བ་དེ་ཀླད་རྩ་དང་འབྲེལ་བ་ཡོད་པ་ཞིག་ལ་ངོས་འཛིན་ཀྱིན་ཡོད། དེར་བརྟེན། མི་སྒེར་གྱི་བདེ་བ་དང་སྡུག་བསྔལ་དེ་ཀླད་རྩའི་འགྱུར་བ་ལ་བརྟེན་ནས་ཡོང་གིན་ཡོད་དམ། ཡང་ན་སེམས་ཀྱི་འགྱུར་བ་ལ་བརྟེན་ཏེ་ཡོང་གིན་ཡོད། བཤད་སྟངས་དེ་གཉིས་ལ་དཔྱད་ཞིབ་བསྡུར་གསུམ་བྱ་རྒྱུར་དགེ་འདུན་པ་ཚོ་དོ་སྣང་སླེབས་ཀྱིན་འདུག གཉིས་པ། འཇིག་རྟེན་ཆགས་ཚུལ་དང་གནམ་དཔྱད་རིག་པའི་སྐོར་ལ་དོ་སྣང་སླེབས་ཀྱིན་འདུག

༣ དྲི་བ་། སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན། ནང་པའི་དགེ་འདུན་པ་ཚོས་ཚན་རིག་བསྦྱང་ནས་ནམ་ཞིག་ཚད་ངེས་ཅན་དུ་སླེབས་ཏེ། ནང་ཆོས་ལས་ཞན་ཆ་དང་མ་དག་པ་ཆ། ཡང་ན་ནོར་འཁྲུལ་གྱི་ཆ་འདྲ་ངོས་ཟིན་བྱུང་ན། བླངས་དོར་དགག་སྒྲུབ་ཀྱི་སྤོབས་པ་ཡོད་དམ། ལན། ཁྱེད་ཀྱི་དྲི་བ་འདི་རྗིད་ཁོག་ཆེན་པོ་རེད་ལ་གལ་ཆེན་པོ་ཡང་རེད། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལ། གང་ཞིག་ཡིན་ཡང་བརྟག་ཅིང་དཔྱད་པ་གཏོང་དགོས་གསུངས་ཡོད། མཐོང་བ་མངོན་འགྱུར་ལ་མངོན་གསུམ་ཚད་མས་མི་གནོད་པ། ཅུང་ཟད་ཀློག་གྱུར་ལ་རྗེས་དཔག་ཚད་མས་མི་གནོད་པ། ཞེས་མདོ་བསྡུས་ན་རིག་པ་དང་མི་འགལ་བ། ཉམས་མྱོང་དང་མི་འགལ་བ་ཞིག་དགོས་ཚུལ་གསལ་བོར་གསུངས་ཡོད། ༧གོང་ས་མཆོག་གིས་ཀྱང་ནམ་རྒྱུན་དེ་ལྟར་གསུང་གིན་ཡོད་སྟབས། ང་ཚོ་སྟོན་པ་ཤཱཀྱ་ཐུབ་པ་དང་༧གོང་ས་མཆོག་གི་རྗེས་འཇུག་ངོ་མ་ཞིག་ཡིན་ན། དངོས་ཡོད་གནས་ཚུལ་དང་བདེན་པ་བཤད་མཁན་གང་ནས་བྱུང་ཡང། དེ་ངེས་པར་དུ་དང་ལེན་བྱ་དགོས། འདི་གཙང་མ་ཡིན། ངའི་ཨ་མའི་ཕོར་བ་རེད་ཟེར་བའི་དཔེའི་རྗེས་སུ་འགྲོ་མི་རུང། ནང་ཆོས་དེ་ནང་བསམ་བློའི་ཐོག་ནས་ཚད་ངེས་ཅན་དུ་སླེབས་ཡོད་ཀྱང། ཕྱི་དངོས་པོའི་ཐོག་ནས་རྗེས་ལུས་ཡིན་པ་ཁས་ལེན་དགོས་ལ། ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཁྲོད་ནས་ནང་ཆོས་ལས་ནོར་འཁྲུལ་དང་། ཡང་ན་འགྲེལ་བཤད་རྒྱག་སྟངས་ཡང་དག་མ་ཡིན་པ་ངོས་ཟིན་བྱུང་ན། བླངས་དོར་དང་ལེགས་ཆ་ཚུར་ལེན་གྱི་སྤོབས་པ་ཡོད་དགོས་པ་རེད་དྲན་གྱིན་ཡོད།

 དྲི་བ། འདས་པའི་ལོ་མང་རིང་སྐུ་སྒེར་ཡིག་ཚང་དང་༧གོང་ས་མཆོག ཨ་རིའི་ཨེ་མི་རེ་དང་བོད་ཀྱི་དཔེ་མཛོད་བཅས་ནས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག ཚེ་སྲོག་དང་དབང་རྩ། འཕེལ་འགྱུར་བཅས་ཀྱི་སྐོར་ལ་དཔྱད་བསྡུར་དང། ཉམས་ཞིབ་ཐེངས་མང་བྱས་པར་གྲུབ་དོན་གང་འདྲ་བྱུང་ཡོད་དམ།

ལན། ནང་ཆོས་ལས་བཤད་པའི་ཤེས་པ་ཟེར་བ་དེ་ཚན་རིག་གི་དཔྱད་པ་གཏོང་ཡུལ་དུ་སླེབས་མེད། ཚན་རིག་གིས་རྟག་དཔྱད་བྱ་ཡུལ་དེ་ལ་གཟིགས་ཅན་དང་། ཡང་ན་བླ་གཟིགས་ལྟ་བུའི་ཚད་བརྒྱག་ཐུབ་པ་ཞིག་ཡིན་དགོས་སྟབས། དེ་གཉིས་ལ་ད་དུང་ཐུན་མོང་གི་ལྟ་ཚུལ་སླེབས་ཐུབ་མེད། སྦོམ་བཤད་ལྟ་བུ་བྱས་ཏེ། ནུས་པ་ཞིག་གི་ངོ་བོར་བསམ་བློ་བཏང་སྟེ། ཤེས་པ་ཟེར་བ་དེ་ནུས་པ་ཞིག་རེད་ལ། ཀླད་པས་ཡུལ་འཛིན་པ་དེ་ཡང་ནུས་པ་ཞིག་རེད། ཅེས་བརྗོད་ན། ནང་ཆོས་དང་ཚན་རིག་གཉིས་ཀའི་མཐུན་པའི་ཆ་ཙམ་རེད། འོན་ཀྱང། དོན་དངོས་ཐོག་ཤེས་པ་ཞིག་རེད་དམ། གཟུགས་ཤིག་རེད་ཟེར་བའི་དྲི་བར་ད་དུང་ལན་རྙེད་མེད། མཐུན་པའི་ཆ་མང་ཙམ་ཡོང་གིན་ཡོད། སྒོམ་བརྒྱག་པ་དང་བློ་སྦྱོང་ལ་གོམས་ན། སེམས་ཀྱི་བདེ་སྐྱིད་སྐྲུན་ཐུབ་པ་མངོན་སུམ་ཚད་གྲུབ་ཆགས་ཡོད་པ་མ་ཟད། ཚན་རིག་གིས་བརྟག་དཔྱད་བྱས་སྐབས་མིག་གིས་མཐོང་རྒྱུ་ཡོད་པའི་ཁྱད་པར་བྱུང་ཡོད། དེ་ནི་ཕྱོགས་གཉིས་ཀའི་ཐུན་མོང་གི་འདོད་ཚུལ་རེད།

༄༅ཚན་རིག་གི་དགེ་རྒན་ཚོས། ང་ཚོ་བོད་ཀྱི་དགེ་འདུན་པ་ཚོར་ཚན་རིག་སློབ་ཏུ་ཡོང་བ་དེ། དགེ་འདུན་པ་འདི་ཚོ་གང་ཡང་མི་ཤེས་མཁན་རེད། རྨོངས་དད་ཀྱི་དབང་དུ་སོང་བ་ཞེ་གཅིག་རེད། འདི་དག་ལ་ཚན་རིག་བསླབ་སྟེ་རྣམ་དཔྱོད་ཅན་བཟོ་དགོས་པ་རེད་སྙམ་པའི་ཀུན་སློང་དེ་འཁྱེར་ཡོང་བ་མིན། དགེ་འདུན་པ་འདི་ཚོར་ཤེས་ཡོན་རིན་ཐང་ཅན་ཞིག་འདུག མ་འོངས་པར་མི་ལ་བདེ་སྐྱིད་དང་སྤྱི་ཚོགས་ལ་ཞི་བདེ་སྐྲུན་བྱེད་ཀྱི་ལག་ཆ་ཞིག་ཡོད་པར་ངོས་འཛིན་བྱས་པའི་ཐོག་ནས། དགེ་འདུན་པ་འདི་ཚོས་ཚན་རིག་ཤེས་པ་ཡིན་ན། སོ་སོའི་རིན་ཐང་ཅན་གྱི་ཤེས་ཡོན་དེ་རྒྱ་ཆེ་ས་ནས་འཛམ་གླིང་ལ་དར་སྤེལ་དང་ཁྱབ་གདལ་དུ་གཏོང་ཐུབ་རྒྱུར་དམིགས་ཏེ་ཡོང་ཡིན་ཟེར་གྱིན་ཡོད།

ལོ་སྔོན་མར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Dr. Arri Eisen  འདིར་དགེ་འདུན་པ་ཚོར་ཚན་རིག་བསླབ་ཏུ་ཕེབས་ཏེ་ཕྱིར་ལོག་ཁར་རྩོམ་ཐུང་ཞིག་བྲིས་ཡོད།

Good bye

I came to teach

I leave having learned

I came knowing

I leave humbled

I came with answers

I leave with questions

May our time together

Mature like sands in

The oysters of our minds

To become pearls.

Thank you

I wil see you next year!

ཀ་ལེར་བཞུགས།

ང་གཞན་ལ་སློབ་ཁྲིད་བྱེད་དུ་ཡོང་བ་ཡིན།

ང་རང་གིས་མང་པོ་ཤེས་ཏེ་ལོག་གིན་ཡོད། 

ངས་ཤེས་བསམ་ནས་ཡོང་བ་ཡིན།

ངའི་ཁེངས་པ་ཆག་སྟེ་ལོག་གིན་ཡོད།

ང་དྲིས་ལན་མང་པོ་དང་མཉམ་དུ་ཡོང་བ་ཡིན།

ང་དྲི་བ་མང་པོ་དང་མཉམ་དུ་ལོག་གིན་ཡོད།

ང་ཚོས་མཉམ་དུ་དུས་ཚོད་བསྐྱལ་བ་དེས།

ཉ་ཕྱིས་བཞིན་ང་ཚོའི་སེམས་སྨིན་ཏེ།

མུ་ཏིག་ལྟ་བུར་འགྱུར་བར་ཤོག

ཐུགས་རྗེ་ཆེ།

ལོ་རྗེས་མ་བསླར་ཡང་མཇལ་ཡོང་།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese