མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ་ཁག་ཅིག

བོད་ཀྱི་དུས་བབ།
༢༠༠༩/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཟླ་དཀྱིལ་ནས་བོད་ཀྱི་དཔེ་མཛོད་ཁང་དང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་འབྲེལ་ཐོག ས་རཱ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་དུ་ནང་པའི་ཆོས་ལུགས་ཆོས་བརྒྱུད་ཁག་གི་གྲྭ་བཙུན་ ༩༠ ལ་ཚན་རིག་གི་ཟབ་སྦྱོང་སྤྲོད་ཀྱིན་ཡོད་སྟབས། འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་། ཐེངས་འདིའི་ཟབ་སྦྱོང་གོ་སྒྲིག་གནང་མཁན་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་རྣམ་གཉིས་དང་ལྷན་དུ་ནང་ཆོས་དང་ཚན་རིག་བར་གྱི་འགལ་འབྲེལ་སྐོར་ལ་བགྲོ་གླེང་གི་ཚུལ་གྱིས་བཅར་འདྲི་ཞུས་པ་གཤམ་གསལ་ལྟར་ཡིན།

 

དྲི་བ། ཐོག་མར་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་སོ་སོ་ངོ་སྤྲོད་དང་འབྲེལ། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཕྱག་ལས་མཚམས་སྦྱོར་མདོ་བསྡུས་ཤིག་གནང་རོགས།

ལན། ངའི་མིང་ལ་བློ་བཟང་བསྟན་འཛིན་དང་སྐྱེས་ཡུལ་ཁུ་ནུ་ནས་ཡིན། ཐོག་མ་ངྷ་ས་མཚན་ཉིད་སློབ་གྲྭ་ནས་ལོ་ ༡༠ ཙམ་ལ་སློབ་སྦྱོང་བྱས་ཤིང་། དེའི་རྗེས་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་བཏང་མཐར་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་ནས་སློབ་སྦྱོང་བྱས་པ་དང་། ད་ལྟ་དེ་གར་དགེ་རྒན་གྱི་ལས་ཀ་བྱེད་ཀྱིན་ཡོད། ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་དེ་སྤྱི་ལོ་ ༡༨༣༦ ལོར་བཙུགས་ཤིང༌། ད་ཆར་སྡེ་ཚན་ཆེན་པོ་བདུན་དང༌། སློབ་མ་ཆིག་ཁྲི་ཆིག་སྟོང་ ༡༡༠༠༠ ཙམ་ཡོད། སློབ་གྲྭ་དེའི་ཐོག་མའི་དམིགས་ཡུལ། ཤེས་བྱ་ཡོན་ཏན་གཅིག་པུ་ཙམ་མ་ཡིན་པར་ནང་སེམས་རྒྱུད་ཇེ་བཟང་དུ་གཏོང་ཐབས་ཡིན་སྟབས། སློབ་གྲྭའི་ཐོག་མའི་དམིགས་ཡུལ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བསྟན་དོན། ༧གོང་ས་མཆོག་གི་དགོངས་གཞི་གསུམ་གཞི་གཅིག་ཏུ་འདྲེས་ཡོད་སྟབས། ༡༩༩༨ ལོ་ནས་བོད་པའི་ནང་ཆོས་དང་༧གོང་ས་མཆོག་ལ་འབྲེལ་བ་ཐོག་མར་བཙུགས་ཤིང༌། ༢༠༠༧ ལོར་༧གོང་ས་མཆོག་ལ་ཁྱད་འཕགས་གཙུག་ལག་སློབ་དཔོན་གྱི་མཚན་གནས་ཕུལ་ཡོད།

 

དྲི་བ། དགེ་བཤིས་བློ་བཟང་བསྟན་འཛིན་ལགས་སུ། སྐུ་ཉིད་ཀྱིས་ཨ་རིའི་ཨེ་མོ་རེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཚོར་སློབ་ཚན་ཅི་ཞིག་འཁྲིད་ཀྱིན་ཡོད་པ་དང། སློབ་ཁྲིད་ལས་གཞན་པའི་ཕྱག་ལས་གང་འདྲ་གནང་གིན་ཡོད་དམ།

ལན། ང་སློབ་གྲྭ་དེར་ལས་དོན་གཙོ་བོ་ཁག་གསུམ་ཙམ་ཡོད། དང་པོ། བོད་བརྒྱུད་ནང་བསྟན་རིག་པ་གཙོར་བྱས་ཐུན་མོང་གི་རིག་གནས་སྐོར་སློབ་ཁྲིད་བྱེད་ཀྱིན་ཡོད་ལ། གཉིས་པ། ཨེ་མོ་རེ་དང་བོད་ཀྱི་མཐུན་ཚོགས་ཟེར་བ་ཞིག་བཙུགས་ཡོད། དེར་བོད་ཀྱི་རིག་གནས་དང་ནུབ་ཕྱོགས་ཀྱི་རིག་གནས་གཅིག་ཕན་གཅིག་གྲོགས་སུ་འགྲོ་ཆེད། ནུབ་ཕྱོགས་ཀྱི་ཚན་རིག་བོད་པའི་དགོན་སྟེ་ཁག་ལ་དར་སྤེལ་གཏོང་རྒྱུ་དང༌། ནུབ་ཕྱོགས་པའི་སློབ་ཕྲུག་དག་ལ་བོད་བརྒྱུད་ནང་བསྟན་གཙོ་བྱས་ཏེ། སྒྲ་ཚད་བཟོ་གསོ་སོགས་ཐུན་མོང་གི་རིག་གནས་ངོ་སྤྲོད། གསུམ་པ། ནང་ཆོས་ཁྲོད་ལུས་སེམས་ཀྱི་བདེ་སྐྱིད་འཚོལ་ཐབས་བླ་ན་མེད་པ་ཞིག་ཡོད་པ་རེད། སྒོམ་ཉམས་ལེན་གྱི་ཐོག་ནས་ལུས་སེམས་ཀྱི་ན་ཚ་འཇོམས་པ་དང༌། མ་འོངས་པར་བདེ་སྐྱིད་དང་སྤྲོ་སེམས་འཁོར་བའི་ཐབས་ལམ་ཐོག་ལ། ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱིས་བརྟག་དཔྱད་སྦྱོང་བརྡར་སྤྲོད་ཀྱིན་ཡོད། དེ་བཞིན། ཨ་རིའི་ཨེ་མོ་རེ་དང་བོད་ཀྱི་ཚན་རིག་ལས་གཞི་ཟེར་བ་འདིའི་ཐད་གང་ནུས་ཅི་འཇོན་གྱིས་ལས་ཀ་བྱེད་ཀྱིན་ཡོད།

 

དྲི་བ། དགེ་བཤེས་ལྷག་རྡོར་ལགས་སུ། ཨེ་མོ་རེ་གཙུག་ལག་སློབ་གྲྭ་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཀྱི་ཚན་རིག་ཟབ་སྦྱོང་གི་ལས་གཞི་འདིའི་དམིགས་ཡུལ་གང་ཡིན་པ་དང། སློབ་ཚན་ཇི་ལྟར་གཏན་འབེབས་བྱས་ཡོད་དམ།

ལན། ནང་པའི་དགེ་འདུན་པ་ཚོར་ཚན་རིག་འཁྲིད་དགོས་པའི་དམིགས་ཡུལ་གང་ཡིན་ཟེར་ན། དེའི་ཐད་༧གོང་ས་མཆོག་གིས། ང་ཚོས་ཚན་རིག་སྦྱང་དོན་ཆོས་པ་ཚོ་ཚན་རིག་པ་ཆགས་རྒྱུར་དམིགས་པ་མིན། ཆོས་པས་ཀྱང་ཚན་རིག་གང་ཙམ་ཤེས་བར་བྱ་ཆེད་ཡིན། ཞེས་གསུངས་ཡོད། ཚན་རིག་གི་སློབ་དེབ་ཐད་༧གོང་ས་མཆོག་ལ་དགོངས་སྐོར་ཞུས་སྐབས་ཁོང་གིས་དངོས་ཁམས་རིག་པ་དང་སྐྱེས་དངོས་རིག་པ། གནམ་དཔྱད་རིག་པ། དབང་རྩའི་རིག་པ་སོགས་ཡག་པོ་ཡོད་སྐོར་གསུངས་པ་བཞིན། ང་ཚོས་དེ་དག་ཁྲིད་གཞི་གཙོ་བོར་འཛིན་གྱིན་ཡོད། ཚན་རིག་ལ་བྱེ་བྲག་སྡེ་ཚན་མང་པོ་ཡོད་པ་ལས་རྫས་འགྱུར་རིག་པ་ད་དུང་ཡོད་པ་མ་རེད། གང་ཡིན་ཟེར་ན། རྫས་འགྱུར་སྐོར་སློབ་ཁྲིད་བྱེད་པར་བརྟག་དཔྱད་ཁང་དང་ཚོད་ལྟའི་དཔྱད་ཆས་མང་པོ་ཞིག་དགོས་པ་རེད། ད་ལྟའི་ཆར་ང་ཚོར་ཆ་རྐྱེན་གྱིས་འདང་གིན་མི་འདུག འོན་ཀྱང། ཚན་རིག་སློབ་པའི་ལས་གཞི་མགོ་བཙུགས་ཟིན་ཡོད་སྟབས། རིམ་ཀྱིས་ཚོད་ལྟའི་སྒྲིག་ཆས་ཀྱང་གྲ་སྒྲིག་བྱ་དགོས་པ་ཆགས་གི་རེད།

 

དྲི་བ། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ། སྐུ་ཉིད་ཀྱིས་ནུབ་གླིང་དུ་རྒྱུན་རིང་ལ་བོད་པའི་རིག་གཞུང་ཁྲིད་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད། བོད་པར་རིག་གནས་ཆེ་ཆུང་བཅུ་དང་བྱེ་བྲག་གཞུང་བཀའ་པོད་ལྔ་སོགས་རིག་པའི་གནས་མང་སྟབས། ཕྱི་གླིང་བ་ཚོས་ཡིད་ཆེས་དང་དགའ་མོས་བྱ་ཡུལ་གཙོ་བོ་གང་ཡིན་པ་དང༌། དེ་ལ་དགའ་མོས་བྱེད་པའི་རྒྱུ་མཚན་གང་ཞིག་ལ་མཐོང་གིན་ཡོད་དམ།

ལན། མང་པོ་ཞིག་གིས་ནང་ཆོས་དང་ཚན་རིག་ཟུང་འབྲེལ་བྱས་ཏེ། ཉོན་མོངས་ཀྱི་རིགས་དང་དཀའ་ངལ་ལ་གདོང་ལེན་བྱ་ཐབས། ལུས་དང་སེམས་དང་སྨན་ mind, body and medicine ཟེར་བ་དེ་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག་ལ། ནང་པའི་ལྟ་གྲུབ་སྐོར་ལ་རིགས་གཅིག་རྐང་འཛིན་བྱེད་མཁན་ཡང་ཁག་ཅིག་འདུག གཙོ་ཆེ་ཤོས་ནང་ཆོས་དང་ཚན་རིག་བསྒྲེས་ཏེ། Neuro Science དབང་རྩའི་ཚན་རིག་ཐོག་ལ་ཉམས་ཞིབ་བྱེད་མཁན་རེད། ལོ་གཉིས་གསུམ་གོང་ནས་ནང་ཆོས་ཀྱི་སྙིང་རྗེ་སྐོར་ལའང་ཉམས་ཞིབ་བྱེད་མཁན་མང་དུ་འགྲོ་བཞིན་འདུག ཨེ་མོ་རེ་སློབ་གྲྭས་བོད་ཀྱི་བློ་སྦྱོང་ལས་སྙིང་རྗེ་སྤེལ་ཐབས་སྐོར་ལ་ཞིབ་འཇུག་གྲུབ་འབྲས་ཆེན་པོ་ཐོབ་ཡོད། མ་འོངས་པར་སྙིང་རྗེ་ཡི་ནུས་པར་འཛམ་གླིང་ནང་དོ་སྣང་ཆེ་རུ་འགྲོ་ས་རེད་སྙམ་པ་ཞིག་འདུག འདི་དག་གི་འབྱུང་རྐྱེན་གཙོ་བོ། ༧གོང་ས་མཆོག་གིས་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ནང་པའི་ཆོས་པ་ཚོའི་བར་ཉམས་མྱོང་བརྗེ་རེས་ཐེངས་མང་བྱས་པའི་གྲུབ་འབྲས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་། སེམས་རྨུགས་པ་དང་སེམས་ལ་དངངས་འཚབ་སྐྱེས་པ། ལུས་སེམས་ངལ་བ། ཁྱིམ་ཚང་ནང་ལོགས་ནས་རྙོག་དྲ་ལངས་པ་སོགས་སྨན་གྱིས་བཅོས་དཀའ་བའི་ནད་རིགས་མང་པོ་ཞིག་ལ། ནང་ཆོས་ཀྱི་སྒོམ་ཉམས་ལེན་དང། བློ་སྦྱོང་གིས་གྲུབ་འབྲས་ཆེན་པོ་བླངས་པ་བཅས་ལ་བརྟེན་ཏེ་བྱུང་བ་རེད།

 

དྲི་བ། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ། རིག་གནས་གང་ཞིག་ཡིན་རུང། མཐར་གཏུགས་ན་མཚན་ཉིད་རིག་པའི་ཐོག་ནས་ཕུ་ཐག་གཅོད་དགོས་སྟབས། ནུབ་ཕྱོགས་པ་དག་གིས་ནང་པའི་མཚན་ཉིད་རིག་པ་དང༌། ལྟ་གྲུབ་རིག་པའི་ཐད་ལྟ་སྟངས་གང་འདྲ་འཛིན་གྱིན་འདུག་གམ།

ལན། སྔོན་མ་དུས་རབས་བཅུ་དགུ་ཡས་མས་ནས་ནུབ་ཕྱོགས་ཀྱི་ཉམས་ཞིབ་པ་མང་པོས་ནང་ཆོས་ཀྱི་ལྟ་གྲུབ་དེ་ཧ་ཅང་གི་ཡར་ཐོན་ཅན་གྱི་མཚན་ཉིད་རིག་པར་ངོས་འཛིན་བྱས་ཡོད་ལ། ཚན་རིག་པ་ཨ་ཡན་སི་ཐན་གྱིས་ཀྱང༌། མ་འོངས་པར་འཛམ་གླིང་དུ་ཆོས་ལུགས་ཤིག་གནས་དགོས་ན། ནང་ཆོས་ལས་གཞན་ཏུ་འཚོལ་དཀའ་ཚུལ་བརྗོད་ཡོད། སྔོན་མ་༧གོང་ས་མཆོག་གིས་ཨ་རིའི་ནེའུ་ཡོག་ནས་རྟེན་འབྲེལ་སྐོར་ལ་བཀའ་སློབ་ཅིག་གནང་བ་རེད། སྐབས་དེར་ཚན་རིག་པ་གྲགས་ཆེན་ཞིག་གིས། ཐེངས་འདིའི་ཏཱ་ལའི་བླ་མའི་གསུང་བཤད་དེས་ང་རང་གི་དངོས་ཁམས་རིག་པའི་ལྟོས་གྲུབ་ཀྱི་ལྟ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སོང་། ཚན་རིག་པ་ཚོས་དངོས་པོའི་རྩོམ་གཞི་རང་དབང་ཅན་ཞིག་ཡོད་པར་འདོད་ཀྱང་། ནང་ཆོས་ཀྱི་རྟེན་འབྲེལ་རིག་པ་ལས་ཆོས་ཡོངས་རྫོགས་བརྟེན་འབྱུང་དུ་བསྒྲུབ་པ་དེ་ཧ་ཅང་ཡ་མཚན་རེད། ཅེས་གསུངས་ཡོད་ལ། དེ་བཞིན་སེམས་ཁམས་རིག་པའི་ཆེད་མཁས་པ་དང་། མིའི་རིགས་ཀྱི་evolution འཕེལ་འགྱུར་དང་མྱོང་ཚོར་ལ་ཚན་རིགས་ཐོག་ནས་ཉམས་ཞིབ་བྱེད་མཁན་སྐད་གྲགས་ཅན་paule Erkman ལགས་ལྟ་བུར་མཚོན་ན། ཨ་རིའི་གསང་བའི་ལས་ཁུངས་ཀྱི་སློབ་སྟོན་པ་རེད། སྔོན་མ་ཚན་རིག་མ་གཏོགས་ཆོས་ལ་ཡིད་ཆེས་མི་བྱེད། ཁོའི་བུ་མོ་༧གོང་ས་མཆོག་ལ་མཇལ་འདོད་བྱུང་བ་ལྟར། ཆེད་དུ་བུ་མོ་ཁྲིད་དེ་༧གོང་ས་མཆོག་ལ་མཇལ་དུ་ཡོང་བ་རེད། ཞོར་དུ་ཁོ་ཡང་མཇལ་རྒྱུའི་གོ་སྐབས་རག་སྟེ། ༧གོང་ས་མཆོག་དང་བཀའ་མོལ་གནང་རྗེས་ཁོང་གིས། ང་རང་གིས་ལོ་ ༤༥ ལྷག་ལ་ཉམས་ཞིབ་བྱས་པའི་གཏན་ཚིག་ལ་བསམ་བློ་བསྐྱར་དུ་གཏོང་དགོས་ཆགས་སོང༌། ཞེས་ལབ་ཡོད། སྐབས་དེ་ནས་བཟུང་ཁོང་ལོ་ལྟར་ནང་ཆོས་དང་ཚན་རིག་གི་བགྲོ་གླེང་ལ་ཞུགས་ཀྱིན་ཡོད།

 

 

དྲི་བ། དགེ་བཤེས་ལྷག་རྡོར་ལགས་སུ། འདས་པའི་ལོ་མང་རིང་སྐུ་སྒེར་ཡིག་ཚང་གི་གོ་སྒྲིག་འོག ༧གོང་ས་མཆོག་གཙོས་པའི་དགེ་བཤེས་དག་དང་ཕྱི་རྒྱལ་གྱི་ཚན་རིག་པ་དག་གི་བར་ཀླད་རྩ་དང་ཚེ་སྲོག་གི་སྐོར་ལ་ཞིབ་འཇུག་མང་པོ་བྱས་ཡོད་ལ། ཨ་རིའི་ཨེ་མི་རེ་དང་བོད་ཀྱི་དཔེ་མཛོད་གཉིས་ཀྱིས་ཀྱང་དངོས་ཁམས་དང་སྐྱེས་དངོས། དབང་རྩའི་ཐད་དཔྱད་བསྡུར་ཟབ་སྦྱོང་ཐེངས་མང་བྱས་པ་དག་ལ་གྲུབ་དོན་གང་འདྲ་བྱུང་ཡོད་དམ།

ལན། ནང་ཆོས་ལས་བཤད་པའི་ཤེས་པ་ཟེར་བ་དེ་ཚན་རིག་གི་དཔྱད་པ་གཏོང་ཡུལ་དུ་ད་དུང་སླེབས་ཐུབ་ཡོད་པ་མ་རེད། ཚན་རིག་གིས་བརྟག་དཔྱད་བྱ་ཡུལ་དུ་གཟུགས་ཅན་དང༌། ཡང་ན་བླ་གཟུགས་ལྟ་བུའི་ཚད་བརྒྱག་ཐུབ་པ་ཞིག་དགོས་སྟབས། དེ་གཉིས་ལ་ད་དུང་ཐུན་མོང་གི་གྲུབ་དོན་ངེས་ཅན་ཞིག་བྱུང་ཡོད་པ་མ་རེད། འོན་ཀྱང་། སྦོམ་བཤད་ལྟ་བུ་བྱས་ཏེ། ནུས་པ་ཞིག་གི་ངོ་བོར་བསམ་བློ་བཏང་སྟེ། ཤེས་པ་ཟེར་བ་དེ་ནུས་པ་ཞིག་རེད་ལ། ཀླད་པས་ཡུལ་འཛིན་པ་དེ་ཡང་ནུས་པ་ཞིག་རེད། ཅེས་བརྗོད་ན། ནང་ཆོས་དང་ཚན་རིག་བར་གྱི་མཐུན་པའི་ཆ་ལྟ་བུ་རེད། དོན་དངོས་ཐོག་ཤེས་པ་ཞིག་རེད་དམ། གཟུགས་ཤིག་རེད་ཟེར་བའི་དྲི་བ་དེར་ད་དུང་ལན་རག་གིན་ཡོད་པ་མ་རེད། གཞན་དངོས་ཁམས་དང་སྐྱེས་དངོས་སོགས་ལ་ནང་ཆོས་དང་ཚན་རིག་བར་ལྟ་ཚུལ་གཅིག་པ་མང་པོ་ཡོང་གིན་ཡོད། དཔེར་ན། སྒོམ་བརྒྱག་པ་དང་བློ་སྦྱོང་ལ་གོམས་ན། སེམས་ཀྱི་བདེ་སྐྱིད་སྐྲུན་ཐུབ་པ་མངོན་སུམ་ཚད་གྲུབ་ཆགས་ཡོད་པ་མ་ཟད། ཚན་རིག་གིས་བརྟག་དཔྱད་བྱས་སྐབས་མིག་གིས་མཐོང་རྒྱུ་ཡོད་པའི་ཁྱད་པར་བྱུང་ཡོད། དེ་ནི་ཕྱོགས་གཉིས་ཀའི་ཐུན་མོང་གི་འདོད་ཚུལ་དང་གྲུབ་དོན་རེད།

 

དྲི་བ། དགེ་བཤེ་བློ་བཟང་བསྟན་འཛིན་ལགས་སུ། ཚན་རིག་གི་ evolution  ལྟར་ན། སྲོག་ལྡན་ཡོད་ཚད་ཀྱི་ཐོག་མའི་འབྱུང་ཁུངས་ཆེས་ཕྲ་བའི་དངོས་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ནང་པའི་ཆོས་གཞུང་ལྟར་ན། སྲོག་ལྡན་ཐམས་ཅད་ཀྱི་འབྱུང་ཁུངས་ཤེས་པ་ཞིག་ལ་དངོས་འཛིན་བྱས་ཡོད་སྟབས། ནང་ཆོས་དང་ཚན་རིག་ཞིབ་བསྡུར་ཁྲོད་དེ་གཉིས་ལ་ཐུན་མོང་གི་ལྟ་ཚུལ་དང༌། ཡང་ན། གཅིག་བདེན་གཅིག་རྫུན་གྱི་གྲུབ་འབྲས་བྱུང་ཡོད་དམ།

ལན། ཚན་རིག་པ་དང་ནང་པའི་ཆོས་པ་དག་གི་ evolution འཕེལ་འགྱུར་སྨྲ་བའི་གཞི་རྩའི་ལྟ་བ་ཐ་དད་རེད། ཚན་རིག་པ་ཚོས་གཟུགས་ཅན་གྱི་དངོས་པོ་མང་པོ་ཞིག་འདུས་པ་ལས་གཞི་རྩའི་སྲོག་དེ་གྲུབ་པ་རེད་ཟེར་གྱིན་ཡོད། དེ་རིམ་གྱིས་འཕེལ་འགྱུར་བྱུང་ཞིང་། དྲ་ཇེ་རྒྱས་དང་རིགས་ཇེ་མང་དུ་ཕྱིན་ཏེ། སྲོག་ཆགས་སེམས་ཅན་འདྲ་མིན་བྱུང་ཞིང། སྲོག་ལྡན་དག་ལས་འཕེལ་རིམ་ཚད་མཐོ་ཤོས་དེ་མི་ཡིན་ཟེར་གྱིན་ཡོད། ནང་པའི་བཤད་སྟངས་ལྟར་ན། སྐྱེ་བ་ལ་ཐོག་མ་མེད། རྣམ་པར་ཤེས་པའི་རྒྱུན་ལ་བསྐྱར་དུ་རྣམ་པར་ཤེས་པ་འཇོག་པ་རེད། ཚད་མ་རྣམ་འགྲེལ་ནང་། རྣམ་ཤེས་མ་ཡིན་པའི་རྒྱུས་རྣམ་ཤེས་ཀྱི་རྒྱུ་བྱ་མི་ཐུབ། ཅེས་སྐྱེ་བ་སྔ་མ་སྒྲུབ་ཡོད། འོན་ཀྱང༌། གཞི་རྩའི་འདོད་ཚུལ་ཐ་དད་ཡིན་རུང། བྱེ་བྲག་གིས་མཐུན་པའི་ཆ་མང་པོ་ཡོད། དཔེར་ན། ཁོང་ཁྲོ་དང་ཆགས་སྲེད་ལས་བསྐྱེད་པའི་ཁྲག་དང་སྙིང་གི་ནད་རིགས་དང༌། སེམས་རྨུགས་པ་སོགས་ལ་སྨན་གྱིས་གནས་སྐབས་ཙམ་ལས་ཕན་ཐོགས་མེད་སྟབས། ཚན་རིག་གིས་ནད་དེའི་ཡོང་རྐྱེན་ལ་ཞིབ་འཇུག་བྱས་ཏེ། བསམ་བློ་གཏོང་ཕྱོགས་ཤིག་གི་ཐོག་ནས་ཡོང་གིན་ཡོད་པ་ར་འཕྲོད་པ་དང། ནང་ཆོས་ཀྱི་སེམས་ཁམས་རིག་པ་དང་སྒོམ་ཉམས་ལེན་གྱིས་བཅོས་ཐུབ་པ་བྱུང་ཡོད། དེ་ནི་ནང་ཆོས་དང་ཚན་རིག་གཉིས་ཀྱི་ཐུན་མོང་གི་ལས་དོན་རེད།

 

དྲི་བ། དགེ་བཤེས་ལྷག་རྡོར་ལགས་སུ། འདས་པའི་ལོ་ངོ་ ༡༡ ལྷག་གི་རིང་ལ་གྲྭ་ས་ཁག་གི་དགེ་འདུན་པ་དྲག་འདེམས་ཀྱིས་ཚན་རིག་གི་ཟབ་སྦྱོང་སྤྲད་པའི་གོ་རིམ་ཁྲོད། ཚན་རིག་ལ་སྡེ་ཚན་མང་པོ་ཡོད་པ་ལས་དགེ་འདུན་པ་ཚོས་ཆེས་དོ་སྣང་དང་དགའ་ཞེན་བྱ་ཡུལ་གང་རེད་དམ།

ལན། སྤྱིར་ནང་པའི་གཞུང་ལུགས་ཕལ་ཆེ་བ་སེམས་དང་འབྲེལ་བ་ཡོད་ལ། མི་སྒེར་གྱི་བདེ་སྡུག་གཙོ་བོ་སེམས་ལ་ཐུག་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད། དེ་བཞིན། གསལ་ཞིང་རིག་པ་སེམས་ཀྱི་མཚན་ཉིད་ཡིན་ཟེར་གྱིན་ཡོད། ཚན་རིག་པས་སེམས་ཟེར་བ་དེ་ཀླད་རྩ་དང་འབྲེལ་བ་ཡོད་པ་ཞིག་ལ་ངོས་འཛིན་ཀྱིན་ཡོད། དེར་བརྟེན། མི་སྒེར་གྱི་བདེ་བ་དང་སྡུག་བསྔལ་དེ་ཀླད་རྩའི་འགྱུར་བ་ལ་བརྟེན་ནས་ཡོང་གིན་ཡོད་དམ། ཡང་ན་སེམས་ཀྱི་འགྱུར་བ་ལ་བརྟེན་ཏེ་ཡོང་གིན་ཡོད། བཤད་སྟངས་དེ་གཉིས་ལ་དཔྱད་ཞིབ་བསྡུར་གསུམ་བྱ་རྒྱུར་དགེ་འདུན་པ་ཚོ་དོ་སྣང་སླེབས་ཀྱིན་འདུག གཉིས་པ། འཇིག་རྟེན་ཆགས་ཚུལ་དང་གནམ་དཔྱད་རིག་པའི་སྐོར་རེད། འཇིག་རྟེན་ཆགས་ཚུལ་དང་གནམ་དཔྱད་རིག་པའི་སྐོར་ལ་ཚན་རིག་ནང་ཧ་ཅང་ཁ་གསལ་བོ་དང། ར་འཕྲོད་སླ་བོ་ཡིན་སྟབས་དགེ་འདུན་པ་ཚོས་ཧང་སང་མདོག་བྱེད་ཀྱིན་འདུག

 

དྲི་བ། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ། སེམས་ཁམ་རིག་པ་དང་སྒོམ་ཉམས་ལེན་རིགས་ནང་ཆོས་ཙམ་མ་ཡིན་པར་ཆོས་ལུགས་གཞན་དང་སྨན་གཞུང་ཁག དེ་མིན་གྱི་ལྟ་གྲུབ་འདྲ་མིན་ནང་ཡོད་སྟབས། ནང་ཆོས་ལ་ཐུན་མོང་མ་ཡིན་པའི་ཆ་འདྲ་ཡོད་དམ།

ལན། དེ་ཁྱེད་ཀྱིས་བཤད་པ་བདེན་པ་རེད། འཛམ་གླིང་ཤར་ཕྱོགས་ཀྱི་ཆོས་ལུགས་ཧིན་རྡུ་དང་ནང་ཆོས། ཛཱེན། རྒྱ་ནག་གི་ཏའོ་ལུགས་བཅས་ལ་སྒོམ་ཉམས་ལེན་བྱེད་སྲོལ་ཡོད་མོད། ནང་ཆོས་ཀྱི་ལམ་རིམ་ཆེན་མོའི་སྒོམ་ཉམས་ལེན་གྱི་རིམ་པ་དང། བློ་སྦྱོང་ལས་སེམས་རྩེ་གཅིག་བྱེད་སྟངས་བཅས་ལ་གཞན་ལས་ལྷག་པའི་ཕན་ནུས་ཡོང་གིན་ཡོད། དཔེ་ན། དེང་སྐབས་ནུབ་ཕྱོགས་སུ་ tension  སེམས་གཡེང་བའམ་དྲན་རྒྱུ་རྒོད་པའི་ནད་ཚ་དང་། ལུས་སེམས་ངལ་བའི་ནད་ཚ་ stress ། གཉིད་མི་ཡོང་བ་དང་ཁྲག་ཤད་རྒྱས་པ། སྙིང་གི་ནད་ཚ། ཀླད་རྩ་ཉམས་པ་སོགས་ཡོང་གིན་ཡོད། ནང་ཆོས་ཀྱི་ mindfulness meditation དྲན་པ་ཉེར་བཞག་ཐད་ཀྱི་ཆེད་མཁས་པ། སྨན་པ་མཁས་དབང་ཇོན་ཌར་ཕ་རྫེན་ལགས་ཀྱིས་མིའི་དབུགས་དབྱུང་རྔུབ་སོགས་ལ་བརྟག་དཔྱད་ཞིབ་འཇུག་བརྒྱུད་རེ་དོགས་ཀྱི་འཛིན་ཆགས་མེད་པ་བྱས་ཏེ། སེམས་ཀྱི་ནད་ཚའི་རིགས་མང་པོ་ཞིག་ལ་ཕན་འབྲས་རླབས་ཆེན་བྱུང་ཡོད་པ་མ་ཟད། ལུས་ཀྱི་ཟུག་གཟེར་དང༌། ཐ་ན་རྨ་རིགས་ལའང་ཕན་ཐོགས་བྱུང་ཡོད། ཁོང་གི་གཞུང་ལུགས་དེ་ད་ཆར་རྒྱལ་ཁབ་མང་པོར་དར་ཁྱབ་ཕྱིན་ཡོད།

 

དྲི་བ། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ། དེང་སྐབས་ནུབ་ཕྱོགས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང༌། རྒྱ་ནག་ནས་དར་བའི་ཧན་བརྒྱུད་ནང་བསྟན་ཆོས་ལུགས། དེ་བཞིན། ཐེ་ཝན་དང་ཀོ་རི་ཡ། ཉི་ཧོང་བཅས་ནས་དར་བའི་ནང་ཆོས་སོགས་ཀྱང་ཡོད་སྟབས། ནུབ་ཕྱོགས་པ་ཚོས་གང་ཞིག་ལ་ཡིད་ཆེས་དང་སློབ་གཉེར་བྱེད་ཀྱིན་ཡོད་དམ།

ལན། ནུབ་ཕྱོགས་སུ་དར་བའི་རྒྱ་ནག་དང་ཐེ་ཝན། ཐེ་ལན་ཌི། ཀོ་རི་ཡ། ཤི་རི་ལངྐ་བཅས་ཀྱི་ནང་ཆོས་ཡོད་མོད། དེ་དག་ཉམས་ལེན་བྱེད་མཁན་ཡང་ཨེ་ཤ་ཡའི་མི་རིགས་ཁོ་རང་ཚོ་རེད། ཨ་རིར་མཚོན་ན་རྒྱ་མི་མང་པོ་ཡོད་ལ། རྒྱ་མིའི་དགོན་པ་དང་བླ་མ་ཡང་ཡོད། ཐེག་དམན་གྱི་བསྟན་པ་དར་སའི་ལུང་པ་འབར་མ་དང༌། ཐེ་ལན་ཌི་སོགས་ཀྱང་དེ་བཞིན་རེད། འོན་ཀྱང༌། ནུབ་ཕྱོགས་རང་གི་མི་རིགས་ཚོས་དོ་སྣང་བྱ་ཡུལ་བོད་བརྒྱུད་ནང་བསྟན་རེད། བོད་བརྒྱུད་ནང་བསྟན་མ་དར་གོང་ལ། ཉི་ཧོང་ནས་དར་བའི་ཛཱེན་ Zen ནང་ཆོས་ཟེར་བའི་ཐེག་ཆེན་གྱི་ཆོས་ཤིག་དར་ཁྱབ་ཆེན་པོ་ཕྱིན་འདུག རྗེས་སུ་༧གོང་ས་ཏཱ་ལའི་བླ་མའི་མཚན་སྙན་འཛམ་གླིང་ལ་རྒྱས་པ་དང། དུས་རབས་ཉི་ཤུའི་དུས་དཀྱིལ་ཙམ་ནས་བོད་པའི་བླ་སྤྲུལ་མང་པོ་བཙན་བྱོལ་དུ་ཕེབས་པ་བཅས་ལ་བརྟེན། བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་ཁྱབ་ཆེན་པོ་ཕྱིན་ཡོད།

 

དྲི་བ། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ། བོད་བརྒྱུད་ནང་བསྟན་ནུབ་ཕྱོགས་སུ་དར་ཁྱབ་ཏུ་ཕྱིན་པ་དང་བསྟུན་ཏེ། ཆོས་ཚོགས་རེ་ཟུང་དང། བླ་སྤྲུལ་རྫུན་མ་རེ་ཟུང་གིས་བྱ་སྤྱོད་འདྲ་མིན་སྤེལ་གྱིན་ཡོད་པའི་གནས་ཚུལ་འདུག་པ་བདེན་ནམ།

ལན། དེ་བདེན་པ་རེད། འོན་ཀྱང། མི་འདི་དང་ཆོས་ཚོགས་འདིས་བྱ་སྤྱོད་ངན་པ་སྤེལ་སོང་ཞེས་ཞུ་རྒྱུ་མིན། བོད་པའི་བླ་སྤྲུལ་དང་ཆོས་པ་སུ་འདྲ་ཞིག་ཡིན་ནའང༌། ལུང་པ་གསར་བ་ཞིག་དུ་འབྱོར་སྐབས། མི་རེ་ངོ་རེ་ནས་བོད་མི་རིགས་དང་བོད་པའི་རིག་གཞུང་གི་འཐུས་ཚབ་ཆགས་ཀྱིན་ཡོད། ཁོང་ཚོས་བྱ་བ་ཡག་པོ་ཞིག་བསྒྲུབ་པ་ཡིན་ན། མགོ་༧ཏཱ་ལའི་བླ་མ་ནས་བཟུང། བོད་མི་རིགས་དང་བོད་པའི་ཆོས་རིག་ལ་གཟི་བྱིན་སྤྲས་པ་རེད་ལ། སྡུག་ཅག་ཅིག་བྱས་པ་ཡིན་ན། མིང་ཆད་དེ་མི་གཅིག་གི་སྟེང་ནས་འདུག་གི་མ་རེད། བོད་མི་རིགས་དང་བོད་ཀྱི་ནང་ཆོས། ཐ་ན་ཏཱ་ལའི་བླ་མ་བཅས་ལའང་མིང་ཆད་ཕོག་གི་རེད། ཨ་རིའི་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ཚོགས་ལྟ་བུར་མཚོན་ན། དགེ་འདུན་པ་ཚོ་ཐོག་མ་གདན་འདྲེན་ཞུ་སྐབས་ནས་ངས་ཁོང་ཚོར། ཁྱེད་ཚོ་ཨ་རིར་འབྱོར་རྗེས་བྱ་བ་ཅི་ཞིག་བསྒྲུབ་ཀྱང༌། རང་ཉིད་གཅིག་པུར་ཕན་ན་འགྲིག་གིན་ཡོད་བསམ་ན་ནོར་བ་རེད། ཁྱེད་རང་ཚོ་བོད་པ་ཞིག་ཡིན་པའི་འགན་འཁྲི་དང༌། ནང་པའི་དགེ་འདུན་པ་ཞིག་ཡིན་པའི་འགན་འཁྲི། ༧གོང་ས་ཏཱ་ལའི་བླ་མའི་རྗེས་འཇུག་པ་ཞིག་ཡིན་པའི་འགན་འཁྲི་སོགས་ཁྱེད་ཅག་དང་ཁ་འབྲལ་ཐབས་ཡོད་པ་མ་རེད། ཅེས་ཁ་ཏ་སློབ་གསོ་གཏོང་གིན་ཡོད། མ་འོངས་པར་བྱ་སྤྱོད་ངན་པ་དེ་རིགས་མི་འབྱུང་ཆེད། བོད་གཞུང་ཆོས་དོན་ལས་ཁུངས་དང་། ཡང་ན་མི་སྒེར་སོ་སོས་ནང་ཆོས་སློབ་སའི་ཆོས་གྲྭ་དང་དགེ་རྒན་བཅས་ཀྱི་ཚད་འཛིན་ལག་འཁྱེར་ཞིག་སྤྲོད་སྲོལ་ཡོད་ན་ཡག་པོ་ཡོང་ས་རེད།

 

དྲི་བ། དགེ་བཤེས་ལྷག་རྡོར་ལགས་སུ། སྐུ་ཉིད་ཀྱི་དགོངས་ཚུལ་ལྟར་ན། ནང་པའི་དགེ་འདུན་པ་ཚོས་ཚན་རིག་སྦྱངས་ཏེ། ནམ་ཞིག་ཚད་ངེས་ཅན་དུ་སླེབས་པ་ཡིན་ན། ནང་ཆོས་ལས་ཞན་ཆ་དང་མ་དག་པའི་ཆ། ཡང་ན་ནོར་འཁྲུལ་གྱི་ཆ་སོགས་ངོས་འཛིན་བྱས་ན། བླང་དོར་དགག་སྒྲུབ་ཀྱི་སྤོབས་པ་ཡོད་དམ།

ལན། ཁྱེད་ཀྱི་དྲི་བ་འདི་རྗིད་ཁོག་ཆེན་པོ་རེད་ལ་གལ་ཆེན་པོ་ཡང་རེད། སྤྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལ། གང་ཞིག་ཡིན་ཡང་བརྟག་ཅིང་དཔྱད་པ་གཏོང་དགོས་གསུངས་ཡོད། མཐོང་བ་མངོན་འགྱུར་ལ་མངོན་སུམ་ཚད་མས་མི་གནོད་པ། ཅུང་ཟད་ལྐོག་གྱུར་ལ་རྗེས་དཔག་ཚད་མས་མི་གནོད་པ། ཞེས་མདོ་བསྡུས་ན་རིག་པ་དང་མི་འགལ་བ། ཉམས་མྱོང་དང་མི་འགལ་བ་ཞིག་དགོས་ཚུལ་གསལ་བོར་གསུངས་ཡོད། ༧གོང་ས་མཆོག་གིས་ཀྱང་ནམ་རྒྱུན་དེ་ལྟར་གསུང་གིན་ཡོད་སྟབས། ང་ཚོ་སྟོན་པ་ཤཱཀྱ་ཐུབ་པ་དང་༧གོང་ས་མཆོག་གི་རྗེས་འཇུག་ངོ་མ་ཞིག་ཡིན་ན། དངོས་ཡོད་གནས་ཚུལ་དང་བདེན་པ་བཤད་མཁན་གང་ནས་བྱུང་ཡང། དེ་ངེས་པར་དུ་དང་ལེན་བྱ་དགོས། འདི་གཙང་མ་ཡིན། ངའི་ཨ་མའི་ཕོར་བ་རེད་ཟེར་བའི་དཔེའི་རྗེས་སུ་འགྲོ་མི་རུང། ནང་ཆོས་དེ་ནང་བསམ་བློའི་ཐོག་ནས་ཚད་ངེས་ཅན་དུ་སླེབས་ཡོད་ཀྱང། ཕྱི་དངོས་པོའི་ཐོག་ནས་རྗེས་ལུས་ཡིན་པ་ཁས་ལེན་དགོས་ལ། ཚན་རིག་གི་བརྟག་དཔྱད་ཞིབ་འཇུག་ཁྲོད་ནས་ནང་ཆོས་ལས་ནོར་འཁྲུལ་དང༌། ཡང་ན། འགྲེལ་བཤད་རྒྱག་སྟངས་ཡང་དག་མ་ཡིན་པ་ངོས་ཟིན་བྱུང་ན། བླང་དོར་དང་ལེགས་ཆ་ཚུར་ལེན་གྱི་སྤོབས་པ་ཡོད་དགོས་པ་རེད་དྲན་གྱིན་ཡོད།

 

དྲི་བ། དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ། ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་ཚན་རིག་ཆེད་མཁས་པ་དག་གིས་ནང་པའི་དགེ་འདུན་པ་ཚོར་ཐེངས་མང་ཚན་རིག་སློབ་ཁྲིད་བྱས་པའི་གོ་རིམ་ཁྲོད། ནང་པའི་དགེ་འདུན་པ་ཚོར་ལྟ་སྟངས་གང་འདྲ་འཛིན་གྱིན་འདུག་གམ།

ལན། འདིར་ཕེབས་པའི་ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཚོས་འདི་ལྟར་བཤད་ཀྱིན་ཡོད། ང་ཚོ་བོད་ཀྱི་དགེ་འདུན་པ་ཚོར་ཚན་རིག་སློབ་ཏུ་ཡོང་བ་དེ། དགེ་འདུན་པ་འདི་ཚོ་གང་ཡང་མི་ཤེས་མཁན་རེད། རྨོངས་དད་ཀྱི་དབང་དུ་སོང་བ་ཞེ་གཅིག་རེད། འདི་དག་ལ་ཚན་རིག་བསླབ་སྟེ་རྣམ་དཔྱོད་ཅན་བཟོ་དགོས་པ་རེད་སྙམ་པའི་ཀུན་སློང་མེད། དགེ་འདུན་པ་འདི་ཚོར་ཤེས་ཡོན་རིན་ཐང་ཅན་ཞིག་འདུག མ་འོངས་པར་མི་སྒེར་ལ་བདེ་སྐྱིད་དང༌། སྤྱི་ཚོགས་ལ་ཞི་བདེ་སྐྲུན་བྱེད་ཀྱི་ལག་ཆ་ཞིག་ཡོད་པར་ངོས་འཛིན་བྱས་ཏེ། དགེ་འདུན་པ་འདི་ཚོས་ཚན་རིག་ཤེས་པ་ཡིན་ན། སོ་སོའི་རིན་ཐང་ཅན་གྱི་ཤེས་ཡོན་དེ་རྒྱ་ཆེ་ས་ནས་འཛམ་གླིང་ལ་དར་སྤེལ་དང་ཁྱབ་གདལ་དུ་གཏོང་ཐུབ་རྒྱུར་དམིགས་ཏེ་ཡོང་བ་ཡིན་ཟེར་གྱིན་ཡོད།

ལོ་སྔོན་མར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Dr. Arri Eisen ལགས་འདིར་དགེ་འདུན་པ་ཚོར་ཚན་རིག་བསླབ་ཏུ་ཡོང་སྟེ་ཕྱིར་ལོག་ཁར་རྩོམ་ཐུང་ཞིག་བྲིས་ཡོད། དེ་ང་ཚོའི་དཔེ་དེབ་ནང་དུའང་བཀོད་ཡོད་ལ། དེ་རིང་འདི་ནས་ཁྱེད་ལ་ངོ་སྤྲོད་ཅིག་བྱ་ཆོག་པ་བྱོས།

Good bye

I came to teach

I leave having learned

I came knowing

I leave humbled

I came with answers

I leave with questions

May our time together

Mature like sands in

The oysters of our minds

To become pearls.

Thank you

I wil see you next year!

 

 

ག་ལེར་བཞུགས།

ང་གཞན་ལ་སློབ་ཁྲིད་བྱེད་དུ་ཡོང་བ་ཡིན།

ང་རང་གིས་མང་པོ་ཤེས་ཏེ་ལོག་གིན་ཡོད། 

ངས་ཤེས་བསམ་ནས་ཡོང་བ་ཡིན།

ངའི་ཁེངས་པ་ཆག་སྟེ་ལོག་གིན་ཡོད།

ང་དྲིས་ལན་མང་པོ་དང་མཉམ་དུ་ཡོང་བ་ཡིན།

ང་དྲི་བ་མང་པོ་དང་མཉམ་དུ་ལོག་གིན་ཡོད།

ང་ཚོས་མཉམ་དུ་དུས་ཚོད་བསྐྱལ་བ་དེས།

ཉ་ཕྱིས་བཞིན་ང་ཚོའི་སེམས་སྨིན་ཏེ།

མུ་ཏིག་ལྟ་བུར་འགྱུར་བར་ཤོག

ཐུགས་རྗེ་ཆེ།

ལོ་རྗེས་མ་སླར་ཡང་མཇལ་ཡོང༌།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 14

  1. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    རྨོངས་ཞེན་རེད།

    Reply
  2. རྟ་བདུན་དབང་བོ། says:
    ལོ་ 17 སྔོན།

    ཚན་རིག་པ་ཟེར་ནའང་དེ་ཚོ་གང་ཟག་རང་རེད། དེ་ཚོ་དང་ནང་བའི་ལྟ་བ་མཐུན་མི་མཐུན་ཅི་རིགས་ཡོད་སྲིད་ཀྱང་ལེགས་པའི་ཆ་ཡང་ལེན་རྒྱུ་ཡོད་སྲིད་པ་རེད། དེང་དུས་ཚན་རིག་གིས་གནམ་གཤིས་རྟགས་དཔྱད་དང་ང་ཚོའི་གནའ་བོ་ལུགས་ཀྱི་གནམ་གཤིས་རྟགས་དཔྱད་རླུང་དང་སྤྲིན་རྒྱུ་སྟངས་ལ་བལྟས་ནས་བཤད་པ་སོགས་ཆ་མཐུན་པ་རེད། ང་ཚོར་མེད་པ་ཞིག་ནི་ཚན་རིག་པ་ཚོས་དངོས་པོ་ནུས་པ་ཅན་ཁ་ཤས་བེད་སྤྱོད་བཏངས་ནས་བཤད་ཀྱི་ཡོད་པ་རེད། དེ་དག་ནི་ང་ཚོར་ཡོད་པ་མ་རེད། ཚན་རིག་པས་ལག་ཆ་དེ་དག་བེད་སྤྱོད་བཏངས་ནས་ཕྱི་དངོས་པོ་ལ་ཡར་རྒྱས་གང་འཚམ་སོང་ཡོད་ནའང། ནང་སེམས་ལ་རྟགས་དཔྱད་ཅི་ཙམ་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་ཡོད་པ་མ་རེད། མ་འོང་བར་ཡང་འོང་མི་སྲིད་པ་རེད། རྒྱུ་མཚན་ནི་ནང་སེམས་ལ་གཟུགས་རག་པ་མེད་སྟབས་འཕྲུལ་ཆས་ཤིག་གིས་གཞལ་བྱ་བྲལ་བ་རེད། འོན་ཀྱང་ཚན་རིག་ཅི་ཙམ་དར་ཁྱབ་ཆེ་རུ་སོང་བ་དེ་ཙམ་གྱིས་མི་དམངས་རྣམས་མགོ་རྨོངས་སྲིད་པ་རེད།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    དྲ་གྲོགས་འགའ་ཞིག་གིས་བཤད་པར་མོས་མཐུན་བྱེད་ཐབས་མེད། དེ་ནི་ཞིབ་ཆ་འབྱེད་མ་ཤེས་པའི་འབབ་ཅོལ་འབའ་ཞིག་རེད། ད་ལྟ་ང་ཚོ་ཚན་རིག་པ་དང་ལེགས་ཆ་སྤེལ་རེས་ཀྱི་གཞི་ནི་ནང་ཆོས་ནས་གསུངས་བའི་གཞི་ལམ་འབྲས་བུའི་རྣམ་གཞག་གསུམ་ཡོད་པ་ལས་གཞི་དངོས་པོའི་གནས་ལུགས་ལ་བགྲོ་གླེང་བྱེད་པ་ལས་སངས་རྒྱས་ཀྱི་སྐུ་གསུམ་དང་སྐྱེ་བ་སྔ་ཕྱི་སོགས་རྒྱུ་དང་འབྲས་བུའི་རྣམ་གཞག་ལ་རེ་ཞིག་ཚན་རིག་པ་བྱུས་གཏོགས་མེད། དེར་བརྟེན་གཞི་དངོས་པོའི་གནས་ལུགས་གཏན་ལ་འབེབ་པར་དེང་དུས་ཀྱི་ཚན་རིག་དང་ནང་ཆོས་གཉིས་གཅིག་ཕན་གཅིག་གྲོགས་བྱེད་ཐུབ་པས་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་སྟབས། རྣམ་དཔྱོད་ལྡན་པའི་སྐྱེ་བོ་མང་པོ་ཞིག་གིས་དེ་གཉིས་ལ་དོ་སྣང་བྱེད་ལུགས་ལ་དཔག་ན་ཤེས་ཐུབ།།

    Reply
  4. yarphel lama says:
    ལོ་ 17 སྔོན།

    ཁ་དང་ཁ་གཉིས་འཕྲད་པ་ཙམ་གྱིས་ཀྱང༌།
    བདེ་དགའི་ཚོར་བ་འདི་ལ྄ྟར་ས྄ྟེར་ནུས་ན།
    འདོམ་གྱི་དངོས་པོ་ཕན་ཚུན་ས྄ྦྱོར་བ་ཡི།
    བདེ་བའི་ཚད་བཟུུང་ནུས་པ་སུ་ཞིག་ཡོད།

    Reply
  5. བཀྲ་ཤིས། says:
    ལོ་ 17 སྔོན།

    ལས་ཀ་འདིའི་རིགས་ལ་ཕན་ཐོགས་མ་གཏོགས་སྐྱོན་མེད།

    ཚན་རིག་ནས་རང་རེས་ལེགས་ཆ་ལེན་ཐུབ་ལ། ཚན་རིག་པས་ཀྱང་རང་རེ་ནས་ལེགས་ཆ་ལེན་ཐུབ།

    Reply
  6. འབྲོང༌གི་ངུར་སྒྲ། says:
    ལོ་ 17 སྔོན།

    ལས་འཆར་འདི་བོད་ལ་ཕན་ཐོགས་དང་མི་ཐོགས་བཤད་རྒྱུ་སྔ་དྲགས་པ་རེད།་གང་ལྟར་ལས་གཞི་འདི་མུ་མཐུད་འགྲོ་ཐུབ་ན་དགེ་མ་གཏོགས་སྐྱོན་གང་ཡང་མི་འདུག་་རང་གི་བློ་དང་མཐུན་མ་མཐུན་བཤད་ནས་གང་ཡང་ཕན་གྱི་མ་རེད།་ལས་གཞི་འདི་གཙོ་བོ་གོང་ས་མཆོག་གིས་ཐུགས་སྨོན་ཡིན་པས་བོད་ལ་ཕན་ཐོགས་ཅན་ཞིག་ཡིན་པར་ཡིད་ཆེས་བྱས་ཆོག་་ཡིན་ནའང་ལས་འཆར་ཁོངས་འཁྱོལ་མིན་ནི་ལས་འཆར་རང་ངོས་ནས་མེད་པར་དེ་ནི་ང་ཚོར་རག་ལས་པ་ཞིག་རེད།

    Reply
  7. yarphel lama says:
    ལོ་ 17 སྔོན།

    བཀུར་འོས་བོད་ཀྱི་དུས་བབ་གསར་ཁང་གི་དྲྭ་ར྄ྒྱ་དོ་དམ་པ་མཆོག་ལ་ཆེད་ཞུ།
    གུས་པས་ཁ་སང་ནས་དུས་བབ་ཟིན་བྲིན་ནང་ཞུགས་མ་ཐུབ་པར
    ཕྱི་རོལ་དུ་ལ྄ྷག་ཡོད་ན་དེའི་ས྄ྐོར་ལམ་ས྄ྟོན་ཞིག་གནང་རོགས།
    ཐུགས་ར྄ྗེ་ཞེ།

    Reply
  8. yarphel lama says:
    ལོ་ 17 སྔོན།

    བཀུར་འོས་བོད་ཀྱི་དུས་བབ་གསར་ཁང་གི་དྲྭ་ར྄ྒྱ་དོ་དམ་པ་མཆོག་ལ་ཆེད་ཞུ།
    གུས་པ་ཁ་སང་ནས་དུས་བབ་ཟིན་བྲིན་ནང་ཞུགས་མ་ཐུབ་པར
    ཕྱི་རོལ་དུ་ལ྄ྷག་ཡོད་ན་དེའི་ས྄ྐོར་ལམ་ས྄ྟོན་ཞིག་གནང་རོགས།
    ཐུགས་ར྄ྗེ་ཞེ།

    Reply
  9. yarphel lama says:
    ལོ་ 17 སྔོན།

    བཀུར་འོས་བོད་ཀྱི་དུས་བབ་གསར་ཁང་གི་དྲྭ་ར྄ྒྱ་དོ་དམ་པ་མཆོག་ལ་ཆེད་ཞུ།
    གུས་པས་ཁ་སང་ནས་དུས་བབ་ཟིན་བྲིན་ནང་ཞུགས་མ་ཐུབ་པར
    ཕྱི་རོལ་དུ་ལ྄ྷག་ཡོད་ན་དེའི་ས྄ྐོར་ལམ་ས྄ྟོན་ཞིག་གནང་རོགས།
    ཐུགས་ར྄ྗེ་ཞེ།

    Reply
  10. ཟུར་མཁར་ says:
    ལོ་ 17 སྔོན།

    ལས་འགུལ་འདིའི་རིགས་ཚན་རིག་པའི་མིང་འཛིན་པ་དེ་དག་ལས་ང་ཚོར་ཁེ་ཕན་གང་ཡང་མེད་པས་དུས་བབ་སོགས་ནས་གནས་ཚུལ་འདིའི་རིགས་གལ་ཆེར་བཟུང་ནས་བསྒྲགས་པ་དེ་ཡང་ཅུང་བྱབ་མེད་པ་ལྟ་བུའི་ཚོར་སྣང་བྱུང་།

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ཚན་རིག་པ་ཕལ་མོ་ཆེ་དངུལ་ལ་དགའ་དྲགས་ནས་ཡོང་སྒོ་གར་ཡོད་བལྟས་ནས་དེ་ཚན་རིག་དང་མཐུན་ཚུལ་གྱི་སྐད་ཆ་ཤོད་ཀྱིན་འདུག དཔེར་ན། དཔེར་ན་སྨན་རྫས་ཁྱབ་བསྒྲགས་བྱེད་དུས་ཚན་རིག་པ་གཅིག་གིས་བཟང་ཚུལ་མང་པོ་བཤད་པ་ལ་ལ་ལས་དེ་སྡུག་ཚུལ་གྱིས་རང་གིས་བཟོས་པའི་སྨན་དེ་བཙོང་བར་འབད་ཀྱིན་འདུག
    ཚན་རིག་པ་ཕྱོགས་ལྷུང་ཅན་ཚོས་རང་རང་དགའ་ས་དེ་ཚན་རིག་དང་མ་མཐུན་ན་ཡང་ཕྱོགས་ཞེན་གྱིས་དེ་ཡང་དག་པར་བསྒྲུབ་ཨེ་ཐུབ་ལྟ་བ་རེད།
    ཚན་རིག་པ་ཆོས་དད་ཅན་ཚོས་རང་གི་ཆོས་ལུགས་དེ་ཐབས་བརྒྱ་ཅུས་སྟོང་གིས་ཚན་རིག་དང་མཐུན་ཚུལ་གླེང་གིན་འདུག
    ཚན་རིག་པ་ཆབ་སྲིད་པ་ཚོས་རང་ཕྱོགས་ལ་ཕན་གནོད་གང་ཡོད་བལྟས་ནས་སྐད་ཆ་ཤོད་ཀྱིན་འདུག དཔེར་ན། ཨི་ཟི་ལམ་གྱི་ཆོས་ལུགས་དར་ཆེ་བའི་ཡུལ་གྲུ་ཁག་ནས་་ཨ་མེ་རི་ཁའི་ག་གཏད་མང་པོ་ཡོང་དུས་ཚན་རིག་པ་ལ་ལས་ཁ་ཆེའི་ཆོས་ལུགས་དེ་སྡུག་པོ་རེད་མདོག་མདོག་གི་སྐད་ཤོད་ཀྱིན་འདུག

    Reply
  12. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ནུབ་ཕྱོགས་པའི་ཚན་རིག་པ་ཚོའི་ཁྲོད་ན་ཁྱིའི་སྐྱག་པ་ཡང་ལག་ཏུ་བླངས། འཁྲུལ་ཆས་འདྲ་མིན་གྱི་ནང་དུ་བཞག ཆེད་རྩོམ་བྲིས་ནས་ཞིབ་འཇུག་བྱེད་ཀྱིན་འདུག བོད་ཀྱི་ནང་ཆོས་འདི་ཚན་རིག་པ་ག་གེ་མོས་རྩ་ཆེན་བྱེད་ཀྱི་འདུག་ཟེར་ནས་བོད་པ་ཚོས་ང་རྒྱལ་དང་རང་བསྟོད་མ་བྱེད་རོགས། མ་གཞི་འདི་ནི་ཆེད་ལས་པ་ཁ་ཤས་ཤིག་གི་ལས་ཀ་ཙམ་ལས་ང་ཚོ་ཚང་མར་གལ་ཆེན་པོ་ཞིག་གང་ཡང་མ་རེད།

    Reply
  13. བློ་ལྡན་ཤེས་རབ། says:
    ལོ་ 17 སྔོན།

    རྟ་བདུན་དབང་པོ་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད།    ཚན་རིག་པས་མིག་དང་རྣ་བ་ལག་པ།   གཞན་དེང་དུས་ཀྱི་ཡོ་ཆས་སོགས་ལ་བརྟེན་དེ་ཕྱི་དངོས་པོའི་གནས་ལུགས་རྟོག་དཔྱོད་བྱེད་ཀྱིན་ཡོད་པ་རེད།   དེ་འགྲིག་གི་རེད་ལ།   དེས་དེ་དག་ཤེས་ཀྱང་སྲིད་ཀྱི་སྲིད།   བེམ་པོའི་གནས་ཚུལ་དཔྱོད་བྱེད་ལ་བེམ་པོ་ཡིན་ན་འགྲིག་གི་རེད།   དེ་མིན་བེམ་པོའི་ཡོ་ཆས་བེད་སྤྱོད་བྱས་ནས་ནང་སེམས་ཀྱི་གནས་ལུགས་ལ་རྟོག་དཔྱོད་བྱེད་དགོས་ཟེར་བ་ནི་སྤྱིར་བཏང་གི་སྐད་ཆ་ཙམ་ལས་གཞན་ཅིང་མ་རེད།   
    ད་དུང་གཙོ་བོ་ཤེས་དགོས་པ་ཞིག་ནི།   ནང་ཆོས་དང་ཚན་རིག་གཉིས་ནང་སེམས་ཀྱི་གནས་ལུགས་ཐོག་ནས་ཁ་མཐུན་ཐབས་རྩ་བ་ནས་ཡོད་པ་མ་རེད།   ཚན་རིག་པས་སྐྱེ་བ་སྔ་ཕྱི་ཟེར་བ་ཞིག་མེད་པ་གཞིར་བཞག་བྱས་ནས་རྟོག་དཔྱོད་བྱེད་ཀྱིན་ཡོད།   དེ་བཞིན་ནང་པའི་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་དེ་དག་ཀྱང་སྐྱེ་བ་སྔ་ཕྱི་ཡོད་པ་གཞིར་བཞག་གི་ཐོག་ནས་ཤོད་ཀྱིན་ཡོད་སྟབས།   སྐྱེ་བ་སྔ་ཕྱི་ཁས་མི་ལེན་མཁན་ཞིག་ལ་རྒྱུ་མཚན་ལྡན་པའི་ངེས་ཤེས་བསྐྱེད་ཐུབ་རྒྱུ་ཁག་པོ་མིན་ནམ་སྙམ།    
    འོན་ཀྱང་དེང་དུས་དངོས་པོའི་གནས་ཚུལ་ངོ་མའི་ཐོག་ནས་འཛམ་གླིང་གང་སར་སྐྱེ་བ་སྔ་མ་དྲན་པའི་བུ་ཕྲུག་མང་པོ་སྐྱེ་བཞིན་ཡོད་ལ།   སྐྱེ་བ་སྔ་མའི་ནང་མི་དང་བཅའ་ལག་སོགས་ཀྱང་ར་སྤྲོད་བྱུང་དང་འབྱུང་བཞིན་ཡོད་པ་འདི་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་པ་ཡིན་པས།    ནང་པས་དེའི་ཐོག་ལ་ཤུགས་སྣོན་བྱེད་དགོས་སྙམ།

    Reply
  14. རྟ་བདུན་དབང་བོ། says:
    ལོ་ 17 སྔོན།

    དེང་དུས་ཀྱི་ཚན་རིག་པ་ཚོས་སེམས་ཀྱི་གནས་ལུགས་ཤེས་མི་ཐུབ་པར་མ་ཟད། གཞུང་བཀའ་བོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པའི་དགེ་བཤེས་ཚོས་ཀྱང་ཤེས་ཀ་ལ་ཐུབ། དེང་དུས་ཀྱི་དགེ་བཤེས་ཚོ་ཡང་སྔོན་གྱིས་མཁས་གྲུབ་གོང་མ་དག་གིས་གསུངས་པའི་རྗེས་སུ་འབྲངས་ནས་སེམས་ཀྱི་གནས་ལུགས་རེ་བཤད་ཀྱི་ཡོད་པ་རེད་མ་གཏོགས། སོ་སོས་ཉམས་སུ་བླངས་ཏེ་ངེས་ཤེས་རྙེད་པའམ་སེམས་ཀྱི་གནས་ལུགས་མཐོང་མཁན་ཉིན་མོ་སྐར་མ་ནང་བཞིན་རེད་སྙམ། སེམས་ཀྱི་ངོ་བོའམ་གནས་ལུགས་དེ་ཧ་ཅང་མཐོང་དཀའ་ཕྱིར་གྲུབ་མཐའ་མ་མཐུན་པ་མང་བོ་ཞིག་ཡང་རྒྱུ་མཚན་དེ་ལ་བརྟེན་ལ་བྱུང་བ་རེད། དེང་དུས་འཛམ་གླིང་གི་མི་གྲངས་བརྒྱ་ཆ་གོ་དགུ་ཙམ་གྱིས་སྐྱེ་བ་སྔ་ཕྱི་ལ་ངེས་པ་རྙེད་ཀྱི་ཡོད་པ་མ་རེད། གལ་ཏེ་སྐྱེ་བ་སྔ་ཕྱི་གཏན་ནས་མེད་ན་ནང་ཆོས་ཡོད་དོ་ཅོག་རྫུན་དུ་ཐལ་བ་རེད། དེང་དུས་ཀྱི་ཚན་རིག་པ་ཚོས་རྩོལ་བ་ག་འདྲ་བྱས་ཀྱང་སྐྱེ་བ་སྔ་ཕྱི་ལ་ངེས་པ་རྙེད་ཀྱི་ཡོད་པ་མ་རེད་ལ། མ་འོང་བར་ཡང་རྙེད་སྲིད་ཀྱི་མ་རེད། ཚན་རིག་པ་ཚོས་ཕྱིའི་དངོས་པོ་ལ་རྟགས་དཔྱད་བྱས་ན་ངེས་པ་རྙེད་པ་མང་བོ་ཞིག་ཡོད་པ་ནི་བདེན་པ་རེད། འོན་ཀྱང་ནང་སེམས་ཀྱི་གནས་ལུགས་ལ་རྟགས་དཔྱད་གནང་ཐུབ་ཀྱི་ཡོད་མ་རེད་། ནང་སེམས་ཀྱི་གནས་ལུགས་མཐོང་དགོས་པ་ལ་བློ་བུར་གྱི་སྒྲིབ་པའི་དྲི་མ་དེ་བྲལ་དགོས་པ་རེད། དེ་བྲལ་བ་ལ་ནང་ཆོས་ཀྱི་སྒོམ་ཁོ་ན་ལ་བརྟེན་ནས་མ་གཏོགས་ཚན་རིག་པའི་ལག་ཆ་དང་ཞིབ་འཇུག་བྱས་པ་ཙམ་གྱིས་རྙེད་སྲིད་པ་མ་རེད། སྐྱེ་བ་སྔ་ཕྱི་མེད་ན་ལས་རྒྱུ་འབྲས་ཀྱང་མེད་པས་ཁྱབ། དེ་མེད་ན་རྣམ་མཁྱེན་ཐོབ་རྒྱུ་ཡང་མེད་པས་ཁྱབ། དེ་ན་སྐྱེ་བ་སྔ་ཕྱི་ལ་ངེས་པ་རྙེད་རྒྱུ་འདི་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། ང་ཚོ་ནང་བ་ཚོས་མེད་པ་ཞིག་ཡོད་པར་ཁས་བླངས་ཏེ་ཡིད་ཆེས་བྱས་པ་ཞིག་གཏན་ནས་མ་རེད། ཞིབ་ཏུ་བསམ་བློ་བཏངས་ན་སྐྱེ་བ་སྔ་ཕྱི་མེད་མི་སྲིད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese