མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༠༩/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་ཡུལ་གྱི་ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་རབས་ ༥༩ པ་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་དགེ་བའི་བཤེས་གཉེན་ ༧རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་འདི་ལོའི་བོད་ཟླ་ལྔ་པ་དང་པོའི་ཚེས་ཉེར་གསུམ་དང་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་གཞན་དོན་དུ་དགོངས་པ་རྫོགས་པའི་ཚུལ་མཛད་ཀྱང་། ཉིན་ཉེར་གཉིས་རྗེས་ཀྱི་ད་ལྟ་ཡང་ཐུགས་དམ་མ་གྲོལ་བར་འོད་གསལ་མ་བུ་གཉིས་སྦྱོར་གྱི་ཚུལ་དུ་བཞུགས་བཞིན་པ་ལགས་ཤིང་། སྐུའི་གཟི་མདངས་གཏན་ནས་མ་ཉམས་པར་སེངྒེ་ཉལ་སྟབས་ཀྱི་ཚུལ་དུ་བཞུགས་བཞིན་ཡོད་འདུག

མདོ་སྔགས་རབ་འབྱམས་སྨྲ་བའི་དབང་པོ་༧དགེ་བའི་བཤེས་གཉེན་ཆེན་པོ་གང་ཉིད་ནི་ཤིང་བྱི། ཕྱི་ལོ་ ༡༩༢༤ ལོར་མདོ་སྨད་ཐེ་བོ་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ཐོག་༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ་མདོ་སྔགས་བསྟན་པའི་འབྱུང་གནས་གདན་ས་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་ཆོས་ཞུགས་ཀྱིས་འདུལ་བ་འཛིན་པ་ཆེན་པོ་དགེ་བཤེས་ཉ་རུ་བློ་བཟང་ཤེས་རབ་ཀྱི་དྲུང་དུ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་པ་མནོས། སྐུ་ཚེའི་ཐོག་མཐའ་བར་གསུམ་དུ་གདན་ས་རང་གི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཁྲི་པ་མཁན་པོ་དཀོན་ཚུལ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དུ་མ་རིགས་ཀྱི་ཅོད་པན་དུ་བསྟེན་ནས་མ་གའི་འདུལ་བ་ཀ་རི་ཀ་ནས་ཡ་གའི་གསང་བ་འདུས་པའི་བར་གྱི་མདོ་རྒྱུད་དགོངས་འགྲེལ་ཡོངས་རྫོགས་ལ་གསན་བསམ་སྒོམ་པ་མཐའ་ཕྱིན་པར་མཛད།

དགུང་ལོ་ཉེར་གསུམ་ཐོག་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཡོངས་འཛིན་མགོན་པོ་ཀླུ་སྒྲུབ་ཐར་འདོད་འགྱུར་མེད་རྒྱ་མཚོ་དཔལ་བཟང་པོ་མཆོག་ལས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བཞེས། དེ་ཡང་ཁས་ལེན་ལ་དཔའ་བ་ཙམ་མ་ཡིན་པར་སྐུ་ཚེ་ཧྲིལ་པོར་ཆོས་འདུལ་བའི་བཅས་མཚམས་ཕྲ་རགས་མཐའ་དག་སྤྱན་འབྲས་ལས་ཀྱང་གཅེས་པར་མཛད་དེ། ཕྱི་ཉན་ཐོས་ཀྱི་སྤྱོད་པས་དུལ་བ་དང་། ནང་དུ་རྣལ་འབྱོར་ཟབ་མོའི་གདེངས་དང་ལྡན་པར་མཛད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ།

དགུང་ལོ་སོ་གསུམ་ཐོག་གདན་ས་རང་གི་དགེ་བཤེས་གྲས་ནས་ལེགས་འདེམས་ཀྱིས་སྐྱབས་མཆོག་ཀིརྟི་རིན་པོ་ཆེའི་མཚན་ཉིད་ཞབས་ཞུ་པར་བསྐོ་བཞག་ཞུས་པ་བཞིན། ཁོང་རིན་པོའི་ཚུལ་བསྟན་གསན་བསམ་ལ་ཕན་ངེས་ཀྱི་ཞབས་ཞུ་འཐུས་ཚང་ཞུས།

དགུང་ལོ་སོ་ལྔའི་ཐོག་དམངས་གཙོ་བཅོས་བསྒྱུར་ཟེར་བ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་དུས་འགྱུར་བྱུང་བ་ནས་བཟུང་ལོ་ཧྲིལ་པོ་ཉི་ཤུ་ལྷག་རིང་ངལ་རྩོལ་སྒྱུར་སྐོར་དང་། རྙིང་བཞི་རྩ་གཏོར་ཟེར་བས་མཚོན་རྡུང་བརྡེག་དང་བསམ་བློའི་མནར་གཅོད་འོག་སྐུ་ངལ་ཚད་མེད་མྱོང་དགོས་ཐུག་ཀྱང་། སློབ་དཔོན་དཔའ་བོས། གཡུལ་ངོ་དག་ཏུ་དཔའ་བོ་བཞིན། །ཞེས་གསུངས་པའི་དོན་ལྟར་ལྟོས་གྲུབ་ཀྱི་ལྟ་བ་དང་བྱང་ཆུབ་སེམས་དཔའི་ཉམས་ལེན་ལྷོད་མེད་བདག་གིར་མཛད་དེ་མུན་པའི་ཁྲོད་ཀྱི་ཉིན་བྱེད་ལྟ་བུའི་རླབས་ཆེན་གྱི་རྣམ་ཐར་བདག་གིར་བཞེས།

སྲིད་བྱུས་ཕྲན་བུ་གུ་ཡངས་ཀྱིས་ཆོས་ལུགས་དད་པ་རང་མོས་དང་དགོན་པ་བསྐྱར་འཛུགས་ཀྱི་དུས་སྐབས་བྱུང་བ་དང་གདན་ས་རང་ན་རྒྱུན་བཞུགས་ཀྱིས་དགེ་བའི་བཤེས་ཆེན་པོ་འབུ་སྒང་བ་ཨ་ཁུ་བརྩོན་འགྲུས་ཚང་གི་མདུན་ནས་མཛོད་འདུལ་དང་གསང་སྔགས་ལ་གསན་བསམ་མཐའ་ཕྱིན་པར་མཛད་པར་མ་ཟད། རིམ་པས་གདན་ས་རང་གི་དཔེ་ཁྲིད་ཀྱི་འགན་གཙོ་བོ་བཞེས་ནས་རྒྱལ་བའི་བསྟན་པ་ལ་བཤད་སྒྲུབ་ཀྱིས་ཞབས་ཞུ་ཐུབ་ངེས་ཀྱི་སློབ་ཚོགས་ཤིན་ཏུ་མང་པོ་གསོ་སྐྱོང་བཀའ་དྲིན་ཆེ་བར་མཛད།

ས་འབྲུག ཕྱི་ལོ་ ༡༩༨༨ ལོར་མདོ་ཕྱོགས་བཀའ་པོ་ལྔ་ལ་སྦྱངས་པ་མཐའ་སོན་པའི་འབྲས་རྟགས་དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། ཆུ་སྤྲེལ། ཕྱི་ལོ་ ༡༩༩༢ ལོར་གསང་སྔགས་རྒྱུད་སྡེ་བཞི་ལ་གསན་བསམ་སྒོམ་པ་མཐའ་སོན་པའི་འབྲས་རྟགས་སུ་སྔགས་རམས་པའི་དམ་འཇོག་མཛད་པས་མཁས་པའི་སྙན་པ་ཡོངས་སུ་གྲགས་པ་བྱུང་། དགུང་ལོ་རེ་ལྔའི་གདན་ས་རང་གི་ཚོགས་ཆེན་ཞལ་ངོའི་མཛད་འགན་བཞེས་ནས་དགོན་པའི་ཆོས་འཆད་ཉན་དང་འགྲིག་ལམ་ཀུན་སྤྱོད་གང་ཅིའི་ཐད་གཟིགས་རྟོག་ནན་པོ་རྒྱ་གཡེན་དུ་མ་སོང་བར་མཛད།

དགུང་ལོ་རེ་བརྒྱད་ཆུ་བྱ། ཕྱི་ལོ་ ༡༩༩༣ ལོར་གདན་ས་རང་གི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་གྲྭ་ཚང་དེ་ཆོས་གཉིས་ཀས་ཤིན་ཏུ་བཀའ་དྲིན་ཆེ་བར་བསྐྱངས། ལྷག་པར་འབུལ་དངོས་ཡོངས་རྫོགས་ཆུད་ཟོས་སུ་མ་སོང་བར་ཤ་ཁུ་ཤ་ལ་ཐིམ་པ་དང་ཇ་ཁུ་ཇ་ལ་ཐིམ་པའི་དཔེ་ལྟར་ཕྱག་རྫས་གང་ཡོད་བསོད་ནམས་ཀྱི་ཞིང་ལ་བསྔོ་བར་མཛད། དགུང་གྲངས་བདུན་ཅུ་པ་ཤིང་ཕག ཕྱི་ལོ་ ༡༩༩༥ ལོར་གདན་ས་རང་གི་དགོན་ལག་ཧོར་ཚང་ཀིརྟི་དགོན་དགེ་ལྡན་བསྟན་འཕེལ་གླིང་གི་མཁན་ཁྲིར་ཕེབས་ཏེ་དགོན་དེའི་བསྟན་སྲིད་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་མཛད་དེ་མཐའ་འཁོབ་ཡུལ་དུ་བཤད་སྒྲུབ་ཀྱི་བསྟན་པའི་སྒྲོན་མེ་ཆེས་ཆེར་སྦར་བར་མཛད་པའི་རྣམ་ཐར་རླབས་ཆེན་བསྐྱངས།

དགུང་གྲངས་དོན་དྲུག་པ་ལྕགས་གླང་། ཕྱི་ལོ་ ༢༠༠༡ ལོར་གདན་ས་ཆེན་པོ་སྟག་ཚང་ལྷ་མོའི་ཚོགས་ཆེན་ཁྲི་ཐོག་ ༥༩ པར་ཕེབས་ཏེ་དགོན་པའི་ཆོས་སྲིད་ཀྱི་ལས་དོན་མཐའ་དག་འཐུས་ཤོར་ནོར་འཛོལ་མེད་པར་ཡར་ངོའི་ཟླ་བའི་དཔལ་ལ་འགྲན་ནུས་སུ་མཛད། མདོ་སྔགས་ཀྱི་གནད་ལས་འཕྲོས་པའི་བཀའ་རྩོམ་ཡང་དུ་མ་བཞུགས། མཐའ་དགུང་གྲངས་གྱ་དྲུག་པ་ས་གླང་། ཕྱི་ལོ་ ༢༠༠༩ ལོའི་བོད་ཟླ་ལྔ་པ་དང་པོའི་ཚེས་ཉེར་གསུམ་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད།

 མདོར་ན། ཁོང་གི་སྐུ་ཚེ་ཧྲིལ་པོ་གྲྭ་རྐྱང་དཀྱུས་མའི་ལུགས་སུ་ལྟོ་སྐྱ་གོས་ཧྲིལ་གྱིས། ཐོས་བསམ་སྒོམ་པ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་བཅས་ཀྱི་རྣམ་ཐར་ཡ་མ་བྲལ་བར་མཛད་པའི་བཀའ་དྲིན་སྟོང་གསུམ་ནོར་གྱིས་བཀང་ཡང་ཆ་ཤས་ཕྲ་མོ་ཙམ་ཡང་གསབ་པ་ག་ལ་ནུས་ཤིང་། མཐའ་མེད་ཀྱི་རྒྱ་མཚོ་ལྟ་བུའི་གསང་གསུམ་གྱི་རྣམ་པར་ཐར་པའི་ཆ་ཤས་ཕྲ་མོ་ཙམ་ཡང་བརྗོད་པའི་སྤོབས་པ་རྨོངས་པ་བདག་ལ་མ་མཆིས་མོད། སྐྱེ་བ་ནས་ཚེ་རབས་ཐམས་ཆད་དུ་དགེ་བའི་བཤེས་གཉེན་དམ་པ་ཁོང་གིས་དགྱེས་བཞིན་རྗེས་སུ་འཛིན་པ་དང་། གཞན་རྒྱུད་ལ་ཡང་དད་པའི་ས་བོན་ཕྲན་བུ་སྤེལ་ཐུབ་ན་སྙམ་པ། དེང་གི་སྐྱེ་བོ་མགོ་སྟོང་ཇི་སྙེད་ཅིག་གིས་ཆོས་པས་མི་ཚེར་ཆོས་སྒྲུབ་པ་ལ་མངོན་གྱུར་པའི་འབྲས་རྟགས་གང་ཡང་མི་འདུག་སྙམ་པའི་ལོག་རྟོག་སུན་འབྱིན་བཅས་ཀྱི་ཆེད་དུ་དམིགས་ཁོང་གི་མཐུན་མོང་བའི་རྣམ་ཐར་རགས་པ་ཆེས་བསྡུས་སུ་བཀོད་པ་ལགས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །
    སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །
    ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །
    བླ་མའི་བྱིན་རླབས་སེམས་ལ་ཞུགས་པར་ཤོག །

    Reply
  2. དགའ་བ། says:
    ལོ་ 17 སྔོན།

    ཧིན་གཟུགས་ཟིན་བྲིས་སུ་པར་དང་བཅས་འདི་ལྟར་བཀོད་འདུག
    推荐

    ༄༅།།མདོ་སྨད་ཡུལ་གྱི་ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་རབས་༥༩་པ་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོ་དགེ་བའི་བཤེས་གཉེན་༸རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོགཕྱི་ལོ་༢༠༠༩ ལོའི་ཧོར་ཟླ་ ༥ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ དང་སྐར་མ་ ༣༨ ཐོག་སྐུ་ལ་སྙུན་ཟུག་གི་མཚན་མ་ཅི་ཡང་མེད་པར་གདན་ས་སྟག་ཚང་ལྷ་མོའི་གཟིམ་ཤག་ཏུ་སེངྒེ་ཉལ་སྟབས་ཀྱིས་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ལ། ད་ལྟའི་བར་ཐུགས་དམ་བཞུགས་ནས་བདུན་གསུམ་ལྷག་ཕྱིན་ཀྱང་སྐུ་གདུང་ལ་ཐ་མལ་བའི་འགྱུར་བ་ཅི་ཡང་མེད་པར་སྐུའི་གཟི་མདངས་སྔར་བཞིན་བཞུགས་པས། ཉེ་རིང་གི་རྒྱ་བོད་སེར་སྐྱ་དད་ལྡན་ཁྲི་ཕྲག་ལ་ཉེ་བ་གདུང་མཇལ་དུ་བཅར་བཞིན་པས་མཚོན་སྙིགས་མའི་ཡང་མཐའ་འདི་ལྟ་བུར་སྐུའི་མཛད་པ་མཐའ་མ་སྔར་བྱུང་མ་མྱོང་བ་འདི་ལྟ་བུའི་སྒོ་ནས་ཀྱང་གཞན་རྒྱུད་ལ་ལས་འབྲས་དང་ཐར་པ་ལ་ཡིད་དང་བའི་དད་པའི་བག་ཆགས་བསམ་གྱིས་མི་ཁྱབ་པ་འཇོག་བཞིན་པ་ནི། མཁས་གྲུབ་རིན་པོ་ཆེས། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང་། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། ། ཚོགས་གཉིས་སྤྱོད་པ་གཞན་དག་སྨོས་ཅི་འཚལ། །ཞེས་གསུངས་པ་ལྟར་ལགས་སོ། །

    Reply
  3. རི་བོང། says:
    ལོ་ 17 སྔོན།

    ན་ནིང་དགའ་ལྡན་ཁྲི་ཟུར་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་ཀྱི་ཚ་བའི་དཀྱིལ་ནས་ཉིན་ཉི་ཤུ་ལྷག་ཅིག་ལ་ཐུགས་དམ་བཞུགས་ནས་ཚང་མ་ཧང་སང་དགོས་པ་ཞིག་ཆགས་པ་རེད། ད་ལོ་ཡང་དགེ་བའི་བཤེས་གཉེན་ཆེན་པོ་འདི་ཚང་གིས་དེ་ལྟར་གནང་བ་རེད། བསྟན་འཛིན་གྱི་སྐྱེས་ཆེན་འདི་ཚོས་ཆོས་ཟེར་བ་དེ་འདི་ཕྱི་གང་ལ་ཡང་མི་ཕན་ཟེར་མཁན་ཚོར་དངོན་སུམ་གྱིས་གནོད་པ་ཞིག་བསྟན་ཏེ། རྗེས་འཇུག་ང་ཚོ་དེ་ལྟར་ཤོག་ཅེས་གསལ་འདེབས་ཤིག་གནང་ཞོར་ཕེབས་སོང་བ་རེད།

    Reply
  4. དགའ་བ། says:
    ལོ་ 17 སྔོན།

    རྣམ་ཐར་ངོ་སྤྲོད་གནང་མཁན་གྱིས་ཚིག་སྣ་བསྡུས་པའི་ཐོག་ནས་ཡིད་འགུལ་ཐེབས་པ་ཤིན་ཏུ་ཡག་པོ་བྲིས་འདུག དམ་པ་ཁོང་ལ་སྐྱབས་སུ་མཆི། ཀིརྟི་ཚང་གི་གཞིས་བྱེས་གཉིས་ཀྱི་སློབ་བརྒྱུད་རྣམས་ཀྱིས་བོད་བསྟན་སྲིད་ཀྱི་ཆེད་དུ་ཁུར་འགན་བཞེས་པ་ཉུང་ཉུང་བ་ཞིག་གཏན་ནས་མིན། སྐྱབས་མཆོག་ཀིརྟི་རིན་པོ་ཆེ་ཁོང་སྐུ་ཚེ་བརྟན་ཞིང་མཛད་པ་འཕྲིན་ལས་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ།

    Reply
  5. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    སྐྱབས་རྗེ་ཁོང་རིན་པོ་ཆེ་མཆོག་སྐུ་གཤེགས་པར་བློ་ཕམ་དང་། རྗེས་འཛིན་སློབ་བུ་རྣམས་ཀྱིས་རིན་པོ་ཆེ་མཆོག་གི་དགོངས་བཞེད་ཇི་ཡོད་མཇུག་བསྐྱང་ཡོང་བའི་སྨོན་འདུན་ཞུ།

    Reply
  6. ཨ་ལལ says:
    ལོ་ 17 སྔོན།

    སྐྱབས་སུ་མཆིའོ།ད་ཁོང་ཚོ་རང་དབང་ཅན་དག་གཅིག་མཇུག་གཉིས་མཐུད་ཀྱིས་ཕེབས་སོང་ན་ང་ཚོར་ཅི་ཡང་ལྷག་མི་འདུག་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese