ཧོར་ནག་པ་འདྲེ་མིག
ན་ནིང་ལོ་ཡི་གསུམ་གཅིག་བཞིའི་དོན་རྐྱེན་གྱིས་ཤ་ཁྲག་རུས་པ་གཅིག་པ་དང་སེམས་བསམ་པ་གཅིག་པའི་བོད་མི་རིགས་བྱིངས་ཀྱི་མི་སྒེར་རྐང་རེ་ངོ་རེ་ལ་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་དང་བླ་སྲོག་ལ་དྲི་བ་ཚ་ནན་རེ་འདྲི་རུ་བཅུག་ཡོད་པ་མ་ཟད། དུས་རྒྱུན་བོད་ཀྱི་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་ཡིན་ཞེས་གཏམ་ཁ་ལྕེ་བར་ན་ཡོས་འཆའ་འཆའ་བྱེད་ཀྱིན་པའི་བླ་སྤྲུལ་དཔོན་ཆེན་ཁག་དང་བསམ་བློ་བ། ཤེས་ཡོན་པའི་སྡེ་སོགས་ལ་ཡང་རང་ཉིད་ཀྱི་བླ་སྲོག་ལ་ཚང་རྩིས་དང་རྒྱུ་འབྲས་བློ་མིག་ལ་ཕྱིར་རྟོག འགན་འཁྲི་ལ་ངེས་ཤེས་གོ་རྟོགས་ཟབ་གསལ་ཅིག་རྙེད་ཀྱིན་ཡོད་མེད་ལ་བསམ་ས་ནས་ཡིག་རྒྱུགས་ཆེན་པོ་ཞིག་བཏང་སོང། ཡིག་རྒྱུགས་འདིའི་ཁྲོད་ནས་དྲིས་ལན་བརྒྱ་ཆ་བརྒྱ་ལ་མཚན་རྟགས་བཀོད་སོང་བའི་མི་བུ་རེ་གཉིས་དང་དྲིས་ལན་ཕོག་རྒྱུ་ལྟ་ཞོག ཐ་ན་དྲི་ཤོག་ལ་བརྩི་བཀུར་ཀྱང་མི་བྱེད་པར་ཞིག་རལ་གཏོར་བཅོམ་གཏང་སོང་བའི་གཟིག་ལྤགས་བཀབ་པའི་བོང་བུ་སོགས་མང་པོ་ཞིག་ང་ཚོའི་ངོ་གདོང་ལ་གསལ་ལྷང་ངེར་བུད་དེ་ད་ལྟ་མིག་མཐོང་ལག་ཟིན་དུ་གྱུར་སོང་བའང་ཡོད་ལ། མ་གོ་མ་མཐོང་ས་ནས་ལྷང་ལ་བུད་སོང་བ་དང་འབུད་ཀྱིན་པ། འབུད་འགྱུར་བ་གང་མང་ཞིག་ད་དུང་ལྷག་ཡོད། དྲང་མོར་བཤད་ན། འདི་ཡིས་ད་བར་འུ་ཚོས་ཁ་གསལ་གཏིང་གསལ་ཞིག་མ་རྙེད་པའི་འུ་ཚོ་བོད་མི་རིགས་ཀྱི་ལས་དབང་ལ་འགྲེལ་བཤད་ཅིག་བསྐྱར་དུ་བརྒྱབ་ན་མི་ཆོག་གམ། དེ་ལས་ཀྱང་གལ་ཆེ་བ་ཞིག་དང་ཤེས་དགོས་པ་ཞིག་ནི་དོན་རྐྱེན་འདིས་འུ་ཚོ་བོད་མི་རིགས་ཀྱི་སོན་རྩ་སྟེ། བོད་དོན་འཐབ་རྩོད་ལ་རྒྱུས་མངའ་མེད་ཞིང་རྒྱ་གུང་ཁྲན་གྱི་འཁྱོག་བཤད་རྫུན་སྒྲིག་གི་མཛེས་བའི་གདོང་རིས་འོག་ན་མགོ་འཁོར་བའི་གཞོན་སྐྱེས་མི་རབས་གསར་བ་གཉིད་ལས་བསླངས་སོང་བ་དེ་རེད། ད་དུང་ཞོར་དུ་ཞུ་རྒྱུ་ཞིག་ལ་དོན་རྐྱེན་འདིས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྲིད་གཞུང་ལའང་དྲང་བདེན་དང་འདྲ་མཉམ་གྱི་མིག་ཟུང་ཅིག་འཁྱེར་དགོས་པའི་རེ་བ་ནན་གྱིས་བསྐུལ་ཡོད།
འུ་ཅག་གིས་ཕུགས་རྒྱང་རིང་པོ་དང་བསམ་བློ་ཞིབ་མོའི་སྒོ་ནས་དཔྱད་ན། འདི་ནི་ཁོར་ཡུག་དང་དུས་ཚོད་ངེས་ཅན་ཞིག་ལ་མཁོ་བའི་ཚད་ལྡན་གྱི་ལས་འགུལ་ནུས་ཤུགས་ལྡན་པ་ཞིག་ཡིན་ལ། ལས་འགུལ་འདིའི་སྔ་གཞུག་ལ་བློ་གཟུར་བོས་བལྟས་ན། དེ་ལ་འགུལ་བསྐྱོད་དང་སྒུལ་ཤུགས་ཀྱི་ནུས་པའང་ཤུགས་ཆེན་ལྡན་ཡོད། འོན་ཀྱང། བློ་རགས་མོ་དང་ཁ་རུ་ཁ་ཐུག་གིས་བལྟས་ན། ཚེ་སྲོག་གི་གྱོང་གུད་ཕོན་ཆེན་ཞིག་དང་དཀའ་སྡུག་མནར་གཅོད་ཀྱི་རྒྱུ་འཕར་མ་ཞིག་བརྩེགས་འདུག་པ་ལས་ཅི་ཡང་མ་མཐོང་ངོ། འདི་ལོའི་གསུམ་བཅུའི་དུས་དྲན་མ་ཐོན་ཡར་སྔོན་ལ་བོད་མི་མང་དག་ཅིག་གིས་ཡང་ད་ལོའི་གཞོན་ལྷན་སོགས་ཀྱི་གོ་སྒྲིག་ལ་དཔགས་ན་བོད་ནང་དུ་བོད་མི་མང་དག་ཅིག་དམར་གསོད་གཏོང་གི་འཇུག་ཚུལ་རེད་སོགས་གཏམ་གླེང་འདྲ་མིན་སྣ་ཚོགས་འཆད་ཀྱིན་འདུག་ནའང། ཁོ་བོས་དེ་སེམས་གཏིང་ནས་དྭངས་ལེན་བྱ་མ་ཐུབ། དྲང་མོར་བཤད་ན། འདི་ནི་ལྷག་བསམ་དང་བརྩེ་དུང་གིས་ཕྱུག་པའི་སྐད་ཆ་ཞིག་ཡིན་ནའང། དོན་དག་འདིའི་ཕྱི་ཤུན་བརྟོལ་ཏེ་དེའི་ཕ་རོལ་གྱི་གནད་དོན་ཞིག་བློ་མིག་གིས་མ་ཟིན་པ་དང་གཏིང་བསློག་མ་ཐུབ་པའི་མུན་ནག་གི་ཆ་མང་པོ་ཞིག་མངོན་འདུག་པའི་རྒྱུ་མཚན་གྱིས་ཡིན། སྤྱིར་མི་རིགས་གཉིས་ཀྱི་འཐབ་རྩོད་ཀྱི་ཆ་ནས་གླེང་ན། དོན་རྐྱེན་འདི་ལྟ་བུ་ནི་བྱུང་ཆོག་པ་དང་འབྱུང་དགོས་པ་ཞིག་ལ་གོ་ན་མི་འགྲིག་པ་ཅི་ཡང་མེད་སྙམ། གལ་སྲིད། འདི་ལྟ་བུའང་བྱུང་མི་ཆོག་པའམ་འབྱུང་མི་ཉན་པར་བསམ་བློ་བཏང་བ་ཡིན་ན་བོད་མི་རིགས་ཀྱི་མ་འོངས་པ་ནི་རེ་བ་མེད་པའི་རྨི་ལམ་ལྟ་བུ་ཞིག་ཡིན་ལ། སྟབས་འགྲིག་སྟེ་རྨི་ལམ་འདི་རྨིས་རྒྱུ་བྱུང་ནའང། དེ་ལ་འཐབ་རྩོད་ལོ་རྒྱུས་ཀྱི་ཆ་ནས་གླེང་ན་རིན་ཐང་གི་མཛེས་སྡུག་གིས་དབེན་ལ། སྐབས་དེ་དུས་ཀྱི་མིའི་སེམས་ཁམས་ཀྱི་ཕྱོགས་ནས་དཔྱད་ནའང་དོན་སྙིང་དང་སྤྲོ་དགའི་གླུ་སྒྲ་དམན་པར་མ་ཟད་དེའི་མ་འོངས་པའི་ཚེ་སྲོག་སྲ་བརྟན་ལ་གེགས་རྐྱེན་ཤུགས་ཆེན་ཐེབས་སྲིད་སྙམ། རྒྱུ་མཚན་ནི། འཐབ་རྩོད་ལོ་རྒྱུས་ལ་དགའ་སྡུག་དང་སྐྱོ་གར་གྱིས་སྟོང་སོང་བས་ཡིན་ནོ། གལ་ཏེ། འཐབ་རྩོད་ལོ་རྒྱུས་ལ་འདི་ལྟ་བུའི་དྲག་གནོན་མནར་གཅོད་དང་སྐྱོ་གར་གྱི་ཆ་ཇི་འདྲའི་ཇེ་འཕེལ་དུ་སོང་ན་ན་ཟུག་དང་ཞེ་ཁོན་གྱི་ཆ་དེ་ལྟར་འབར་འགྲོ་བ་ཡིན་ལ། ན་ཟུག་དང་ཞེ་ཁོན་གྱི་ཆ་ཇི་ལྟར་འབར་སོང་བ་ཡིན་ན་འུ་ཚོའི་མི་རིགས་འདུ་ཤེས་ཀྱི་ཆ་ཡང་དེ་ལྟར་སྲ་འཐས་སུ་འགྲོ་བ་ཡིན། མི་རིགས་འདུ་ཤེས་ཀྱི་ཆ་ཇི་ལྟར་སྲ་འཐས་སུ་སོང་བ་ཡིན་ན་འུ་ཚོའི་འཐབ་རྩོད་ལོ་རྒྱུས་ཀྱི་ཆ་ཡོངས་ཆིག་སྒྲིལ་དང་སྒྲིག་འཛུགས་ཅན་དུ་འགྱུར་འགྲོ་བ་ཡིན། ཁྱོན་ཡོངས་ཆིག་སྒྲིལ་ཅན་དང་སྒྲིག་འཛུགས་ཅན་གྱི་འཐབ་རྩོད་སྙིང་སྟོབས་འདི་ནི་འུ་ཚོ་བོད་མི་རིགས་ཀྱིས་མི་ལོ་ཧྲིལ་བོ་ ༥༠ རིང་བཙལ་ཞིང་མ་རྙེད་པའི་བོད་དོན་ཐག་གཅོད་བྱེད་ཀྱི་ལྡེ་མིག་ངོ་མ་བོ་དེ་མ་ཡིན་ནམ།
རྒྱ་ནག་གི་དཔལ་འབྱོར་འཕེལ་ཤུགས་དང་བོད་ས་ཐོག་ན་མི་སེར་སྤེལ་སྟངས་སྐད་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་ཀྱི་ངོ་བོ་ཉམས་ཆག ད་དུང། ༧གོང་ས་མཆོག་གི་སྐུ་ཚེ་སོགས་ལ་བསམ་བློ་རེ་བཏང་ནའང་ཞི་རྒོལ་འོས་ལངས་འདི་ལྟ་བུ་ནི་འུ་ཚོས་མུ་མཐུད་དུ་སྤེལ་དགོས་པར་བསམས། གལ་སྲིད། མུ་མཐུད་མཁྲེགས་འཛིན་དང་ཨ་ཚུགས་ཀྱིས་ད་དུང་ཡང་ནས་ཡང་དུ་སྤེལ་མ་ཐུབ་པར་ལོ་མང་པོའི་རིང་མཚམས་ཆད་པ་ཡིན་ན། ལོ་མང་པོའི་རིང་གི་བོད་ཀྱི་མ་འོངས་པ་ནི་གཟུགས་པོ་ཡོད་ཀྱང་སྤྱན་མིག་སྟོང་བའི་ལོང་བ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ཨང།
འདི་ལྟར་བསམ་སྟེ་འོངས་ན། ན་ནིང་ལོ་ཡི་ཞི་རྒོལ་འོས་ལངས་ནི་ཁོར་ཡུག་དང་དུས་ཚོད་སོགས་གང་གི་ཆ་ནས་བལྟས་ཀྱང་དོན་གནད་གལ་ཆེན་ཞིག་ལ་ཁེལ་འདུག་དྲན་ལ། དྲན་གྱིན་བསམ་གྱིན། ན་ནིང་ལོ་ནི་འུ་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཡིག་ཚང་དང་མི་སྒེར་རེ་རེའི་བླ་སྲོག་གི་སེམས་བསམ་པའི་གཏིང་ལ་དྲན་བསྐུལ་གྱི་རྡོ་རིང་ནང་བཞིན་ཉར་ཚགས་བགྱི་དགོས་པའང་ཚོར་འོངས།།
བདེན་པ་རེད་དུས་ལ་བབ་འདུག་་་་་་་་་་་་་
ཕལ་ཆེར་བྱེད་སྟངས་དེ་ནོར་བ་ཡིན་གྱི་མ་རེད།འོན་ཀྱང་དེ་འགྲིག་སོང་བ་འང་ཡིན་མིན་བཤད་དཀའ།ད་དུང་བསམ་བློ་གཏོང་དགོས།
ཧོར་ནག་པའི་ཚིག་གི་ནང་།
ཨ་ཚུགས་ཞེས་པ་ནི།
ཨུ་ཚུགས་སུ་བཅོས་རོགས།
ཉིས་སྟོང་བརྒྱད་ཀྱི་ལོར་ང་ཚོས་ལོ་རྒྱུས་ཀྱི་རྡོ་རིང་ཆེན་པོ་ཞིག་བཞེངས་གྲུབ་ཀྱང་།
ད་དུང་ང་ཚོར་ཐོབ་དགོས་པའི་གྲུབ་འབྲས་དེ་ཐོབ་མེད་པས་ང་ཚོས་ཇི་ལྟར་བྱས་ཏེ་གཞིས་བྱེས་གཉིས་ཀྱི་འདོད་དོན་དེ་བསྒྲུབ་ཐུབ་བམ།།