ཟླ་འདིའི་ཕྱི་ཚེས་ ༢ ཉིན་མཚོ་སྔོན་ཟི་ལིང་བཙན་པོ་མི་རིགས་རིག་གནས་དར་སྤེལ་ཁང་གི་གོ་སྒྲིག་འོག ཨ་མདོའི་ཁ་སྐད་ཀྱི་གློག་བརྙན་སྐད་སྒྱུར་བགྲོ་གླེང་ཚོགས་འདུ་ཞིག་མཚོ་སྔོན་ཟི་ལིང་ནས་འཚོགས་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་སྟེང་སྦྲང་ཆར་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་མཁས་དབང་ཟླ་བ་བློ་གྲོས་དང་མཚོ་སྔོན་སྒྱུ་རྩལ་ཆེད་ལས་སློབ་གྲྭའི་སློབ་གཙོ་རྟ་མགྲིན་རྒྱལ། མཚོ་སྔོན་དགེ་ཐོན་སློབ་གྲྭའི་དགེ་རྒན་ཆེན་མོ་མཁའ་འབུམ་སོགས་ཞུགས་ཡོད་འདུག་ལ། བགྲོ་གླེང་ཚོགས་འདུ་དེ་བརྒྱུད་དེ་གློག་བརྙན་སྐད་སྒྱུར་གྱི་བྱ་བའི་གོ་རིམ་ཁྲོད་དཀའ་ངལ་དང་གནད་དོན་གང་ཡོད་ངོས་འཛིན་བྱས་ཏེ། འབྱུང་འགྱུར་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ་བསམ་ཚུལ་བསྡུས་ཡོད་འདུག ཉིན་དེར་སྔོན་མ་སྒྱུར་སྐྲུན་བྱས་ཟོན་པའི་བོད་སྐད་གློག་བརྙན་དག་ལ་བསྐྱར་ཞིབ་བྱས་ཏེ། གནད་དོན་ཁག་དགུ་ལ་གླེང་སློང་བྱུང་ཡོད་འདུག
དང་པོ། བོད་སྤྱི་ཚོགས་ལ་མཁོ་གལ་ཆེ་བའི་བརྗོད་བྱ་སྣ་ཚོགས་གཙོར་འདོན་བྱས་ཏེ་སྒྱུར་སྐྲུན་བྱ་རྒྱུ། གཉིས་པ། གློག་བརྙན་བོད་སྐད་དུ་སྒྱུར་སྐབས་བོད་རང་གི་བརྡ་སྤྲོད་ཀྱི་རྩ་བ་བརྟན་བཟུང་བྱ་རྒྱུ། གསུམ་པ། ཡིག་སྒྱུར་བ་དང་སྐད་སྒྱུར་བ། ཞུ་དག་པ། སྒྲིག་སྦྱོར་བ་བཅས་ཀྱིས་བརྗོད་བྱའི་ནང་དོན་ངེས་པ་བྱ་རྒྱུ། བཞི་བ། ཡིག་སྒྱུར་དང་སྐད་སྒྱུར་ཁྲོད་ཡིག་ནོར་དང་ཚིག་བརྗོད་ལ་གཟབ་ནན་བྱ་རྒྱུ། ལྔ་བ། བོད་དམངས་ཁྲོད་ཀྱི་ཕུན་སུམ་ཚོགས་པའི་སྐད་ཆའི་སྒྱུ་རྩལ་དམ་འཛིན་བྱ་རྒྱུ། དྲུག་པ། སྐད་སྒྱུར་བའི་སྨྲ་བརྗོད་དག་མིན་དང་སྒྲའི་ལྕི་ཡང་ལ་ཡིད་གཟབ་བྱ་རྒྱུ། བདུན་པ། སྒྲ་སྦྱོར་བའི་སྒྲ་གདངས་དང་དབྱངས་འགྲོས་ལ་རྒྱུ་སྤུས་མཐོ་བའི་ཚན་རིག་ལག་ཆ་སྤྱོད་རྒྱུ། བརྒྱད་པ། སྔར་བསྒྱུར་ཟིན་པ་དག་ལ་བསྐྱར་ཞིབ་ཀྱིས་སྤྱི་ཚོགས་ཀྱི་ཕན་ནུས་ལ་གཞིགས་ཏེ་བླང་དོར་བྱ་རྒྱུ། དགུ་བ། ལས་དོན་འདི་བོད་སྤྱི་ཚོགས་ལ་གལ་ཆེན་ཡིན་སྟབས། ལས་བྱེད་ཡོངས་ཀྱིས་ལས་འགན་ལ་ཡིད་ཆེས་དང་འགན་འཁྲི་འབད་བསྒྲུབ་བྱ་རྒྱུ་བཅས་ཡིན་འདུག
བཙན་པོ་མི་རིགས་རིག་གནས་དར་སྤེལ་ཁང་ཞེས་པ་དེར། བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་ཆེད། བོད་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་བཟོ་སྐྲུན་དང་རིག་གནས་བྱ་འགུལ་སྤེལ་བ། ལྷ་ཁང་འདུ་ཁང་། སྡོད་ཁང་སོགས་བསྐྱར་བཞེངས་དང་ཞིག་གསོ། ནང་རྒྱན་གཏོང་བ་བཅས་ཀྱི་ཞབས་ཞུ་སྒྲུབ་ཀྱིན་ཡོད་པ་མ་ཟད། ད་ལོའི་སྤྱི་ཟླ་ ༥ ནས་བཟུང་གློག་བརྙན་ཕབ་སྐྲུན་དང་སྐད་སྒྱུར་ཚན་ཁག་ཡང་གསར་འཛུགས་གནང་ཡོད་འདུག
ལས་གཞི་འདི་ཉིད་ལ་འཇུག་མཁན་གྱི་ལས་བྱེད་ཐུན་མོང་ཡོངས་ལ་རྗེས་སུ་ཡི་རུང་བྱེད་ཀྱི་ཡོད་ལ། ཚོགས་འདུ་འདིར་ཞུགས་མཁན་གྱི་བོད་རིགས་སྤུན་ཟླ་རྒན་རབས་པ་དག་ལ་ཡང་རྗེས་སུ་ཡི་རང་ཡོད།
ང་ཧ་ཅང་དགའ་གིན་འདུག