དབུས་གཙང་སྤྱི་ཨཅརྱ་ཡེ་ཤེས་ཕུན་ཚོགས།
བར་ལམ་ནས་འབྱུང་འགྱུར་གྱི་བཀའ་ཁྲི་དང་བཀའ་ཁྲིའི་ལས་རོགས་སོགས་ཀྱི་འོས་མིག་སྣ་ཚོགས་ཤིག་འདོན་བཞིན་པ་ནི་སྤྱིར་མང་གཙོའི་འགན་དབང་དང་འབྲེལ་བ་ཡོད་སྟབས་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར། འོན་ཀྱང་བོད་མིའི་འཐབ་རྩོད་ཀྱི་གནས་བབ་དང་གཞིས་ལུས་མི་མང་གི་སྙིང་སྟོབས་དང་སེམས་ཤུགསབཅས་ལ་དོ་ཕོག་མི་འགྲོ་བའི་ཐོག་ནས་གནང་དགོས་པ་ནི་གལ་གནད་ཆེ་བ་དང༌། དེ་བཞིན་དགྲ་བོ་རྒྱ་དམར་སྲིད་གཞུང་པས་འཐབ་བྱུས་ཀྱི་གོ་སྐབས་འཚོལ་རྒྱུའི་གནས་བབ་ནས་ཀྱང་བྲལ་ཏེ་ཐབས་བརྒྱ་བྱུས་སྟོང་གི་སྒོ་ནས་གནང་དགོས་པར་བསམ། ལྷག་པར་དེང་སྐབས་ལས་དོན་དང་འགན་འཁུར་བྱ་རྒྱུའི་ཀུན་སློང་ལས་ལྷག་ཅིག་སོ་སོའི་མིང་དང་དབང་ཆའི་དོན་དུ་བཙན་བྱོལ་བོད་མི་སྤྱིའི་སྒྲིག་འཛུགས་ཆེ་ཁག་གི་ཞབས་སྟེགས་ཐོག་ཕེབས་རྒྱུའི་ཆབ་སྲིད་ཀྱི་ཐབས་ཤེས་བྱ་མཁན་མང་དུ་ཡོང་བཞིན་ཡོད་ལ། དེ་དག་དངོས་སུ་ལས་དོན་ཐོག་ཕེབས་སྐབས་ཉམས་མྱོང་དང་ལྷག་བསམ། ཕྱི་ནང་གི་ཤེས་ཡོན་དང༌། རང་ངོས་ཀྱི་རྣམ་དཔྱོད། ནུས་འཇོན། མཐུན་ལམ་སོགས་འདང་ངེས་ཤིག་མེད་པར་དོན་མེད་ནང་ཁུལ་གྱི་གནད་དོན་ཆུང་ཙག་གི་ཐོག་རྩོད་རྙོག་གིས་འཐོམ་འགྲོ་བའི་སྐབས་ཤིན་ཏུ་མང་། དེའི་རྐྱེན་གྱིས་ལས་དོན་ཐོག་འཐུས་ཤོར་འགྲོ་བཞིན་ཡོད་ལ། ལྷག་པར་འདས་ལོའི་དམིགས་བསལ་ཚོགས་ཆེན་རྗེས་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན་བཞིན་རང་རེའི་འཐབ་རྩོད་ཀྱི་ནུས་པ་དང་འཛིན་སྐྱོང་བཅས་ཀྱི་ལས་དོན་ཐོག་འཐུས་ཤོར་འགྲོ་བཞིན་ཡོད་པས། དེའི་ཐོག་ལ་དགོངས་པ་རྒྱ་ཆེར་བཞེས་དགོས་ཚུལ་གསུངས་གནང་མཛད་པས། བཀའ་ཁྲིའི་འོས་གཞི་འདོན་མཁན་རང་ངོས་ནས་དོན་དངོས་ཐོག་ཡིད་ཆས་པའི་འོས་མིག་ཚད་ལྡན་མི་སྣ་གཅིག་རང་འདོན་ཐབས་གནང་དགོས་ལ། གལ་སྲིད་འོས་མིག་འདོན་མཁན་རང་ཉིད་ལ་རྒྱབ་སྐྱོར་བྱ་ཡུལ་གྱི་འོས་གཞི་མི་སྣའི་རྣམ་གྲངས་མང་བ་དང་ཐེ་ཚོམ་ཡོད་ཚེ། འོས་གཞིའི་རྣམ་གྲངས་དེས་མི་མང་ལ་ཕན་ཐོགས་པ་ལས་མགོ་བོ་རྨོངས་རྒྱུ་དང་ཐེ་ཚོམ་སྐྱེ་ཡུལ་ཞིག་དུ་སྣང༌། ལྷག་པར་བཀའ་ཁྲིའི་ལས་རོགས་འདེམས་རྒྱུའི་འགན་དབང་དེ་བཀའ་ཁྲི་ཁོ་ནར་ཡོད་ལ། འབྲེལ་ཡོད་བཀའ་ཁྲི་མཆོག་ནས་ལས་རོགས་ཀྱི་མཚན་རྣམས་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས་གྲོས་ཚོགས་ནས་སྤྱི་མོས་སམ་མང་མོས་ཀྱི་རྒྱབ་སྐྱོར་ཐོག་ནས་འོས་འདེམས་གནང་རྒྱུའི་ཁྲིམས་ལུགས་ཐོག་ཕེབས་དགོས་པ་ཞིག་ཡིན་པས། བཀའ་ཁྲིའི་འོས་གཞི་འཚོལ་སྐབས་བཀའ་ཁྲིའི་ལས་རོགས་ཀྱི་འོས་གཞི་ཡང་ཡོངས་ཁྱབ་ཐོག་བཏོན་རུང་ཕན་ཐོགས་མེད། འོན་ཀྱང་བཀའ་ཁྲི་འོས་འདེམས་གྲུབ་རྗེས་འབྲེལ་ཡོད་བཀའ་ཁྲི་མཆོག་ལ་འོས་གཞིའི་ས་བོན་ལྟ་བུར་ལོ་རྒྱུས་དང་བཅས་པ་འབུལ་ཐུབ་ཚེ་ཕན་ཐོགས་ཆེ་བ་ཡོང་སྲིད། ཡིན་ནའང་བཀའ་ཁྲི་མཆོག་ནས་དེ་དག་འདེམས་དང་མི་འདེམས་ཀྱི་འགན་དབང་ཆ་ཚང་ཁོང་ལ་ཡོད་སྟབས་དེ་ལ་གནོན་ཤུགས་འགྲོ་ས་མེད་ལ། ལྷག་པར་འོས་གཞི་སྣ་ཚོགས་ཤིག་འདོན་པའི་རྐྱེན་གྱིས་སྤྱི་ཚོགས་ནང་དགོས་མེད་ཀྱི་དུམ་བུར་འགྲོ་རྒྱུ་དང་ཕན་མེད་བསམ་ཚུལ་སྣ་ཚོགས་སུ་འགྱུར་བས། ད་ཕན་བཀའ་ཁྲིའི་འོས་གཞིར་བཏོན་པ་རྣམས་ཀྱིས་ཀྱང་དེ་དང་འདི་ཡིན་གྱི་རྣམ་འགྱུར་ཞིག་འདོན་དགོས་ཤིང་། ཚོར་མེད་ལྟ་བུར་བཞུགས་ན་ག་ལ་འགྲིག དངོས་སུ་འོས་གཞིའི་ནང་ཞུགས་མཁན་རྣམས་ཀྱིས་རང་ངོས་ཀྱི་འཇོན་ནུས་ཀྱི་སྲིད་བྱུས་ཤིག་ཀྱང་བསྒྲགས་དགོས་པ་ནི་ཆབ་སྲིད་པ་དང་འོས་གཞིའི་ལས་འགན་ཡང་ཡིན། དེ་མིན་ཚོར་སྣང་མེད་པར་བཞུགས་ན་འོས་གཞི་འདོན་མཁན་རྣམས་ཀྱི་རེ་བའང་ག་ནས་འགྲུབ། ལྷག་པར་འོས་གཞི་འདོན་མཁན་རྣམས་ནས་ཀྱང་མིང་འདོན་ཐུབ་པ་ཙམ་མིན་པར་དེ་དག་གི་རྒྱབ་ལྗོངས་ལོ་རྒྱུས་དང་འཇོན་ནུས་ཀྱི་སྲིད་བྱུས་སོགས་ཀྱི་གནད་དོན་ཡང་འདོན་ཐུབ་ན་དགེ་ཕན་ཆེ་ལ། འབྱུང་འགྱུར་གྱི་བཀའ་ཁྲིའི་ལས་འགན་གཙོ་བོ་ནི་བོད་མིའི་འཐབ་རྩོད་ཀྱི་གནས་སྟངས་ཀྱིས་མཚོན་པའི་ཆབ་སྲིད་ཀྱི་ལས་དོན་ཁག་དང༌། ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལ་དོན་དངོས་ཀྱི་འགན་ཁུར་བའི་ཐོག་ནས་བསྒྲུབ་ཐུབ་མཁན་ཞིག་དང༌། དེ་བཞིན་བོད་མིའི་འཐབ་རྩོད་ཀྱི་གནས་སྟངས་ཕྱི་ནང་གཉིས་སུ་བདེན་དོན་ཐོག་འགྲེལ་བརྗོད་གནང་ཐུབ་པའི་ཉམས་མྱོང་དང་། ཕྱི་ནང་གི་ཤེས་ཡོན་དེ་བཞིན་རང་ངོས་ཀྱི་ནུས་འཇོན་དང་རྣམ་དཔྱོད་རིག་རྩལ་གྱི་སྒོ་ནས་འགན་འཁུར་ལེན་ཐུབ་པ། བོད་མིའི་རང་དབང་འཐབ་རྩོད་གཙོ་བོར་འཛིན་པའི་ཐོག་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྤེལ་གསུམ་གྱི་སྲིད་བྱུས་རྣམས་དོན་ཐོག་འཁེལ་མཁན་ཞིག་དགོས། ཡང་ཕྱིའི་སྐད་ཡིག་ཕྲན་བུ་ཤེས་པ་ཙམ་མིན་པར། དེའང་དཔེར་ན་དབྱིན་སྐད་ཐོག་བརྗོད་དོན་དུ། not only available. But, capable ཞབས་སྟེགས་ཐོག་ངོ་བོ་ཙམ་གྱི་ཡོད་པ་ཙམ་མ་ཡིན་པར། དོན་ལ་འཇོན་པོ་དང་རྣམ་དཔྱོད་ལྡན་པའི་གང་ཟག་ཞིག་འདེམས་དགོས་པར་གསུངས། དེ་མིན་ལས་དོན་མི་སྒྲུབ་པར་གནས་སྟངས་གསལ་བཤད་དང་འགྲེལ་བརྗོད་བྱེད་པ་ཙམ་གྱིས་འཐབ་རྩོད་དང་མི་མང་སྤྱིའི་བདེ་དོན་ལ་མི་ཕན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་གནང་དོན་ལྟར། འདས་པའི་མི་ལོ་ལྔ་བཅུའི་ནང་ནས་ཕྱི་ལོ་ ༡༩༥༩ ནས་ཕྱི་ལོ་ ༡༩༨༠ བར་དོན་དངོས་ཀྱི་ལས་དོན་མང་དག་ཅིག་གནང་ཐུབ་ཡོད། ཡིནའང་ཕྱི་ལོ་ ༡༩༩༠ ནས་འདས་པའི་མི་ལོ་སུམ་ཅུའི་རིང་དོན་དངོས་ལས་དོན་ཐོག་ཕེབས་པ་ལས་གསལ་བཤད་དང་གཏམ་བཤད་གཉིས་ཀྱི་ཐོག་དུས་ཚོད་མང་བ་ཞིག་ཕྱིན་པའི་རྐྱེན་གྱིས་ལས་དོན་ཐོག་འཐུས་ཤོར་དང་ཚགས་ཚུད་མ་བྱུང་བ་ཞིག་མངོན་པས། དེས་ན་མི་དམངས་ནས་དོན་དངོས་ལས་དོན་ཐོག་ཕེབས་ཐུབ་མཁན་ཞིག་འོས་འདེམས་ཡོང་ཐབས་ཀྱི་བསམ་ཞིབ་ད་ལྟ་ནས་གནང་གལ་ཆེ་བར་ཞུ་རྒྱུ།
http://www.voanews.com/tibetan/video.cfm
སྤུན་ཟླ་ཚོ་འདི་ལ་ཅིག་གཟིགས་རོགས་ཞུ།
ཨཅརྱ་ཡེ་ཕན་ལགས་ཀྱི་དགོངས་ཚལ་ལ་མོས་མཐུན་དང་འབྲེལ།
བཀའ་བློན་ཁྲི་པའི་འོས་གཞི་འཚོལ་ཐབས།
རང་རེ་རྣམས་བཙན་བྱོལ་བ་ཞིག་ཡིན་པའི་སྟེང་ལ་ཆབ་སྲིད་ཚོགས་པའི་འགྲན་རྩོད་མེད་པའི་རྨང་གཞིའི་ཐོག་ནས་བཀའ་བློ་ཁྲི་པ་འཚོལ་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་བཤད་མ་དགོས་ཏེ། དངས་བླང་གི་འོས་གཞིར་ཞུགས་མཁན་ནི་མེད། འོས་འཕེན་མཁན་ཚོའི་ངོས་ནས་འོས་གཞིར་བཏོན་པའི་མི་སྣ་སུ་ལ་འབྱུང་འགྱུར་ལས་འཆར་གང་དང་གང་ཡོད། ལས་འཆར་གང་དང་གང་བཟང་གི་དཔྱད་བསྡུར་གྱི་འགྲོ་ལམ་མེད་པར་བརྟེན། འདས་པའི་ལོ་རྒྱུས་ཙམ་གྱི་སྟེང་ནས་འོས་གཞི་འདོན་རྒྱུ་ལས་ཐབས་གཞན་མེད། དེས་ན་འདས་པའི་ལོ་རྒྱུས་གཞིར་བཞག་གིས་འོས་གཞིར་བཏོན་པའི་མི་སྣ་འདི་དག་ལ་དོན་དངོས་ཆ་རྐྱེན་གང་དང་གང་ཚང་ཡོད་མེད་དང། འབྱུང་འགྱུར་ལས་འཆར་གང་དང་གང་ཡོད་མེད་སོགས་རྒྱ་ཆེའི་མང་ཚོགས་ནས་ཤེས་གལ་ཧ་ཅང་ཆེ་བར་སོང། དེང་བར་འོས་གཞིར་སླེབས་མཁན་རྣམས་ལ་ཕྱོགས་བསྡོམས་ཀྱིས་མང་ཤོས་རྣམས་ལ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ལས་འཆར་ཅི་ཡོད་སྐོར་ལ་འདྲི་རྩད་བྱེད་སའི་གླེང་སྟེགས་གསར་བ་ཞིག་གསར་ཁང་ཁག་ནས་བསྐྲུན་གལ་ཆེ་བར་མཐོང། ཐུགས་རྗེ་ཆེ།
ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱི་བསམ་ཚུལ་འདི་ལ་ཉན་རྒྱུ་འདུག
༡། མི་གཅིག་གིས་བཀའ་ཁྲིའི་འོས་གཞི་ ༡༠ འདྲེན་པ་ལྟ་བུ་ནི་དགོས་མེད་རེད། སོ་སོར་ཡིད་ཆེས་ཡོད་སའི་འོས་གཞི་གཅིག་རེ་བཏོན་ན་འགྲིག་གི་རེད། ད་ལྟའི་འོས་གཞི་འདོན་སྟངས་འདི་ནི་སྔོན་མ་ཆོལ་ཁ་སོ་སོ་ནས་སྤྱི་འཐུས་ཀྱི་འོས་གཞི་འདོན་སྟངས་འདྲ་བོ་འདུག འོས་གཞིའི་མིང་གཞུང་རེ་ཁྱེར་ཡོང་གི་རེད། བཀའ་ཁྲི་གཅིག་མ་གཏོགས་མི་དགོས་སྟབས་སོ་སོའི་མིང་གཞུང་ནང་གི་རྩེ་བཏོགས་དེ་འོས་གཞིར་བཏོན་ན་ལེགས་པར་འདོད།
༢། བཀའ་ཁྲིའི་ཕྱག་རོགས་རྣམས་ནི་ད་ལྟའི་ཆར་འབྲེལ་བ་མེད་པའི་དོན་དག་ཅིག་རེད། བཀའ་ཁྲི་གཏན་འཁེལ་བའི་ཕྱི་ཉིན་ཁོང་རང་ཉིད་ཀྱིས་འོས་འདོན་གི་རེད། ཡིན་ཡང་། ཁོང་གི་འོས་གཞི་མ་བསླེབས་པའི་སྔོན་ལ་གླེང་སློང་བྱ་ཆོག་གི་རེད།
༣། ད་བར་དུ་འོས་གཞིའི་ཁྲོད་ཕེབས་མཁན་འོས་མི་གྲགས་ཅན་དག་གིས་ཀྱང་གསུན་འབྱོན་པའི་དུས་ལ་བསླེབས་ཟིན་པའམ། བསླེབ་ན་ཉེ་སྟབས། མང་ཚོགས་ཀྱི་བསམ་ཚུལ་ལ་བརྩི་བཀུར་དང་བཅས་རང་རང་གི་དགོངས་ཚུལ་གསུང་རྒྱུ་གལ་ཆེན་པོ་རེད།
ད་ལྟའི་ཆར་མངོན་སུམ་དུ་གྱུར་བའི་འོས་གཞི་གཅིག་ནི་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རེད། ཁོང་གིས་ཉེ་ཆར་ཀུན་གླེང་ལེ་ཚན་དུ་ཁོང་གི་ལངས་ཕྱོགས་དང་བཀའ་ཁྲིའི་འོས་གཞིའི་ཁོངས་སུ་ཞུགས་རྒྱུ་ཡིན་མིན་ཐད་ཞལ་གསལ་བོའི་ཐོག་ནས་དགོངས་ཚུལ་གསུངས་སོང་།
ངའི་གནས་ཚང་རྙིང་པས་ཡང་བསྐྱར་འདིར་གསལ་བོ་མ་ཆགས་པའི་བརྗོད་གཞི་རྙིང་པ་ཞིག་གླེང་གི་འདུག ཨ་ཕ་ལོ་ལོ་ད་མ་འོངས་པའི་བཀའ་ཁྲི་སྐོར་ལ་གླེང་རོགས། གནས་མོ་ཁྱེད་རང་རིག་པ་རྒོད་པས་གཞན་གྱིས་མ་དྲན་པ་དེ་འདྲ་གསུངས་པའི་རེ་བ་དང་ཡིད་ཆེས་ང་ལ་ཡོད།
ལི་ཐང་བ་འདི་དངོས་གནས་བཤད་ཕོད་པ་དང་སྒྲུབ་ཕོད་པ་ཞིག་རེད་འདུག རྒྱལ་བ་རིན་པོ་ཆེའི་འོག་ལ་ཟམ་གདོང་རིན་པོ་ཆེ་མ་གཏོགས་མི་འདུག་ཅེས་སྐུ་ངོ་ཡེ་ཕུན་ལ་རྒྱབ་སྐྱོར་ཀྱི་ཚུལ་དུ་གསུངས་ན་ཅུང་ཐལ་དྲགས་པ་མ་ཡིན་ནམ།
ལི་ཐང་བཤད་སྒྲུབ་ལགས་ཀྱིས་ཆབ་སྲིད་ལ་དོ་སྣང་བྱས་པར་དགའ་བསུ་ཡོད་མོད། བསམ་ཚུལ་བྲིས་པའི་ཚིག་གྲུབ་ཐུང་ཐུང་དེའི་ནང་དུ་ཡིག་ནོར་བཅུ་ལས་བརྒལ་བ་དང༌། དེའི་ཁར་ཚིག་སྦྱོར་ནི་སེའུ་བཅུ་བའི་བྱིས་པ་ཞིག་གི་ལབ་བརྡོལ་ལས་སྐྱོ་བ་འདུག འདི་ནི་རིག་གནས་ཤིག་ཡིན། རིག་པའི་གནས་འདི་ལ་དེ་འདྲའི་ཁྱད་གསོད་བྱས་ན་ཅི་ཡང་མི་ཡོང༌། གལ་སྲིད་སྐུ་ཉིད་ལ་དོ་སྣང་ཡོད་ན་རིག་པ་ཅུང་ཙམ་སྒྲིམ་རྒྱུ་ལོས་ཡོད། ཐ་ན་མཁས་དབང་ཟམ་གདོང་རིན་པོ་ཆེའི་མཚན་ཡང་ཡིག་ནོར་བྲིས་འདུག དེ་འདྲའི་ཆབ་སྲིད་པ་དང་ཆོས་པ་ཞིག་ཀྱང་ཡོད་དམ། འདི་ནི་དངོས་གནས་ཞབས་འདྲེན་རང་རེད། ཁྱོད་རང་ཁོང་ཁྲོ་ཟ་སྲིད། དེ་འགྲིག་གི་རེད། དངོས་གནས་བཤད་ན་རང་ཉིད་ཀྱི་སྟེང་ལ་ཁོང་ཁྲོ་ཟ་དགོས་པ་འདྲ། དེ་ཨེ་རེད། ངས་དེ་རིང་ཁྱོད་རང་ཐེར་འདོན་བྱས་པ་འདི་ཁྱོད་ཀྱི་སློབ་གསོ་ཞིག་ཏུ་འགྱུར་བའི་རེ་བ་ཡོད།
བོད་འདི་ངོ་མ་ལས་ངན་རེད། གདོད་མའི་སྐབས་སུ་གཉའ་ཁྲི་ལས་མི་འདུག་ཅེས་སྐད་ག་ཚོད་བརྒྱབ་པ་སུས་ཤེས། དེ་ནས་སྲོང་བཙན་ལས་མི་འདུག་ཅེས་ཡང་སྐད་བརྒྱབ་པ་རེད་ལ། དེ་ག་ནང་བཞིན་ས་པཎ། བྱང་ཆུབ་རྒྱལ་མཚན། གཙང་བ་རྒྱལ་བོ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་སོགས་རིམ་བཞིན་མེད་པའི་རྗེས་སུ་བོད་ཚར་ཟིན་པ་རེད་ཅེས་སྐད་ཞེ་དྲག་བརྒྱབ་འདུག ད་ཡིན་ན། ཟམ་གདོང་བླ་མ་མེད་ན་བོད་ཚར་འདུག་ལབ་ཀྱི་ཡོད་མོད། དོན་ལ་ཟམ་གདོང་བླ་མས་དབང་ཆ་ལག་པར་ཡོད་ཐོག་བེད་སྤྱོད་ཀྱིས་བོད་དེ་བཞིན་ས་གནས་གཞུང་ཞིག་ཡིན་ཞེས་རྒྱ་མི་ཚོར་ལབ་པའི་ཁར། ཤོག་བུ་དཀར་པོ་དང་ཡི་གེ་ནག་པོར་ཕབ་འདུག་པས། ད་ཡིན་ན་མ་འོངས་བཀའ་ཁྲི་ལས་མེད་ཆགས་ཉེན་ལ་ཐུག་མི་འདུག་གམ། མཁས་དབང་ཚོ།
སྐུ་འོས་སྤྱི་མཐུས་མཆོག་གི་གསུངས་པ་རྒྱུ་མཚན་འདུག་་དངོས་གནས་བྱེད་ན་ང་འཚོའི་སྤྱི་ཚོགས་ནང་མཁས་དབང་ཟང་འདོང་རིན་པོ་ཆེ་ནང་བཞིན་ཤེས་འགྱོན་གང་གི་ཆ་ནས་མེད་ཟེར་བ་བདེན་ན་ཡང་དུས་དང་སྤྱི་ཚོགས་ནང་འཚམས་པའི་བཀའ་ཁྲི་ཞིག་ཡོད་མེད་ལ་དོགས་པ་མི་དགོས་སྙམ་་འོན་ཀྱང་མི་དེ་སུ་ཞིག་འོས་བབ་དང་འཚམས་མིན་དེ་དོན་གནད་ཞིག་རེད་ལ་དྲ་གྲོགས་ཡོངས་ནས་བཀའ་ཁྲི་འོས་ཚམས་ལྡན་པའི་མི་ཞིག་ངོ་སྤྲོད་གནང་ན་ཅི་འདྲ་འདུག་
ཨཅརྱའི་མིང་ཆེན་པོ་དེའི་ཁྲོད་ནས་རྩོམ་ཡིག་བརྒྱ་ཆའི་གོར་ཐིག་རེད།