རྒྱ་ནག་གིས་བདུན་ཕྲག་འདིའི་ནང་དུ་ཞིན་ཅང་གི་མི་ ༢༠༠ ལྷག་ལ་ཁྲིམས་བཤེར་བྱ་རྒྱུ་ཡིན་ཟེར།
རྒྱ་ནག་ཉིན་རེའི་གསར་ཤོག་གིས་ཕྱི་ཚེས་ ༢༣ ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་ཞིན་ཅང་གི་ཟིང་འཁྲུག་སྐབས་འཇུས་པའི་མི་ ༢༠༠ ལྷག་ལ་བདུན་ཕྲག་འདིའི་ནང་དུ་ཁྲིམས་བཤེར་བྱ་རྒྱུ་ཡིན་ཚུལ་བཀོད་འདུག མིང་འདོན་འདོད་མེད་མཁན་གྱི་བདེ་སྲུང་མི་སྣ་ཞིག་གིས་བཤད་དོན། ཁྲིམས་བཤེར་དེ་ནི་ཞིན་ཅང་གི་རྒྱལ་ས་ཝུ་རུ་མུ་ཆིའི་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་བྱ་རྒྱུ་ཡིན་པ་དང་། ཁྲིམས་བཤེར་གྱི་དུས་ཡུན་རིང་འདིར་ཟིང་ཆ་མི་ཡོང་ཆེད་ཉེན་རྟོག་མི་སྣ་འཕར་སྣོན་གྱིས་བདེ་འཇགས་ལ་དོ་སྣང་བྱས་ཡོད་ཚུལ་བརྗོད་འདུག
ཁྲིམས་བཤེར་འདིའི་ནང་དུ་སྤྱི་པའི་རྒྱུ་དངོས་གཏོར་བརླག་ལ་གཏོང་མཁན་དང་། གཞན་ལ་རྨས་སྐྱོན་གཏོང་མཁན། མི་གསོད། མེར་བསྲེག འཕྲོག་བཅོམ་སོགས་ཚུལ་ཡོད་པར་བཤད། རྟོག་ཞིབ་པ་དག་གིས་ནག་ཉེས་འདི་དག་ཁུངས་སྐྱེལ་གྱི་ཆེད་དུ་བརྙན་པར་དང་། པར། ཁྲག་འགོས་པའི་མཚོན་ཆ་སོགས་ཁུངས་སྐྱེལ་གྱི་རྒྱུ་ཆ་ ༣༣༠༠ གྲ་སྒྲིག་བྱས་ཡོད་པར་བཤད། རྒྱ་ནག་ཉིན་རེའི་ཚགས་པར་གྱིས་བཤད་པ་ལྟར་ན། ཁྲིམས་བཤེར་སྐབས་ཁྲིམས་རྩོད་པ་ ༢༩༠ ཡོད་ལ་དེ་དག་གི་གྲས་ནས་ཁྲིམས་རྩོད་པ་ ༢༠ ནི་ཡུ་གུར་གྱི་མི་རིགས་ཡིན་ཟེར།
རྒྱལ་སྤྱིའི་ཁྲིམས་ཁང་ཁག་གི་འགྲོ་ལུགས་ལྟར་ན། དོགས་ཡོད་ཉེས་ཅན་པ་སོགས་ཁྲིམས་ཐག་མ་བཅད་པའི་སྔ་རོལ་ཏུ། ཁྲིམས་ར་ཚོགས་སྐབས་ཉེས་ཅན་པ་དེའི་ཕ་མ་སྤུན་མཆེད་དང་། གཉེན་ཉེ་དུ་སོགས་ཁྲིམས་རར་འབོད་པ་ཙམ་མ་ཟད། དེའི་ཁྲིམས་རྩོད་པ་ཡང་གདན་དྲངས་ཆོག་པ་ཞིག་རེད། འོན་ཀྱང་བོད་དུ་མི་རིགས་ཀྱི་བདེན་དོན་ཆེད་དུ་བཙོན་འཇུག་བྱས་པའི་རེིགས་ལ་དེ་འདྲའི་ཁྲིམས་ལུགས་ལག་ལེན་བསྟར་བའི་གང་ཟག་གཅིག་ཀྱང་བྱུང་མེད་ཅེས་ཁ་ཚོན་གཅོད་ཐུབ།
འདིས་ཅི་ཞིག་བསྟན་གྱི་ཡོད་དམ།།
རྒྱའི་སྲིད་གཞུང་གིས་གཏམ་བཟང་ངན་གང་ཞིག་གིས་ཀྱང་མི་རིགས་ཀྱི་དྲང་བདེན་གྱི་འཐབ་མོ་བ་དག་གི་རྒྱ་བོད་སོག་གསུམ་གང་ཡིན་ཡང་ཐར་ས་མེད་པ་དེ་ཤེས་ཀྱི་ཡོད། དེ་མིན་ཁྲིམས་བཤེར་ཟེར་བ་ནི་མིང་ཙམ་ཞིག་ལ་ཁ་བཏགས་པ་ལས་མེད་དོ།