ཁ་སིང་བོད་གཞུང་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། ད་ལོའི་ལོ་མགོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྔར་ལོའི་ཞི་རྒོལ་སྔ་རྗེས་ནང་ཞུགས་མྱོང་མཁན། སྟག་རྕེ་རྫོང་ཁོངས་ཀྱི་བོད་རིགས་གཞོན་སྐྱེས་ ༤ ལ་རིམ་པ་མི་འདྲ་བའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། ད་ལྟ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བསྒྱུར་བཀོད་བྱ་བར་བཏང་ཡོད་ཚུལ་བཀོད་འདུག
ཁྲིམས་ཐག་བཅད་པའི་བཙོན་པ་དག་ནི། ལྷ་ས་སྟག་རྩེ་རྫོང་བདེ་ཆེན་ཞིང་། རུ་ཁག་བཞི་བ་ནས་ཡིན་ཞིང་། ད་ལོ་རང་ལོ་ ༢༦ ཡིན་པའི་བློ་བཟང་དབང་ཕྱུག་ལགས་ལ་ལོ་ ༡༥ དང་། ཁོང་གི་གཅུང་པོ་རང་ལོ་ ༢༣ ཡིན་པའི་ཚུལ་ཁྲིམས་ལགས་སུ་ལོ་ ༢ ། རང་ལོ་ ༢༤ ཡིན་པའི་ཆོས་འཕེལ་ལགས་སུ་ལོ་ ༢ དང་ཕྱེད་ཀ རང་ལོ་ ༢༢ ཡིན་པའི་ལྷག་པ་ཚེ་རིང་ལགས་སུ་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག