རྒྱ་ནག་དམར་ཤོག་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་རྒན་དྲུག་ཅུ་འཁོར་བའི་སྐབས་འདི་དང་བསྟུན་སླར་ཡང་རྒྱ་ནག་ལ་ལྟ་མཁན་དག་གིས་ད་ལྟའི་གནས་བབ་དང་མ་འོངས་པའི་འགྱུར་རིམ་བཅས་ཀྱི་ཕྱོགས་ལ་ལྟ་གིན་ཡོད་ལ། འདི་གའི་གསར་ཁང་གིས་ཕྱི་ཚེས་ ༢༩ ཉིན་བོད་མི་མང་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་དང་བོད་གནས་ཉམས་ཞིབ་པ་ཨ་ཚོགས་ཀླུ་མཁར་བྱམས་གཉིས་ལ་རྒྱ་ནག་གི་རྒྱལ་བཙུགས་དུས་ཆེན་ཐེངས་ ༦༠ པ་ལས་འཕྲོས་པའི་བསམ་ཚུལ་འགའ་དྲིས་པ་ཡིན།
དེ་ཡང་ཐོག་མའི་དྲི་བའི་ཚུལ་དུ། རྒྱ་གཞུང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་དབང་བཙུགས་ནས་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་ཀྱིན་པ་འདིར་ནམ་རྒྱུན་དང་མ་འདྲ་བའི་ཁྱད་ཆོས་དང༌། དེའི་དོན་སྙིང་སྐོར་ལ་བསམ་ཚུལ་རེ་བརྗོད་རོགས་ཞུས་པར་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་དོན། སྤྱིར་རྒྱ་ནག་གཞུང་གིས་ལོ་ལྔ་བཅུ་དང་དྲུག་ཅུ་གང་ཡིན་ཡང་དུས་དྲན་དྲ་རྒྱས་པོ་བཟོ་བ་དེ་ལུགས་སྲོལ་ལྟ་བུ་ཞིག་ཆགས་འདུག ཡིན་ནའང་། ད་ལོ་ལོ་དྲུག་ཅུ་འཁོར་བའི་དུས་སྟོན་ལ་དམིགས་བསལ་གྱི་གྲ་རྒྱས་པོ་དང་གཟབ་རྒྱས་ཤིག་འཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་དེ། རྒྱ་ནག་འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ནའང། ཁོང་ཚོའི་དཔལ་འབྱོར་གྱི་ཁེ་ཕན་མང་ཆེ་བ་དེ་རྒྱ་ནག་གི་དཔོན་རིགས་ཚོའི་བུ་རྒྱུད་ལ་ཐོབ་པ་དང། མི་སེར་དཀྱུས་མ་ཚོས་གཞུང་ལ་ངོ་རྒོལ་དང་མ་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་གྱི་ཡོད་སྟབས། མི་སེར་དཀྱུས་མ་ཚོའི་དོ་སྣང་བྱ་ཡུལ་ཁ་ལོ་བསྒྱུར་ཆེད། རྒྱལ་སྟོན་དུས་ཆེན་གྲ་རྒྱས་པོ་དེ་འདྲ་ཞིག་ཚོགས་ཀྱིན་ཡོད་པ་རེད། སྔོན་མ་དང་མི་འདྲ་བར་ད་ལོའི་དུས་སྟོན་ཐོག་རྒྱ་ནག་དཔུང་དམག་གི་སྔོན་ཐོན་གོ་ལག་ཕོན་ཆེ་ཞིག་གཟིགས་སྟོན་བྱེད་རྒྱུ་དེ་གཅིག་ནས་རྒྱལ་སྤྱིར་དཔུང་དམག་གི་ངར་ཟིལ་དང། སྟོབས་ཆེན་རྒྱལ་ཁབ་ངོམས་རྒྱུ་དང། ཕྱོགས་གཞན་ཞིག་ནི་སོ་སོའི་མི་མང་ལ་སོ་སོའི་རྒྱལ་ཁབ་ཡར་རྒྱས་འགྲོ་བཞིན་པའི་རྣམ་པ་བསྟན་ཏེ་གུང་ཁྲན་ཏང་ལ་ཡིད་ཆེས་དང་བློ་གཏད་ཡོང་ཐབས་ཆེད་དུ་རེད། འོན་ཀྱང་ཟླ་བ་གཉིས་ཙམ་རིང་དུས་སྟོན་གྲ་སྒྲིག་ཆེད་རྒྱ་ནག་ཡར་རྒྱས་འགྲོ་བའི་འགྲེམས་སྟོན་སྣ་མང་དང། གྲངས་ཉུང་མི་རིགས་བར་འཆམ་མཐུན་ཡར་རྒྱས་འགྲོ་ལུགས་ཀྱི་འགྲེམ་སྟོན། ས་ཁུལ་གང་སར་དམག་ཁྲིམས་བསྡམས་པ་ལྟ་བུའི་དམ་དྲག་བྱེད་བཞིན་པ་དེས་ཕྱིར་ཞི་གནས་དུས་བདེའི་དུས་སྟོན་གྱི་རྣམ་པ་སྟོན་ཐབས་བྱས་ཀྱང། དོན་དངོས་སུ་མང་ཚོགས་ལ་མྱ་ངན་གྱི་དུས་ཚོད་ཡིན་པའི་ཚོར་བ་སྟེར་ཡོད། ཅེས་ཟེར་ལ། བོད་གནས་ཉམས་ཞིབ་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བཤད་དོན། དེང་སྐབས་རྒྱ་ནག་གཞུང་དེ་བཞིན་དཔལ་འབྱོར་ཐད་ནས་ཕྱི་ལ་སྒོ་ཕྱེ་ཡོད་པ་དང༌། ཆབ་སྲིད་ཐད་ནས་ནང་ཁུལ་སྒོ་བརྒྱག་གམ་དམ་དྲག་གི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱིན་པས་ན། ལོ་༦༠ འཁོར་བའི་དུས་དྲན་དེའི་ནང་མ་ཡིན་ཡིན་མདོག་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་བྱེད་སྒོ་ཁག་ཕུད། ནང་ཁུལ་དུ་དམ་དྲག་བྱ་རྒྱུ་ཡིན་པ་བཤད་མ་དགོས་ཤིང༌། ཁ་སྔོན་ནས་ས་གནས་སོ་སོར་དམ་དྲག་ཤུགས་ཆེན་བྱས་རྐྱེན། པེ་ཅིན་གྲོང་ཁྱེར་གྱི་ཡུལ་མི་རྣམས་སྐད་ཤོར་འདུག་ལ། བོད་ནང་དུའང་དུས་དྲན་སྐབས་ཕྱི་གླིང་བ་འགྲོ་མི་ཆོག་པའི་བཀག་རྒྱ་ཡོད་ས་རེད། རྒྱ་གཞུང་ལ་མཚོན་ན་མང་ཚོགས་ཀྱིས་ངོ་རྒལ་བྱ་མིན་དང༌། དེ་ལ་འབབ་པའི་འགྲོ་གྲོན་ག་ཚོད་དགོས་མིན་ལ་མ་བལྟས་པར། དུས་དྲན་འདི་ཚུགས་དགོས་པ་གལ་ཆེན་པོ་ཆགས་པ་རེད། རྒྱུ་མཚན་དམར་ཤོག་ཚོགས་པས་ ༤༩ ལོར་གོ་མིན་ཏང་ལག་ནས་དབང་ཆ་འཕྲོག་པའི་ཉིན་མོ་དེར་རྒྱལ་བཙུགས་དུས་ཆེན་ཞེས་བཏགས་ཡོད་ལ། ཁོ་པ་ཚོས་ད་ཆ་དུས་དྲན་དེ་སྲུང་གཙི་བྱེད་མ་ཐུབ་པ་ཡིན་ན། མའོ་དང༌། ཀྲུའུ། ཏིན་སོགས་མེས་པོ་དེ་ཚོར་རྒྱལ་བཙུགས་མེས་པོའི་མཚན་གནས་ཡོད་པ་བརླག་རྒྱུ་མ་ཟད། ད་དུང་ཚོགས་པའི་སྲིད་དབང་ཁྲིམས་མཐུན་མིན་པའི་གོ་དོན་ལ་འགྱུར་འགྲོ་བར་བརྟེན། རྒྱ་གཞུང་གིས་ལོ་ལྟར་ཉིན་མོ་འདིར་ཁྲ་ཁྲ་ཟང་ཟིང་བྱས་བསྡད་པ་རེད། ངོ་མ་བཤད་ན། རྒྱ་ནག་གི་ལོ་རྒྱུས་འཕེལ་རིམ་དང༌། དེང་གི་དམངས་གཙོའི་ལུང་པའི་འགྲོ་སྟངས་ལ། རྒྱ་དམར་པོས་རྒྱ་གོ་མིན་ཏང་ལག་ནས་དབང་ཆ་འཕྲོག་པ་ནི་རྒྱལ་ནང་གི་ཚོགས་ཁག་གཅིག་གིས་གཅིག་ལ་སྲིད་དབང་རྩིས་སྤྲོད་བྱས་པའམ། ཡང་ན་ཤོག་པ་ཙམ་ཞིག་རེད་མ་གཏོག དེར་རྒྱལ་ཁབ་བཙུགས་པ་ཟེར་བའི་དོན་སྙིང་ངམ་རིན་ཐང་ཡོད་པ་མ་རེད་ཟེར།
ཡང་། རྒྱ་ནག་གི་ཆབ་སྲིད་ཀྱི་དཀའ་ངལ་ཆེ་ཤས་ཚོགས་ཁག་གཅིག་གིས་སྲིད་དབང་སྒེར་གཅོད་བྱེད་ཀྱིན་པ་དེ་ཡིན་སྟབས། འབྱུང་འགྱུར་དཀའ་ངལ་འདི་སེལ་སྟངས་ཤིག་གམ། ངོ་བོ་ཅི་འདྲ་ཤིག་ལ་འགྱུར་ས་རེད་ཅེས་དྲིས་པའི་ལན་དུ་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བཤད་དོན། མ་འོངས་རྒྱ་ནག་འགྱུར་བ་ཐེབས་མིན་གྱི་ཐད་ནས། འདས་པའི་མི་ལོ་ ༦༠ རིང་རྒྱ་ནག་དེ་ཚོགས་པ་གཅིག་གིས་བཟུང་བསྡད་པ་རེད། མི་ལོ་དེ་དག་རིང་རྒྱ་ནག་དམར་པོའི་གཞུང་ལ་འགྱུར་བ་མང་པོ་ཞིག་དང་ཉམས་མྱོང་མང་པོ་ཞིག་བསགས་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གི་ཚོགས་པ་བྱེ་བྲག་པ་གཅིག་གིས། རྒྱལ་ཁབ་གཅིག་གི་དམག་དང་སྲིད། དཔལ་འབྱོར་སོགས་ཡོད་ཚད་འཛིན་པའི་ལམ་ལུགས་དེར་ད་ལྟའི་བར་འགྱུར་བ་བྱུང་ཡོད་པ་མ་རེད། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་ཀྱང། དུས་ཡུན་རིང་པོར་ཚོགས་པ་གཅིག་གི་སྲིད་དབང་སྒེར་སྡོམ་བྱས་པ་དེས། རྒྱལ་ཁབ་ཏུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང། ཆོས་ལུགས་དད་མོས་རང་དབང་སོགས་ལ་འགྱུར་བ་གང་ཡང་ཐེབས་མེད་ལ། དེང་དུས་འཛམ་གླིང་སྤྱིའི་རིན་ཐང་ལྡན་པའི་ཐོབ་ཐང་དང་དབང་ཆ་ཆ་ཚང་བཀག་སྡོམ་བྱས་པའི་སྤྱི་ཚོགས་ཤིག་ཆགས་ཡོད་སྟབས། རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀ་ནས་མ་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་གྱི་ཡོད། དེ་འདྲ་ཡིན་སྟབས། རྒྱ་དམར་གཞུང་ལ་རང་འགུལ་ནས་འགྱུར་བ་གཏོང་རྒྱུའི་མོས་པ་མེད་ཀྱང་ཕྱོགས་མང་པོའི་ཐད་ནས་ད་ལྟའི་གནས་སྟངས་བཞིན་གནས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་ལ། ཕྱི་ནང་གཉིས་ཀས་འགྱུར་འགྲོས་དང་གནོན་ཤུགས་འོག་འགྱུར་བ་མི་འགྲོ་ཀ་མེད་ཆགས་ཡོང་གི་རེད་ཟེར་ལ། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས། ༡༩༤༩ ལོར་རྒྱ་དམར་གཞུང་གིས་སྲིད་དབང་བཟུང་ནས་ད་བར་ལོ་ ༦༠ ཕྱིན་པའི་དུས་རིམ་འདི་དུམ་བུ་གཉིས་སུ་དབྱེ་ན། ༧༩ ལོའི་སྔོན་གྱི་ལོ་ ༣༠ ནང་རྒྱ་ནག་གི་འགལ་བ་ནི་གཙོ་བོ་སྤྱི་ཚོགས་རང་བཞིན་གྱི་འགབ་ཞིག་སྟེ། དཔེར་ན། གྲལ་རིམ་འཐབ་རྩོད་དང༌། རིག་གནས་གསར་རྙིང་འཐབ་རྩོད། དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་དབར་གྱི་འཐབ་རྩོད། ད་དུང་དམར་ཤོག་ནང་ཁུལ་གྱི་གཡས་གཡོན་འཐབ་རྩོད་བཅས་ཡིན་པའི་རྣམ་པ་ཐོན་ཡོད་ལ། ༧༩ ལོའི་ཚུན་གྱི་ལོ་ ༣༠ རིང་དང༌། ཁྱད་པར་དུ ༨༩ ལོའི་དོན་རྐྱེན་རྗེས་ཀྱི་ལོ་ ༢༠ ནང་གི་རྒྱ་ནག་གི་སྤྱི་ཚོགས་འགལ་བ་ནི་ཐད་ཀར་དཔོན་འབངས་བར་གྱི་འགལ་ཟླའི་ངོ་བོར་འཕེལ་ཡོད། སོང་ཙང་དམར་ཤོག་རུ་ཚོགས་ལ་མཚོན་ན་ད་ནི་ཁོ་ཚོའི་སྲིད་དབང་གནས་ཐུབ་མིན་གྱི་འགག་རྩར་ཐུག་ཡོང་དུས། སླར་ཡང་དམར་ཤོག་ཚོགས་པ་དང་མི་སེར་བར་གྱི་འགལ་བ་སྤྱི་ཚོགས་འགལ་བ་དང༌། ཡང་ནུབ་ཕྱོགས་དང་ཀྲུང་གོའི་བར་གྱི་འགལ་བ་ཞིག་ལ་ཁ་བསྒྱུར་གང་ཐུབ་བྱེད་ཀྱིན་ཡོད་པ་ལྟ་བུ་རེད། ཡིན་ནའང༌། དེང་སྐབས་རྒྱ་ནག་གི་ས་ཁུལ་གང་སར་མང་ཚོགས་རང་བཞིན་གྱི་ངོ་རྒོལ་འབྱུང་གི་ཡོད་མོད། དེ་ཙམ་ཀྱིས་རྒྱ་དམར་གཞུང་གི་ལག་ནས་སྲིད་དབང་ལམ་སེང་འཕྲོག་རྒྱུ་ཁག་པོ་རེད། རྒྱུ་མཚན་མང་ཚོགས་ཀྱི་ལས་འགུལ་ཚང་མ་སྒྲིག་འཛུགས་ཅན་དང༌། དམིགས་ཚད་ཅན་གྱི་ལམ་ཁ་ཞིག་ཏུ་བསྐྱོད་ཐུབ་གིན་མེད་ལ། རྒྱ་གཞུང་གིས་ཀྱང་འཕེལ་ཕྱོགས་དེར་དམ་དྲག་བྱེད་ཀྱིན་པ་མཐོང་གསལ་རེད། ཡིན་ནའང༌། དམར་ཤོག་ཚོགས་པ་གནས་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་རང་གིས་རང་ཉིད་མེད་པ་བཟོ་བཞིན་པ་དེ་ཡིན་ལ། དེའི་མངོན་རྟགས་ནི་ཚོགས་པའི་ནང་ཁུལ་ན་ཤོག་ཁག་འདྲ་མིན་གྱི་འཐེན་འཁྱེར་དང༌། དམར་ཚོགས་དང་དམག་དཔུང་བར་འགལ་ཟླ། དཔོན་རའི་ལྐོག་ཟ་རུལ་སུངས་ཚབས་ཆེན་ཡིན་པ་བཅས་རེད་ལ། འདི་ལྟར་བལྟས་ཚེ་དམར་ཚོགས་པའི་སྲིད་དབང་མགོ་རྟིང་སློག་མཁན་ཚོ་རང་ཉིད་ཆགས་རྒྱུ་ཡིན་པ་དང༌། སྤྱི་ཚོགས་ཀྱི་ངོ་རྒོལ་ནི་དེའི་སྣང་ཚུལ་ཙམ་དང༌། ཡང་ན་འགལ་བ་དེ་ལ་རམ་འདེགས་ཙམ་རེད་ཟེར།
དྲི་བ་གསུམ་པ་དེར། ད་ལྟའི་རྒྱ་གཞུང་གི་མགོ་འཁྲིད་ཧུའུ་དང༌། ཝུན་ལྟ་བུ་ལ་དེའི་སྔའི་མའོ་དང༌། ཏིན་ནང་བཞིན་རླབས་ཆེན་གྱི་གསར་བརྗེ་པ་ཟེར་བ་སོགས་སྤྱི་ཚོགས་ནང་ཆེ་མཐོང་མེད་སྟབས། ཁོ་ཚོས་མུ་མཐུད་དབང་ཆ་ནང་ཁུལ་ལག་བརྒྱུད་བྱས་ནས་འགྲོ་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་པར་བརྗོད་མཁན་འདུག་ཚུལ་ཞུས་པར་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། དེང་སང་རྒྱལ་སྤྱིའི་སྟེང་དུ་རྒྱ་ནག་ལ་ཉམས་ཞིབ་པ་ཚོས་དོ་སྣང་བྱ་ཡུལ་གཙོ་བོ་དེ་རྒྱ་དམར་གྱི་མི་རབས་བཞི་པའི་མགོ་གཙོ་ཧུའུ་ཅིན་ཐའོ་ཡི་དབང་ཆ་རྙོག་ཟིང་མེད་པའི་ཐོག་མི་རབས་རྗེས་མར་རྒྱུད་སྤྲོད་ཐུབ་མིན་གྱི་སྐོར་ཆགས་བསྡད་ཡོད། དེར་ཉམས་ཞིབ་དང་ཚོད་སྒམ་གྱི་སྐད་ཆ་མང་པོ་ཡོད།ག་ཚོད་ཙམ་བདེན་མིན་མི་ཤེས།འོན་ཀྱང་གསལ་བོ་མཐོང་ཐུབ་པ་ཞིག་ནི། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་སོགས་སྲིད་འཛིན་རིམ་པའི་དབང་ཆ་བརྒྱུད་སྤྲོད་བྱས་ལུགས་དེ་ད་ཆ་རྒྱ་དམར་གྱི་ལམ་ལུགས་ལྟ་བུ་ཞིག་ཆགས་ཟིན་ཡོད་སྟབས། ངའི་བསམ་ཚུལ་ལ་མ་འོངས་ ༢༠༡༢ ལོའི་དམར་ཤོག་སྐབས་བཅོ་བརྒྱད་པའི་སྐབས་ཞི་ཅེན་ཕིན་སྲིད་འཛིན་དང་།ལི་ཁེ་ཆང་སྲིད་བློན་ཆགས་རྒྱུའི་བང་བསྒྲིགས་ཚར་བ་དེར་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་ཡོད། ཉམས་ཞིབ་པ་མང་པོ་ཞིག་གིས་ད་ཐེངས་དམར་ཤོག་སྐབས་བཅུ་བདུན་པའི་ཚོགས་དུས་བཞི་པའི་སྟེང་སྔར་སྲོལ་བཞིན་ཞི་ཅེན་ཕིན་དབུས་དམག་དོན་ཁང་གི་དམག་སྤྱི་གཞོན་པ་ཆགས་མ་ཐུབ་པ་དེ་རྒྱ་དམར་ནང་ཁུལ་བར་གྱི་དབང་ཆ་རྩོད་རེས་དང། ཧུའུ་ཕྱོགས་ཁག་དང་ཅང་ཕྱོགས་ཁག རྒྱལ་སྲས་ཤོག་ཁག་བཅས་བར་ནང་འཆམ་མ་བྱུང་བའི་རྙོག་དྲ་མང་པོའི་དབང་གིས་སྐབས་བཅོ་བརྒྱད་པའི་སྐབས་སུ་ཞི་རྒྱ་ནག་གི་སྲིད་འཛིན་དུ་འགྱུར་པར་འགོག་རྐྱེན་འཕྲད་ལུགས་བརྗོད་བཞིན་ཡོད་ཀྱང། ད་ལྟའི་དམར་ཤོག་ཚོགས་པ་འདི་བཞིན་གྲུ་གཟིངས་གཅིག་སྟེང་གི་ཇག་ཚོགས་ནང་བཞིན་གྲུ་གཟིངས་རྡིག་ན་ཚང་མ་ཚར་བའི་ཉེན་ཁ་འཕྲད་བཞིན་ཡོད་སྟབས། ཁོ་ཚོ་ཕྱོགས་ཕན་ཚུན་གྱི་ཁེ་དབང་སྲུང་སྐྱོབ་ཆེད་དབང་ཆ་རྩིས་སྤྲོད་བྱ་བར་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་འདུག་ཟེར་ལ། ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས། སྣང་ཚུལ་འདི་གཅིག་རེད། སྤྱིར་ཆབ་སྲིད་ཀྱི་ལྟ་གྲུབ་ལ་དུས་རབས་ཀྱི་ཚད་བཀག་ཡོད་ངེས་པ་མ་ཟད། སྐྱེས་བུ་སྒེར་སོ་སོའི་ཤུགས་རྐྱེན་ལ་དེ་བས་ཡུལ་དུས་ཀྱི་ཚད་བཀག་ཡོད་མོད། ཆབ་སྲིད་ཤོག་ཁའི་ནང་གི་ཁེ་ཕན་ལ་ཡུལ་དུས་ཀྱི་ཚད་བཀག་མེད་སྟབས། དེང་སྐབས་རྒྱ་དམར་གཞུང་གི་དབང་འཛིན་རུ་ཚོགས་ལ་མཚོན་ན། ཧུའུ་དང༌། ཝུན་བར་བྱུས་རྗེས་མེད་ཀྱང་ཕྱོགས་གཏོག་གི་ཁེ་ཕན་སྙོམ་སྒྲིག་བྱ་ཐུབ་ན། ཁེ་ཕན་རིང་ལུགས་ཀྱི་དཔོན་ར་ནས་ཐུན་མོང་གི་ཁེ་བཟང་ཆེད་བཀུར་འདོད་མེད་ཀྱང་བཀུར་ཁུལ་བྱེད་པ་གསལ་བོ་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ད་ནི་རྒྱ་ནག་ཧྲིལ་བོ་ན་ཏང་གི་ཧྲུའུ་ཅུ་དང༌། རྒྱལ་ཁབ་གྱི་ཙུང་ལིའི་ཁ་ངོར་བལྟས་ནས་རང་གི་མིག་སྔའི་ཁེ་ཕན་དང་གོ་སྐབས་བློས་གཏོང་མཁན་གྱི་མི་མེད་ཚོད་ཡིན་ན། དེ་ནི་ཏང་གི་ཕྱི་ལོག་ནས་ཡོང་པའི་སྲིད་འཛིན་དབང་ཆའི་གནོན་ཤུགས་ཚབས་ཆེན་ཤིག་ཆགས་ཡོད་པ་གསལ་བོ་རེད།
དྲི་བ་མཐའ་མ་དེར་ལོ་ངོ་ ༦༠ འདིའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་ལྟ་སྟངས་དང༌། རྒྱ་ནག་གིས་རྒྱལ་སྤྱིའི་གོ་བབ་ལ་འགྱུར་ལྡོག་འགྲོ་བཞིན་པ་འདིར་ལྟ་སྟངས་ག་འདྲ་ཡོད་སྐོར་དྲིས་པར་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། མི་ལོ་ ༦༠ རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ནག་ལ་ལྟ་སྟངས་དེའང་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་རེད། ད་ཐེངས་ལོ་ ༦༠ འཁོར་བའི་དུས་སྟོན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ ༤༩ ནས་ ༧༩ བར་གྱི་མི་ལོ་སུམ་བཅུའི་དུས་ཡུན་ཞིག་དང། ༧༩ ནས་ད་ལྟའི་བར་མི་ལོ་སུམ་བཅུ་བཅས་དུས་ཡུན་ཁག་གཉིས་སུ་བགོས་ཏེ་དབྱེ་ཞིབ་བྱེད་ཀྱི་ཡོད། སྔོན་གྱི་ལོ་༣༠ ནི་རྒྱ་དམར་ལ་རྒྱལ་ཁབ་འཛིན་སྐྱོང་བྱས་པའི་ཉམས་མྱོང་སྤུ་ཙམ་མེད་པ་ནས་ནང་ཁུལ་དབང་ཆ་རྩོད་རེས་དང། ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་སྟེ་མི་འབོར་ས་ཡ་བརྒྱད་བཅུ་ལྷག་དུན་མིན་རྐྱེན་འདས་དང། རྒྱལ་ཁབ་ཀྱི་ཡུལ་མིར་རང་དབང་སྤུ་ཙམ་མེད་ལ་དཔལ་འབྱོར་ཧ་ལམ་སྟོང་ལ་ཉེ་བའི་དུས་མཚམས་ཤིག་ཏུ་སླེབས་པར་རྩིས་ཀྱི་ཡོད། ༧༩ རྗེས་ནས་ད་ལྟའི་བར་གྱི་ཀྱི་མི་ལོ་སུམ་ཅུ་ནི་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་དང་མ་རྩ་ནང་འདྲེན། འཛམ་གླིང་ཚོང་འབྲེལ་ཚོགས་པ་སོགས་སུ་ཞུགས་ཏེ་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤོས་དང།་ དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་རྩིས་ཀྱི་ཡོད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལྟའི་བར་དུ་རྒྱ་ནག་ལ་ལྟ་སྟངས་དེ་ནང་འགལ་ལྟ་བུར་གྱུར་ཡོད་ཅིང། ཁོ་ཚོས་ཕྱོགས་གཅིག་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེའི་ཁྲོམ་རར་བསྟུན་དགོས་པ་དང། ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང། སྨྲ་བརྗོད་རང་དབང་། ཆོས་དད་རང་མོས་བཅས་ལ་བརྡལ་བཤིག་བཏང་བར་སྐྱོན་བརྗོད་ཀྱི་འོས་འགན་ཡང་འཁུར་དགོས་ཀྱི་ཡོད། དུས་ཚོད་མང་བ་ཞིག་ལ་དཔལ་འབྱོར་ཁེ་ཕན་གྱི་ཆེད་དུ་རྒྱ་ནག་ལ་མགོ་སྒུར་དགོས་པ་ཆགས་ཀྱི་ཡོད། འོན་ཀྱང་རྒྱ་ནག་རྒྱལ་ཁབ་དེ་ད་ལྟ་རྒྱལ་སྤྱིའི་སྟེང་དཔལ་འབྱོར་གཅིག་པུ་ཙམ་མིན་པར། དཔུང་དང་སྟོབས་གང་གི་ཐད་ནས་ནུས་ཤུགས་ཆེ་རུ་སྟོན་རྒྱུའི་འབད་རྩོན་བྱེད་ཀྱི་ཡོད་ཟེར་ལ། ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས། ཨུ་རུ་སུ་ཁ་འཐོར་བ་དང༌། ཡོངས་གྲགས་གྲང་དམག་མཇུག་སྒྲིལ་བ་ནས་བཟུང༌། རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆབ་སྲིད་གོ་རིམ་ལ་འགྱུར་བ་ཐེབས་པ་དང༌། ལྟོས་ས་ལྟོས་འཇོག་གིས་བཤད་ན། མཚམས་འདི་ནས་བཟུང་རྒྱ་ནག་ནི་ཨ་རི་དང༌། རྒྱ་གར་ལྟ་བུའི་མི་མངོན་པའི་འཐབ་བྱུས་ཀྱི་ཁ་གཏད་ཆགས་པ་རེད། ད་དུང་དཔལ་འབྱོར་ཆ་ནས་བཤད་ནའང་ད་ལྟའི་ཆར་རྒྱ་ནག་འཛམ་གླིང་གི་རྒྱལ་ཁབ་སྤྱིའི་དཔལ་འབྱོར་སྟོབས་ཤུགས་ཨང་གསུམ་པར་སླེབས་ཡོད་པ་རེད། ཆབས་ཅིག་རྒྱ་ནག་གི་ཉེན་ཚབས་སྨྲ་བ་ཟེར་བའི་གླེང་གཞི་འདིའང་ཐོན་ཡོད་ལ། དཔེར་ན་དེང་སྐབས་ཆབ་སྲིད་རྩོམ་རིག་གི་སྡིངས་ཆ་ནས་རྒྱ་ནག་ལབ་དུས་འབྲུག་ལ་གཟུགས་འགོད་བྱེད་པ་དང༌། འབྲུག་ནི་ནུབ་ཕྱོགས་ཀྱི་ལྷ་སྒྲུང་ནང་གི་འདྲེ་སྲིན་མ་རུང་པའི་མཚོན་དོན་ཡོད་ན་མེད་ན་དེ་རེད། ནུབ་ཕྱོགས་པའི་རྒྱ་ནག་ལ་བལྟ་སྟངས་འདི་ལྟར་འཛིན་དགོས་དོན་ནི། གཅིག་ནས་རྒྱ་གཞུང་གིས་བོད་དང༌། ཤར་ཏུར་ཀུ་སི་ཐན་གྱིས་མཚོན། མང་ཚོགས་རང་བཞིན་གྱི་ལས་འགུལ་ཡོད་ཚད་ལ་དྲག་གནོན་བྱས་པ་དང༌། གཉིས་ནས་ཁོ་པ་ཚོས་དམར་ཤོག་གི་གཞི་རིམ་ལྟ་གྲུབ་དོར་ནས་ཚོང་རའི་དཔལ་འབྱོར་ནང་ཞུགས་ཡོད་མོད། སྲིད་དོན་འཐབ་བྱུས་ཐད་ནས་ད་དུང་གྲང་དམག་སྐབས་ཀྱི་ཨུ་རུ་སུའི་ཤུལ་འཛིན་བྱ་ཁུལ་བྱེད་ཀྱིན་པ་དེས་རེད། སོང་ཙང་དེང་སྐབས་རྒྱ་ནག་གི་རྒྱལ་སྤྱིའི་གོ་བབ་ལབ་ན་མི་རྣམས་ཀྱིས་དྲང་ཕྱོགས་ལས་ལྡོག་ཕྱོགས་ནས་བལྟ་དགོས་པ་དང༌། བཟང་འགྲེལ་ལས་ངན་བཤད་མང་མོད། དེ་ལ་འབབ་པའི་སྲིད་བྱུས་འཛིན་སྟངས་ཐད་ཨ་རི་གཙོས། ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་ད་དུང་ནང་འགལ་གྱི་རྣམ་པར་གནས་ཡོད། དཔེར་ན། རྒྱ་ནག་དེ་བཞིན་མི་སྡེ་སྤྱི་ཚོགས་ཀྱིས་ཟུར་འཕུད་བཏང་སྟེ་བཙན་དབང་གིས་དམངས་གཙོར་བསྒྱུར་དགོས་སམ། ཡང་ན་སྤྱི་ཚོགས་ཀྱི་སྒྲིག་གཞིའི་ནང་ཚུར་བཅུག་སྟེ་ཞི་བའི་ངང་བསྒྱུར་བཅོས་གཏོང་དགོས། དེ་ལྟ་བུར་ཡང་གཅིག་མཚུངས་ཀྱི་ལྟ་ཚུལ་མེད་ལ། ཁྱད་པར་དུ་ཨ་རིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ཡོ་འཁྱོམ་སྒང་ཕྱིན་ནས་གསལ་ཁ་མེད་པ་ནི་རྒྱ་ནག་གི་ཁ་བཟང་ཕྱོགས་སུ་འཁྲིད་མ་ཐུབ་པའི་ཉེར་ལེན་གཙོ་བོ་ཆགས་ཡོད་ཟེར།
བོད་ཀྱི་བང་ཆེན་ནང་བཀོད་ཡོད་པ་ཞིག་རེད། བལྟ་ཀློག་ཙམ་གྱིས་དང། ཁྱོད་ཀྱི་སྙིང་ལ་ཚེར་མ་བཙུགས་པ་ལྟ་བུའི་ཟུག་ཞིག་རྒྱག་ཐག་གི་ཆོད།
རྒྱ་གཞུང་གིས་བཙན་བྱོལ་གྲོས་ཚོགས་ལ་དམའ་འབེབས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་རྐྱེན་སྣ་ཚོགས་ཀྱིས་ལུགས་ལྟར་མཇུག་བསྡོམས་རྒྱག་ཐུབ་མེད་པ་དང༌།བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་འདིའི་ཐད་ཧ་ཅང་གི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། དེ་བཞིན་དེང་སྐབས་རྒྱ་ནག་གཞུང་གིས་ཀྱང་གྲོས་ཚོགས་ཀྱི་སྐོར་སྐྱོན་བརྗོད་རིང་པོ་ཞིག་བྲིས་ཡོད་པ་རེད།
ཕྱི་ཟླ་༩ པའི་ཚེས་༢༥ ཉིན་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞེས་པ་རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱའི་ཐོག་འགོ་བརྗོད་དུ། <<ཏཱ་ལས་མང་གཙོ་ལག་ལེན་བསྟར་བ་ཞེས་པ་བཞད་གད་ཀྱི་ཡུལ་དུ་གྱུར་པ>>ཟེར་བའི་ནང་བརྗོད་དོན། ཏཱ་ལས་རྟག་པར་བཙན་བྱོལ་སྤྱི་ཚོགས་སུ་མང་གཙོ་ལག་ལེན་བསྟར་ལུགས་འུད་སྒྲོག་བྱེད་བཞིན་ཡོད་ཀྱང། ད་ཐེངས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བརྒྱད་པ་ཟེར་བས། སྤྱི་འཐུས་བྱེ་བྲག་པ་གཅིག་གི་འགྲོ་སོང་གཏོང་མིན་སྐོར་གྱི་རྙོག་ཟིང་ལས་མཇུག་བསྡུ་མ་ཐུབ་པ་ཆགས་པ་དེས། མང་གཙོ་ཟེར་བའི་སྐད་ཆ་དེའི་རྫུན་རྐུབ་རྦད་དེ་བརྡོལ་ཡོད་ཅིང༌། བཙན་བྱོལ་ནང་མི་མང་བརྒྱ་ཆ་༧༥ ཙམ་ལས་མེད་ཡིན་པ་དང། ཁོ་ཚོར་ཟས་གོས་མི་རག་པའི་འཚོ་བའི་དཀའ་ངལ་དང། སློབ་གྲྭའི་ཁང་པ་མང་ཆེ་བ་ལྕགས་ཤོག་ལས་གྲུབ་པ། སྤྱིར་བཏང་མང་ཚོགས་ཀྱི་སྡོད་གནས་བརླན་བཤེར་དང་གསལ་ཆ་མེད་པ་བཅས་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་རུང། སྤྱི་འཐུས་ཚོས་སོ་སོ་སྒེར་གྱི་དངུལ་ཁུག་ལ་གྱོང་རག་མིན་རྩོད་པ་རྒྱག་པ་ལས། མང་ཚོགས་ཀྱི་བདེ་སྡུག་ལ་དོ་སྣང་དང་སེམས་འཁུར་བྱེད་མཁན་གཅིག་ཀྱང་མེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་སྤྱི་འཐུས་བྱེ་བྲག་པའི་འགྲོ་སོང་གཏོང་མིན་དེ་ཁ་གཡར་ས་ཙམ་ཡིན་ཞིང།་གཙོ་བོ་ཏཱ་ལའི་རུ་ཚོགས་ནང་ཁུལ་ཕྱོགས་འཐེན་དཔུང་སྒྲིག་གི་འགལ་ཟླ་ཆེན་པོ་ཡོད་པའི་རྣམ་པ་ཕྱིར་མངོན་ཡོད། ད་ལོའི་ཟླ་བ་༦པའི་ནང་ཟམ་གདོང་ལས་གནས་ནས་དགོངས་པ་ཞུ་འདོད་པའི་སྐད་ཆ་བྱུང་ཡོད་པ་དེའང་གཟུགས་གཞི་སྐྱོ་པོ་ཡོད་ཚུལ་བརྗོད་ཡོད་རུང༌། དོན་དངོས་ནང་ཁུལ་དཔུང་སྒྲིག་ཕྱོགས་འགལ་གྱི་འཐབ་རྩོད་ཤིན་ཏུ་ཛ་དྲག་ཡིན་པ་དེ་རིང་གྲོས་ཚོགས་ཀྱི་ར་སྤྲོད་གསལ་པོ་བྱས་ཡོད། སྙིང་རྗེ་དགོས་པ་ཞིག་ལ་ཏཱ་ལའི་རུ་ཚོགས་ཀྱིས་རྟག་པར་མང་གཙོ་ཁར་འཁྱེར་ཏེ། ཕྱིའི་རྣམ་པ་སྙིང་རྗེ་པོ་ག་ཚོད་བཟོས་རུང༌། ནང་ཁུལ་སྤྱི་འཐུས་རྣམ་པའང་ཁོང་དང་རྒྱབ་འགལ་དང། སྒེར་དོན་གཅིག་པུར་འབད་པ་དེས་ག་ཚོད་བར་དུ་ཁུངས་འཁྱོལ་ཐུབ་ཀྱི་ཡོད་དམ་ཞེས་བཀོད་ཡོད་པ་རེད།
དེའི་ནང་མུ་མཐུད་འཁོད་དོན། ཕྱོགས་གཞན་ཞིག་ནས་བཤད་ན་སྤྱི་འཐུས་བྱེ་བྲག་པ་ཞིག་གི་འགྲོ་སོང་གཏོང་མིན་གྱི་དོན་དག་ཆུང་ཙག་དེ་འདྲ་ཞིག་བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་སྐུ་ཚབ་ཡིན་ཟེར་བའི་གྲོས་ཚོགས་ཀྱི་གྲོས་གཞིར་ཡོང་དགོས་དོན་ནི། གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་གནད་དོན་ཆེན་པོའི་རིགས་གོ་བསྡུར་བྱེད་རྒྱུ་གང་ཡང་མེད་ཅིང། ཚང་མ་ཏཱ་ལས་ཐེག་བཅད་ཚར་བ་དང་ཏཱ་ལས་བཙན་བྱོལ་གཞུང་གི་ལས་དོན་ཡོངས་རྫོགས་སྟངས་འཛིན་བདག་གཉེར་བྱེད་བཞིན་པའི་རྐྱེན་གྱིས་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།
ཀློག་བཞིན་པའི་བར་སྐབས་ནས་ཀྱང་བརྒྱུགས་ཡོང་ནས་མཆན་འདེབས་པ་འདི་ཡ་མཚན། སྐར་ཁྲི་བཙན་སྔོན་ལ་ཤོར་འགྲོ་གི་བསམ་པ་མིན་ནམ། ཀུ་རེ་ཡིན།
བཀླགས་ཟིན་པ་ཡིན་་་་་་་བཀའ་དྲིན་ཆེ་གནས་ཚུལ་གལ་ཆེན་འདིའི་རིགས་ངོ་མ་ཤེས་རྒྱུ་གལ་ཆེན་རེད་
ཀློག་བཞིན་ཡོད། བསམ་བློ་ཞིབ་དུ་གཏོང་ངེས་ཡིན།