༢༠༠༩ ལོའི་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་མཚན་ཐོ་དེ་ཕྱི་ཟླ་ ༡༠ པའི་ཚེས་ ༥ ཉིན་ནས་བཟུང་ཁྱབ་བསྒྲགས་བྱེད་མགོ་བརྩམས་ཡོད་པ་རེད། ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོར་ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལགས་ལ་ཐོབ་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་རེད། ནོར་ཝེ་ཡི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་བཀོད་དོན། ཨོ་བྷ་མར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་དོན་ནི། ཁོང་གིས་རྒྱལ་སྤྱིའི་ཕྱི་འབྲེལ་དང་མི་རིགས་ཁག་གི་བར་མཉམ་ལས་ཀྱི་ནུས་པ་ཇེ་ལེགས་སུ་བཏང་བའི་རྐྱེན་གྱིས་ཡིན་ཟེར་ལ། ཚོགས་ཆུང་གི་ངོས་ནས་དམིགས་བསལ་གྱི་ཁྱད་ཆོས་ཤིག་མཐོང་བ་ནི་ཁོང་གིས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་ཀྱི་གཟིགས་རྒྱང་དང་ཕྱག་ལས་ཡིན་ལ། ཁོང་ཉིད་སྲིད་འཛིན་ཞིག་གི་ངོས་ནས་རྒྱལ་སྤྱིའི་སྲིད་དོན་གྱི་བགྲོ་གླེང་ཁྲོད་གནམ་གཤིས་གསར་པ་ཞིག་བསྐྲུན་པ་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ནུས་པ་འདོན་ཐབས་སོགས་ལ་དམིགས་ཏེ། ཕྱོགས་ཡོངས་སྣ་འཛོམས་གྱི་འབྲེལ་བའི་ལྟ་ཚུལ་དེ་སླར་ཡང་དཀྱིལ་སྙིང་གི་གོ་བབ་ལ་བསླེབས་ཡོད་ལ། རྒྱལ་སྤྱིའི་དཀའ་རྙོག་ཆེ་གྲས་རྣམས་ཞི་མོལ་དང་འབྲེལ་མོལ་གྱི་ལས་ནས་སེལ་ཐབས་བསྟན་ཡོད། ཅེས་དང་། ཨོ་བྷ་མའི་ལྟ་གྲུབ་ནི་འཛམ་གླིང་འདི་སུ་ཞིག་གིས་དབུ་ཁྲིད་པ་ཡིན་ན་དེས་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་མངོན་འདོད་ལྟར་སྒྲུབ་དགོས་ཞེས་པ་དེ་ཡིན་པར་བཤད།
ལོ་འདིའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ནི། འཇར་མན་གྱི་བུད་མེད་རྩོམ་པ་པོ་དང་སྨན་ངག་པ་ཧེར་ཁྲི་མས་ལར་ལ་ཐོབ་ཡོད་ལ། ཁོང་མོས་རང་ཉིད་འཚར་ལོངས་ཀྱི་འཁོར་ཡུག་དང་གནས་མེད་ཡུལ་འཁྱམས་ཀྱི་འཚོ་བ་བཅས་མཚོན་པའི་མི་ཚེ་ལོ་རྒྱུས་སྒྲུང་གཏམ་༼བྱིས་དུས།༽ ༼ན་གཞོན།༽༼དར་མ།༽ ཞེས་པ་གསུམ་བརྩམས་ཏེ་འཛམ་གླིང་རྩོམ་རིག་ཁྲོད་ཆེས་དྭངས་གཙང་གི་དངོས་བྱུང་སྨྲ་བའི་སྒྱུ་རྩལ་གྱི་མཐོ་སར་སྙེགས་ཏེ། འཛམ་གླིང་རྩོམ་རིག་བརྩེ་སེམས་ཆེ་ཞིང་མིའི་དངོས་ཡོད་འཚོ་བའི་སྣང་བརྙན་ཞིག་བཞེངས་བསྐྲུན་བྱས་ཡོད།
ནོ་སྦེལ་དངོས་ལུགས་གཟེངས་རྟགས་དབྱིན་ཇུའི་ཚན་རིག་པ་ཆར་ལིས་ཁའོ་དང་ཨ་རིའི་ཚན་རིག་པ་ཝེ་ལར་ཌི་བྷོ་ཡེད་དང་ཇོར་ཇུ་སུ་མེ་ཐུ་གསུམ་ལ་ཐོབ་ཡོད་པ་དང་། དབྱིན་ཇུའི་ཚན་རིག་པ་ཆར་ལིས་ཁའོ་ཡིས་འོད་ནུས་ལ་བརྟེན་ནས་བརྡ་འཕྲིན་ཁྱབ་སྤེལ་བྱེད་པའི་ཐད་སྔར་མེད་མཛད་རྗེས་གསར་བ་བཞག་ཡོད་པ་དང་། ཨ་རིའི་ཚན་རིག་པ་ཝེ་ལར་ཌི་བྷོ་ཡེད་དང་རྗོར་རྗི་སུ་མེ་ཐུ་གཉིས་ཀྱིས་(CCD)བརྙན་རིས་བརྒྱུད་སྐུལ་མ་ལག་ཅིག་གསར་གཏོད་མཛད་ཡོད་འདུག
ནོ་སྦེལ་རྫས་འགྱུར་གཟེངས་རྟགས་དེ། ཨ་རིའི་ཚན་རིག་པ་ཝན་ ཁ་ཊེ་ལ་མན་ རཱ་མག་རེ་ཤི་ན་ ཧེ་ན་ དང་། ཐོ་མ་སི་ སི་ཊེ་ཛི། ཨིས་རལ་གྱི་ཚན་རིག་པ་ཨ་ཌ་གྷོར་ནིར་ཊེ་གསུམ་ལ་ཐོབ་ཡོད་ལ། ཁོང་གསུམ་གྱིས་མིའི་ལུས་ཕུངས་ཀྱི་འཚོ་ལྡན་ཕྲ་ཕུང་སླར་གསོའི་ཞིབ་འཇུག་ཐད་སྔར་མེད་ཀྱི་གསར་གཏོད་བྱས་ཏེ་མིའི་རིགས་ཀྱི་ནད་གཞི་སྔོན་འགོག་དང་ཚེ་སྲོག་སྲུང་སྐྱོབ་ཐད་མཛད་རྗེས་གསར་བ་བཞག་ཡོད་འདུག
ནོ་སྦེལ་སྐྱེ་ཁམས་དང་གསོ་རིག་གཟེངས་རྟགས་དེ། ཨ་རིའི་ཚན་རིག་པ་ཨ་ལེ་ཛི་བྷ་ཐུ་ བྷུ་ལག་བྷུན་དང་། ཁ་རོལ་གྷུ་རེ་ཌེར། ཇག་ ཤོ་སུ་སྟག་ གསུམ་ལ་ཐོབ་ཡོད་ལ། ཁོང་གསུམ་གྱིས་སྐྱེ་ཁམས་རིག་པའི་ཐད་ཀྱི་གནད་ཆེན་པོ་ཞིག་གསེལ་གྲོལ་བྱས་ཏེ། (DNA) གོ་རིམ་ཁྲོད་ཚོས་ལྡན་ཕྲ་ཕུང་སླར་གསོ་སྲུང་སྐྱོབ་ཀྱི་ཐབས་ཤེས་རྙེད་ཡོད་འདུག
ནོ་སྦེལ་དཔལ་འབྱོར་གཟེངས་རྟགས་ནི། ཨ་རིའི་ Berkshire Hathaway Chairman བཟོ་ཚོང་ཁེ་ལས་ཀྱི་སྤྱི་ཁྱབ་མགོ་བ་ཝ་རེན་ ཨེ་ བྷུ་ཧྥེ་ཊི་ ལགས་ལ་ཐོབ་ཡོད། ཁོང་གིས་འཛམ་གླིང་ཟོང་ལས་ཁྲོམ་རྭའི་འཁོར་རྒྱུགས་ཁྲོད་མ་དངུལ་འབོར་ཆེན་བཏང་ཡོད་འདུག
འབར་རྫས་གས་གཏོར།
ཟླ་འདིའི་ཚེས་ ༨ ཉིན་ཨ་ཧྥུ་གྷ་ནི་སི་ཐན་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་མདུན་དུ་འབར་རྫས་ཤིག་གས་གཏོར་བྱུང་སྟེ་མི་ ༡༢ བསད་ཡོད་པ་དང་། མི་ ༨༣ ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་ཁང་དུ་མྱུར་སྐྱོབ་བྱེད་དགོས་བྱུང་ཡོད་པ་རེད། འབར་རྫས་གས་གཏོར་དེ་སྣུམ་འཁོར་ཞིག་གི་ནང་བྱུང་ཡོད་འདུག་ལ གནད་དོན་དེར་ཨ་ཧྥུ་གྷ་ནི་སི་ཐན་གྱི་ནང་སྲིད་ལས་ཁུངས་ནས་འགྲེལ་བརྗོད་བྱས་པ་ལྟར་ན། དོན་དག་བྱུང་བའི་མི་མང་ཆེ་བ་མང་ཚོགས་དཀྱུས་མ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་མོད། རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ནེའི་རོ་པད་མ་ར་ཝོ་ཡིས་འབར་རྫས་དེ་ཆེད་དུ་རྒྱ་གར་གྱི་གཞུང་ཚབ་ཁང་ལ་དམིགས་པ་ཞིག་ཡིན་པའི་སྐྱོན་བརྗོད་ཀྱང་བྱས་ཡོད་འདུག
ཡུས་སུ་ལན་གྱི་དགྲ་བོ་གསར་བ།
རྒྱལ་སྤྱིའི་དྲག་སྤྱོད་རིང་ལུགས་པའི་དྲ་ལམ་རྩ་འཛུགས་རྟེན་གཞི་ཡིས་དགྲ་བོ་གསར་བ་ཞིག་རྙེད་ཡོད་པ་དང་། དགྲ་བོ་གསར་བ་དེ་ནི་ཡུ་གུར་མི་རིགས་ལ་མནར་གཅོད་གཏོང་མཁན་གྱི་རྒྱ་ནག་ཡིན་འདུག ཕྱི་ཚེས་ ༡༢ ཉིན་དྲ་ལམ་ཐོག་ཏུ་སྤེལ་བའི་བརྙན་གཟུགས་ཤིག་གི་ནང་། ཨབ་གྷན་དུ་ཡོད་པའི་དྲག་སྤྱོད་པའི་མགོ་བ་ཨར་ལི་ཐན་གྱིས་ནུབ་ཕྱོགས་ཀྱི་ཡི་ཤུ་ཆོས་ལུགས་པ་དང་ཇོའུ་མི་རིགས་ནི་ཁ་ཆེའི་དགྲ་བོ་ཡིན་པ་ལས་གཞན། ད་དུང་ “ནག་ཉེས་ཅན་དང་། ཆོས་མེད་སྨྲ་བ” ཏུར་ཀིའི་ཁ་ཆེ་མི་རིགས་ལ་དྲག་གནོན་བྱེད་མཁན་རྒྱ་ནག་པ་ཡང་ང་ཚོས་དགྲ་བོ་ཡིན། ཨ་རབ་ཀྱི་ཁ་ཆེ་མང་པོས་རྒྱ་ནག་དང་རྒྱ་གར་དུའང་ཁ་ཆེའི་ཆོས་གྲོགས་སྤུན་ཟླ་ཡོད་པ་ཤེས་དགོས་ཅེས་བརྗོད་ཡོད་འདུག
མཚོ་ཁུལ་ས་ཡོམ་ཉེན་བརྡ།
ཕྱི་ཚེས་བདུན་ཉིན་ཞི་བདེ་རྒྱ་མཚོའི་ལྷོ་ཕྱོགས་མཚོ་གླིང་ས་ཁུལ་དུ་བསྟུད་མར་ས་ཡོམ་ཆེན་པོ་ཐེངས་གསུམ་བརྒྱབས་པ་དེས། ས་ཁུལ་དེའི་མི་དམངས་ལ་འཇིགས་དངངས་ཆེན་པོ་སྐྱེས་ཏེ་མི་དམངས་རྣམས་ས་བབ་མཐོ་སར་བྲོས་བྱོལ་བྱེད་བཞིན་ཡོད་པ་རེད། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཝ་ནུ་ཡ་ཐུ་གླིང་ཕྲན་གྱི་ནུབ་བྱང་ཁུལ་དུ་ཚད་རིམ་ ༧་༨ ཅན་གྱི་མཚོ་སྐྱོམས་ས་ཡོམ་ཞིག་བརྒྱབས་ཡོད་པ་དང་། ཆུ་ཚོད་གཅིག་གི་རྗེས་སུ་ཡང་བསྐྱར་ས་ཁུལ་དེར་ཚད་རིམ་ ༧ ཅན་གྱི་ས་ཡོམ་ཐེངས་གཉིས་ལ་བརྒྱབས་པར་བརྟེན། ཞི་བདེ་རྒྱ་མཚོ་ཆེན་མོའི་ཉེན་ཟོན་ལྟེ་གནས་གྱིས་ཞི་བདེ་རྒྱ་མཚོ་ཆེན་པོའི་ལྷོ་ཤར་མཚོ་གླིང་གི་ས་ཁུལ་ཨོ་སུ་ཊོ་ལི་ཡ་ནེའུ་ཛེ་ལན་ཌི། པ་པུ་ཡ་ནེའུ་ གྷེ་ནེ་ཡ། ཨིན་ཌུ་ནེ་ཤི་ཡ་སོགས་མཚོ་གླིང་མངའ་ཁུལ་གྱི་རྒྱལ་ཁབ་དག་ལ་ཉེན་བརྡ་བཏང་ཡོད་འདུག
སྐུ་ཚབ་ཚོ་
ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།
བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།
༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།
ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།
བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།
གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།
ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།
རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།
བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།
༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།
མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།
ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།
པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།
ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།
པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།
སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།
བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།
སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།
རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།
ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།
༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།
རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།
མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།
ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།
མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོད་པའི་མཐེ་བོང་ཨེ་བསྒྲངས་ཐལ།།
སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།
ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།
ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།
བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།
ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།
དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།
རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།
བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།
༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།
སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།
གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།
ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།
པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།
དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།
ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།
ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།
ཨོ་བྷ་མརནོ་ཝེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་དངོས་ནས་ཡ་མཚན་དངོས་བྱུང་རེད། གང་ལ་ཞེས་ན་ཁོང་གི་ཕུགས་བསམ་བཟང་པོ་དེ་དག་ལ་བལྟས་ནས་ཕུལ་ཡོད་པ་འདྲ། དེ་ལྟར་ཡིན་ཚེ་ཕུགས་འདུན་བཟང་པོ་ཡོད་མཁན་གྱི་དབུ་ཁྲིད་འཛམ་གླིང་འདི་ཡིའི་སྟེང་དུ་ག་ཚོད་དང་ག་ཚོད་མེད་དམ། ངས་བལྟས་ན་ཧུ་ཅིན་ཐའོ་ལ་ཡང་ཆམ་མཐུན་དང་ཞི་བདེ་མཉམ་གནས་ཀྱི་ཕུགས་བསམ་ཡོད་པས། ཁོ་པ་ལ་ཡང་ནོ་ཝེལ་ཞི་བདེའི་གཟེངས་རྟགས་གཅིག་འབུལ་དགོས་སམ།།།
ཨོ་བྷ་མའི་དམག་དཔུང་གིས་མདང་དགོང་ཡང་ཨབ་གྷན་ནང་ན་མི་བསོད་ཁྲག་སྦྱོར་བྱེད་ཀིན་འདུག ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་མིག་ཟུང་བཙུམས་ཏེ་ཨོ་བྷ་མར་”ཞི་བདེ་གཟེངས་རྟགས”སྤྲད་སོང་། ལོ་རྗེ་མའི་ཞི་བདེ་གཟརངས་རྟགས་བྷན་ལ་ཊིན་ལ་ཐོབ་པར་ཤོག དེའི་རྗེས་ནས་བཟུང་ཞེ་བདེ་གཟེངས་དེ་ཆོ་མེད་པར་གྱུར་ཏེ། དབང་ཤུགས་ཅན་དང་སྐད་གྲགས་ཅན། གང་བྱུང་མང་བྱུང་བཤད་མཁན་དང་བྱེད་མཁན་ཞིག་ལ་ཐོབ་པར་ཤོག དེ་དུས་སྐུ་ཞབས་ནོ་པེའེར་སྙིང་རླུང་སྟོད་ལ་འཚང་སྟེ་དུར་ཁུང་ནས་ཕྱིར་ཐོན་ཏེ་ཨོ་བྷ་མའི་གཟེངས་རྟགས་ནས་དེའི་ཕྱིས་ཀྱི་ཞི་བདེ་གཟེངས་རྟགས་དེ་ཚོ་ཕྱིར་བསྡུས་ཏེ་ཁོང་དང་མཉམ་དུ་དུར་ཁོང་དུ་ཁྱེར་འགྲོ་གི་རེད། དེ་ནས་བཟུང་སྟེ་འཛམ་གླིང་གི་ནོ་པེའེར་ཞི་བདེ་གཟེངས་རྟགས་ཟེར་བ་དེར་མཇུག་སྡོམ་བརྒྱབས་པ་རེད། ཧ་ཧ་ཧ་ཧ
ཨོ་བྷ་མ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཆེན་མོ་ཐོབ་པར་བཀྲིས་བདེ་ལེགས་ཞུ།
ཨ་རིའི་སྲིད་འཛིན་གྱི་ལས་ཐོག་པ་ཞིག་ལ་འདི་འདྲའི་རྟགས་མ་སྙན་གྲགས་ཅན་ཞིག་ཐོབ་པ་དེ་སྟོབས་ཆེན་ཨ་རིའི་གཟི་བརྗིད་དང་། ཨོ་བྷ་མ་རང་ཉིད་ཀྱི་སྐུམབསོད། ཡང་སྒོས་འཛམ་གླིང་མི་དམངས་ཡོངས་དང་། འཛམ་གླིང་ཟར་ནུབ་བཅས་སུ་ཞི་བདེ་ལྷིང་འཇགས་ཡོང་ཐུབ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༸ གོང་ས་མཆོག་གི་ཐུགས་དགོངས་བཞིན་སྲོད་འཛིན་ཨ་བྷ་མ་མཆོག་གིས་ཀྱང་ཞི་བདེའི་དུས་རབས་བཟང་པོ་གཅིག་གི་སྣེ་འཁྲིད་ཐུབ་རྒྱུའི་སྨོན་འདུན་ཞུ།
ངོ་མ་དེ་ཁྱད་མཚར་ཞེ་དྲག་རེད་ལ་བརྗོད་ཚོད་ཀྱང་ཁག་པོ་འདུག
གང་ལྟར་ཁོང་ལ་ཞི་བདེའི་གཟེངས་རྟགས་འཐོབ་ཟིན་པ་རེད།
འོན་ཀྱང་ཁོང་དེ་འདྲ་ཕུལ་དགོས་ཀྱི་ཆ་རྐྱེན་ཚང་འཛོམས་ཡོད་འགྲོ།
གཅིག་བྱས་ན་ཆབ་སྲིད་ཡིན་སྲིད་ཀྱང་ཞི་བདེའི་གཟེངས་རྟགས་དེ་སྲིད་ཇུས་ཀྱི་ལག་ཆར་བེད་སྤྱོད་བྱས་ན་དེ་བས་མི་རུང་བ་ཞིག་མ་རེད་པས།
ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཨོ་བྷ་མས་དམག་རྒྱག་མི་ཤེས་པ་ཞིག་བཟོས་འདུག་ག ཏག་ཏག་རེད སྤྱིར་ཁོས་ད་དུང་ཞི་བདེའི་ཐོག་ཏུ་ཕྱག་ལས་ངོམ་སོ་རུ་བ་ཞིག་ཡོད་པ་མ་རེད།
གནས་ཚུལ་ཡག་སྡུག་གཉིས་མཉམ་དུ་གོ་དུས་ཚོར་བ་དེ་དངོས་གནས་སྨྲ་བསམ་བརྗོད་མེད་ཅིག་རེད།ནོ་བྷེལ་་ཞི་བདེའི་གཟེངས་རྟགས་འདིས་འཛམ་གླིང་སྤྱིའི་ནུས་ཤུགས་ཤིག་དང་འབོད་སྐུལ་ཞིག་ཏན་ཏན་འདོན་བཞིན་ཡོད་པས།འདི་ནི་འཛམ་གླིང་སྤྱིའི་གཏམ་བཟང་རང་རེད།འོན་ཀྱང་དྲག་སྤྱོད་དང་རང་བྱུང་ཁམས་ཀྱི་གནོད་འཚེ་སོགས་གོ་དུས་ངོ་མ་དངངས་འདར་རྒྱག་ནི་ཞིག་རེད།
ང་ཚོ་སྡོད་སའི་རྒྱ་གར་ནང་དུ་སྲིད་འཛིན་དང་སྲིད་བློན་བུད་མེད་ཀྱིས་གནང་བཞིན་པ་ཡིན་ཀྱང་བཤད་མཁན་དང་དོ་སྣང་ཆེར་བསྐྱེད་ཀྱིས་གླེང་མཁན་མི་འདུག་གཱ ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་བུད་མེད་ཅིག་བྱས་སྐབས་སྐད་ཆ་འདྲ་མིན་དང་གླེང་ཤུགས་ག་ཚོད་ཅིག་བྱས་སོང་། ཅིའི་ཕྱིར་ཡིན་ནམ། འཛམ་གླིང་ཞི་བདེ་ཟེར་མཁན་གཙོ་གྲས་ཀྱང་ཨ་རི་རེད། རྒྱལ་ཁབ་གང་སར་དམག་འཁྲུག་བརྒྱབས་དང་རྒྱག་བཞིན་པའང་ཨ་རི་རེད། ཁྱིམ་ཚང་ཞིག་ལ་མཚོན་ན་ནུ་བོ་ཆུང་ཆུང་ཚོ་དང་སྲིང་མོ་ཚོས་ཅི་ཡང་བཤད་ཐུབ་ཀི་མ་རེད་ལ། བཤད་ཀྱང་མ་ཉན་ནའང་ཅང་བྱེད་མི་ཐུབ་ལ་བྱེད་རྒྱུའང་ཅང་ཡོད་པ་མ་རེད། དཔེ་མཚོན་གསལ་པོ་ཞིག་ཞུས་ན། ད་ལོའི་ང་ཚོའི་སྤྱི་འཐུས་གྲོས་ལྟ་བུ་རེད། རྒྱགས་གཏམ་ཡིད་ཚིམས་པ་ཞིག་བཤད་དེ་བུད་སོང་ནའང་། ཅི་ཡང་བཤད་མི་ཐུབ་ལ་བྱེད་ཀྱང་ཐུབ་གི་མ་རེད། ་དེ་བཞིན་རེད་འདོད་ཀི
ཨོ་བྷ་ནི་འཛམ་གླིང་སྟེང་གི་མི་གསར་པ་གསར་རྐྱང་ཞིག་རེད། ཁོ་ལ་ཞི་བདེ་གཟེངས་རྟགས་སྟེར་རྒྱུ་བྱས་ཡོད་ན་ག་རེ་རེད། ཨོ་བྷ་མ་ན་ནིང་༸གོང་ས་མཆོག་དང་ལྷན་དུ་འཛམ་གླིང་གི་མི་སྣ་ཆེ་ག་གེ་མོའི་ཁོངས་སུའང་བདམས་མ་སོང་ངང་། འཛམ་གླིང་བྱེད་སྟངས་འགའ་ཤིག་དངོས་གནས་ཁྱེད་འཚར་བོ་དང་ཆོ་མི་འདུག་སྙམ། མ་འོངས་པར་ཁོ་མི་བཟང་པོ་ཞིག་དང་ཁྱད་འཕགས་ཅན་ཞིག་ཏུ་འགྱུར་བར་བསམ་གི་ཡོད་ན་གང་ཤེས། དེ་མིན་དངོས་གནས་ཁྱད་འཚར་དུ་བསམས་སོང་། ཁྱད་འཕགས་མི་སྣ་དང་ཞི་བདེ་གཟརངས་རྟགས་སྤྲོད་དགོས་པའི་ལས་ཀ་ཅི་བྱས་སོང་། ང་འདྲ་ཞིག་གིས་སྡིག་སྐད་བཤད་མ་བཤད་ཡོད་པ་མ་རེད། གང་ལྟར་བསམ་ཚུལ་ཙམ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལན་ཨ་རིའི་རྒྱལ་སར་ཕེབས་སྐབས་ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་བྱུང་མེད་ཀྱང་ད་ལོའི་ལོ་མཇུག་ལ་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་བཤད་བཞིན་འདུག་པ་ལྟར་ད་ལོའི་རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་གི་ཉིན་མོ་སྟེ་ཕྱི་ཟླ་ ༡༢ པའི་ ༡༠ ཉིན་ནོ་ཝེར་གྱི་རྒྱལ་ས་ཨོ་སོ་ལོ་རུ་མཇལ་འཕྲད་གནང་ཐུབ་པ་ཡིན་ན་གཟི་བརྗིད་ཆེན་པོ་ག་འདྲ་ཆགས་ཀྱི་རེད།
ད་དུང་ནོ་བྷེལ་གཟེངས་རྟགས་བཞེས་མཁན་ཚོ་རྟེན་འབྲེལ་གྲངས་མེད་ཞུ།
དུས་བབ་ཀྱིས་ངོ་མ་གསར་འགྱུར་འགྱོགས་པོ་བཀོད་འདུག་བཀའ་དྲིན་ཆེ།
འོ་པད་མ་ཞི་བདེའི་གཟེངས་རྟགས་རག་པ་ང་ཚོ་དགའ་འོས་རྒྱུ་མཚན་ཞི་བདེ་ལ་རྒྱབས་སྐྱོར་ཤུགས་ཇེ་ཆེ་འགྲོ་བ་དང་བྱ་བ་གང་ཡིན་གྲོས་མོལ་གྱི་ལམ་ལ་ཞུགས་པ་རེད་སྙམ། རྒྱལ་སྤྱི་བདེ་འཇགས་དང་རྒྱ་ནག་ཡང་སྐྲགས་དགོས་བ་ཞིག་ཆགས་སོང་བ་རེད།
སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་ཨོ་བྷ་མ་ལ་ཞི་བདེ་གཟེངས་རྟགས་ཐོབ་པའི་གསར་འགྱུར་འདི་ཐོག་མར་བཤད་མཁན་ང་ཡིན་པ་འདྲ། གསར་འགྱུར་འདི་མཐོང་དུས་སེམས་ནང་དུ་མི་བདེ་བའི་ཚོར་བ་ཞིག་སླེབས་སོང། དེ་ནས་སློབ་གྲོགས་འགའ་ལ་བཤད་མོད། ཁོང་ཚོས་ཀྱང་ཁ་གཅིག་གྲགས་ཀྱིས་འདི་ཁྱད་མཚར་ཞིག་འདུག ཕལ་ཆེར་འཛམ་གླིང་སྟེང་ཞི་བདེའི་ཐད་ཕྱག་ལས་གནང་མཁན་རྫོགས་པ་འདྲ་བོ་ཞིག་འདུག་ཟེར། གང་ལྟར་གནས་ཚུལ་འདི་ལ་སེམས་པའི་དཀྱིལ་ནས་བསྟོད་བསྔགས་འབུལ་འདོད་ཅིག་མི་འདུག
རེད་ཡ། ཕལ་ཆེར་ཤ་ཁྲག་རུས་གསུམ་གྱིས་གསུངས་པ་ལྟར་འབྱུང་སྲིད་པ་ཞིག་རེད།
དུས་ཐོག་གི་གསར་འགྱུར་ཀློག་ཟིན་པ་ཡིན། ཨོ་བྷ་མ་ལ་ཞི་བདེ་གཟེངས་རྟགས་སྤྲོད་རྒྱུའི་ཐག་གཅོད་བྱས་པ་དེ་ནི་ཅུང་ཙམ་སྔ་དྲག་མེད་འགྲོ གང་ཡིན་ཟེར་ན། ཁོ་རང་གིས་ད་ལྟ་བྱ་བ་ཞིག་མགོ་བརྩམས་མ་ཐག་ཡིན་པ་ལས། བྱ་བ་དེའི་ལེགས་ཉེས་སོོགས་ཅི་ཞིག་འབྱུང་མིན་དེ་ནི་ག་ལེར་བལྟ་རྒྱུ་ཞིག་ལུས་ཡོད་པར་སྙམ། ད་ནི་ཞི་བདེ་གཟེངས་རྟགས་ཀྱི་གོང་ཚད་ཀྱང་དམའ་རུ་མི་འགྲོ་བའི་ངེས་པ་མི་འདུག
དུས་བབས་རྕོ༹མ་སྒྲིག་པས་འདི་ལྟར་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་དག་དུས་ལྟར་སྤེལ་བར་སྔགས་བརྗོད་དང་རྗེས་སུ་ཡིད་རང་ཡོད།
འདི་ནང་བཞིན་འཛམ་གླིང་གསར་འགྱུར་དུས་ཐོག་ཏུ་ཕབ་བསྒྱུར་བྱས་ནས་དུས་བབ་ཏུ་བཀོད་ཐུབ་ན་དངོས་གནས་ཕན་ཐོག་ཆེན་པོ་ཡོད་ས་རེད། ཐུགས་རྗེ་ཆེ