ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཛད་རྣམ་སྡེ་ཚན་གྱིས་གླེགས་བམ་དྲུག་གི་བདག་ཉིད་ཅན་གྱི་༧གོང་ས་བཅུ་བཞི་བ་མཆོག་གི་མཛད་རྣམ་ ༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ ༽ ཞེས་པ་རྩོམ་སྒྲིག་དང་། དཔར་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། སང་ཉིན་ཕྱི་ཚེས་ ༢༦ ཉིན་དབུ་འབྱེད་ཀྱི་མཛད་སྒོ་གཟབ་རྒྱས་ཤིག་བསྡུས་ཏེ། དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་རྒྱུ་ཡིན་འདུག
ནོར་བུ་གླིང་ཁ་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཛད་རྣམ་སྡེ་ཚན་གྱིས་༧གོང་ས་མཆོག་གི་མཛད་རྣམ་གླེགས་བམ་དྲུག་རྩོམ་སྒྲིག་དང་དཔར་སྐྲུན་ལེགས་འགྲུབ་བྱུང་སྟེ། སང་ཉིན་ཕྱི་ཚེས་ ༢༦ ཉིན་དབུ་འབྱེད་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ། དཔལ་རྒྱལ་བ་༧ཀརྨ་པ་མཆོག དེ་བཞིན་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྨན་རི་ཁྲི་འཛིན་མཆོག་བཅས་ཕེབས་འཆར་ཡོད་པ་དང་། སང་ཉིན་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་ཐོག་དཔལ་རྒྱལ་བ་༧ཀརྨ་པ་མཆོག་གིས་མཛད་རྣམ་དཔེ་དེབ་དབུ་འབྱེད་གནང་རྒྱུ་ཡིན་འདུག
གསར་དུ་རྩོམ་སྒྲིག་གནང་བའི་༧གོང་ས་མཆོག་གི་མཛད་རྣམ་༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ ༽ ཞེས་པ་དེར་རྒྱལ་དབང་སྐུ་ཕྲེང་རིམ་བྱུང་གི་ལོ་རྒྱུས་རགས་ཟིན་དང་། ༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་སྐུ་འཁྲུངས་པ་ནས་བཟུང་ཕྱི་ལོ་ ༡༩༦༠ ཟླ་ ༨ བར་གྱི་ཆོས་སྲིད་ཀྱི་མཛད་འཕྲིན་ཞིབ་འབྲི་བྱས་ཡོད་འདུག གླེགས་བམ་ཆེན་པོ་ ༦ དང་རླབས་འཕྲེང་ ༢༢ ཀྱིས་གྲུབ་པར་བྱས་ཡོད་པ་དང་། ཁྱོན་བསྡོམས་པར་རིས་གྲངས་ ༡༠༡ དང་ཤོག་ངོས་ ༣༧༣༨ ཙམ་ཡོད་འདུག ཐེངས་འདིར་མཛད་རྣམ་དཔར་ཐེངས་དང་པོར་དཔེ་དེབ་ལེགས་ཞན་རིགས་གཉིས་ཡོད་པ་དང་། སྤུས་ལེགས་གྲངས་ ༡༠༠ དང་དཀྱུས་མ་ ༤༠༠ བཅས། ཁྱོན་བསྡོམས་ ༥༠༠ དཔར་སྐྲུན་བྱས་ཡོད་འདུག
གླེགས་བམ་དང་པོ་ནི། མཛད་རྣམ་འདིའི་མཆོད་བརྗོད་དང་སྔོན་གླེང་བཅས། རླབས་འཕྲེང་དང་པོ་ནས་གསུམ་པའི་བར་ཏེ། ༧གོང་ས་སྐུ་ཕྲེང་ན་རིམ་གྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་འཕྲིན་ལས་ཀྱིས་འགྲོ་དོན་མཛད་པའི་སྐོར་སྙིང་བསྡུས་དང་། ལྷག་པར་དུ་༧རྒྱལ་དབང་བཅུ་གསུམ་པའི་མཛད་པ་ཅུང་རྒྱས་པ་བཅས་བཀོད་ཡོད་འདུག སྐབས་འབྲེལ་དགོས་ངེས་ཀྱི་ཡིག་ཆ་དང་། མི་སྣ་ངོ་སྤྲོད། དཔྱད་གཞི། ཚིག་མཛོད་དུ་གསལ་ཁ་མེད་པའི་མིང་ཚིག་རིགས་ཀྱི་འགྲེལ་སོགས་ཟུར་འགོད་ཚན་པ་ ༤༢ དང་པར་རིས་ ༡༨ བཅས། ཁྱོན་བསྡོམས་ཤོག་ངོས་ ༦༧༢ འདུག
གླེགས་བམ་གཉིས་པ་ནི། ༧རྒྱལ་དབང་བཅུ་བཞི་བ་ཆེན་པོའི་མཛད་རྣམ་དངོས་གཞི་དབུ་འཛུགས་བྱས་ཏེ། རླབས་འཕྲེང་བཞི་བ་ནས་བདུན་པའི་བར་ཏེ། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་ཚུལ་ཇི་ལྟར་རྩད་དཔྱོད་ཞུས་པ་ནས། མཆོག་སྤྲུལ་རིན་པོ་ཆེ་རྒྱལ་ས་ལྷ་སར་གདན་འདྲེན་དང་། ཡོངས་འཛིན་བགྲེས་གཞོན་བསྐོ་བཞག དགེ་བསྙེན་གྱི་བསླབ་སྡོམ་འབུལ་བཞེས། གསེར་ཁྲིར་མངའ་གསོལ། ཡི་གེ་གསན་སྦྱོང་། སྐབས་དེའི་བསྟན་པ་ཆབ་སྲིད་ཀྱི་འགྱུར་འགྲོས་དང་། ཡུལ་གོམས་རིག་གནས་སོགས་ཞིབ་འབྲི་བྱས་ཡོད་པ་དང་། མི་སྣ་དང་དགོན་སྡེ་ངོ་སྤྲོད་སོགས་སྡེ་ཚན་ ༤༠ དང་པར་རིས་ ༡༣ བཅས། ཁྱོན་བསྡོམས་ཤོག་ངོས་ ༥༤༤ འདུག
གླེགས་བམ་གསུམ་པ་ནི། རླངས་འཕྲེང་བརྒྱད་པ་ནས་བཅུ་གཅིག་བར་ཏེ། ཕྱི་ལོ་ ༡༩༤༢ ནས་༧གོང་ས་མཆོག་གིས་རབ་བྱུང་སྡོམ་པ་བཞེས་པ་དང་། སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཐེངས་དང་པོ་ཆིབས་བསྒྱུར་བསྐྱངས་པ་ནས་བོད་རྒྱའི་བར་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་བར་གྱི་ཆོས་སྲིད་ཀྱི་བྱེད་སྒོ་ཁག་བཀོད་ཡོད་ལ། བརྡ་ཆད་ཀྱི་ཚིག་འགྲེལ་དང་འདྲེན་རྟགས་སོགས་ཀྱི་འགྲེལ། ཕྱི་རྒྱལ་སྐད་ཡིག་གི་མིང་ཚིག་བོད་ཡིག་ཐོག་སྒྲ་སྒྱུར་དག་ཆ་འགྲོ་ལུགས་སོགས་ཀྱི་ཟུར་སྣོན་བཅས་ཡོད་ལ། པར་རིས་ ༡༡ དང་བཅས། ཁྱོན་བསྡོམས་ཤོག་ངོས་ ༦༠༢ ཡོད།
གླེགས་བམ་བཞི་བ་ནི། རླངས་འཕྲེང་བཅུ་གཉིས་ནས་བཅུ་བཞིའི་བར་ཏེ། ཕྱི་ལོ་ ༡༩༥༡ ལོར་༧གོང་ས་མཆོག་གྲོ་མོ་ནས་རྒྱལ་ས་ལྷ་ལྡན་དུ་དུ་ཕྱིར་ཕེབས་ཏེ། ལེགས་བཅོས་ལས་ཁུངས་གསར་འཛུགས་དང་། རྒྱ་དཀར་ནག་གཉིས་སུ་ཆིབས་བསྒྱུར། གསེར་ཁྲི་འདེགས་འབུལ་དང་འབྲེལ་དུས་འཁོར་དབང་ཆེན་བསྩལ་བའི་བར་གྱི་མཛད་པ་ཞིབ་བརྗོད་ཐོག སྐབས་དེའི་བོད་གནས་ཚུལ་དག་ཀྱང་མཚོན་པར་བྱས་ཡོད། དུས་དེར་༧གོང་ས་མཆོག་དངོས་སུ་ཆིབས་བསྒྱུར་གནང་མྱོང་བའི་དགོན་སྡེ་གྲགས་ཆེན་རིགས་དང་། གལ་ཆེའི་གནད་ཡོད་མི་སྣ་ཁག་གཅིག་བཅས་སྡེ་ཚན་ ༡༨ ཟུར་སྣོན་དང་པར་རིས་ ༢༩ བཅས། ཁྱོན་བསྡོམས་ཤོག་ངོས་ ༦༡༨ ཡོད།
གླེགས་བམ་ལྔ་བ་ནི། རླངས་འཕྲེང་བཅོ་ལྔ་ནས་བཅོ་བརྒྱད་བར་ཏེ། ༧གོང་ས་མཆོག་གིས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་དང་། གནད་ས་ཆེན་པོ་གསུམ་དུ་གྲྭ་སྐོར་དམ་འཇོག ལྷ་རམས་དམ་བཞེས་ཀྱི་མཛད་སྒོ། རྒྱ་དམར་གྱི་བཙན་འཛུལ་ཉེན་ཁའི་འོག ༧གོང་ས་མཆོག་ལྷོ་ཁའི་ཕྱོགས་སུ་ཆིབས་བསྒྱུར་དང་། དེ་ནས་རྒྱ་གར་དུ་རེ་ཞིག་བཙན་བྱོལ་དུ་ཆིབས་བསྒྱུར་མི་གནང་ཀ་མེད་བྱུང་བ་སོགས་ཀྱིས་གཙོས་པའི་སྐབས་དེའི་བོད་བསྟན་པ་ཆབ་སྲིད་ཀྱི་འཕོ་འགྱུར་དང་། བོད་མི་དམངས་ནས་རྒྱ་རྒོལ་གསུམ་བཅུ་སྒེར་ལངས་ཐོག་མར་ཇི་ལྟར་བརྩམས་པའི་སྐོར། དེ་བཞིན། གདན་ས་ཆེན་པོ་གསུམ་དང་བཀྲ་ཤིས་ལྷུན་པོ། དེ་མིན་སྐབས་དེའི་གནད་ཡོད་མི་སྣ་འགའ་ངོ་སྤྲོད་སོགས་ཚན་པ་ ༢༦ དང་པར་རིས་ ༡༩ བཅས། ཁྱོན་བསྡོམས་ཤོག་ངོས་ ༦༥༢ ཡོད།
གླེགས་བམ་དྲུག་པ་ནི། རླབས་འཕྲེང་བཅུ་དགུ་ནས་ཉེར་གཉིས་པར་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༦ ཚེས་ ༢༠ ཉིན་མ་སུ་རི་ནས་༧གོང་ས་མཆོག་གིས་བོད་རྒྱ་ཞི་གྲོས་བསྐྱར་མཐུད་ཡོང་ཐབས་སུ་བོད་དོན་སྲིད་བྱུས་གསལ་བསྒྲགས་བསྐྱངས་པ་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་སྐུལ། བཙན་བྱོལ་བོད་མི་རྣམས་གཞིས་ཆགས་པ་དང་སློབ་གྲྭ་གསར་འཛུགས། བོད་ཕྲུག་བུ་གསོ་ཁང་གསར་འཛུགས་བར་གྱི་མཛད་པ་ཞིབ་གསལ་བསྟན་ཡོད་པ་དང་། ཟུར་སྣོན་ཁོངས་སུ་ ༡༩༥༠ ལོར་རྒྱལ་ཚོགས་སུ་བསྐྱར་སྐུལ་ཞུ་གཏུག་སྙན་ཞུ་སོགས་གལ་ཆེའི་ཡིག་ཆ་ཁག་དང་། ༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་ཐེངས་དང་པོར་གནས་གཟིགས་སུ་ཕེབས་པའི་གནས་ཆེན་ཁག་གི་ངོ་སྤྲོད་བཅས་ཚན་པ་ ༣༧ དང་སྐུ་པར་ ༡༡ བཅས། ཁྱོན་བསྡོམས་ཤོག་ངོས་ ༦༥༠ བཅས་ཡོད།
མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་གི་ཞབས་ཞུ་བ་རྣམ་པར་སྔ་ཕྱི་འཕོ་འགྱུར་མང་པོ་ཕྱིན་ཡོད་པ་དང་། ཐོག་མར་ཕྱི་ལོ་ ༡༩༨༤ ལོར་སྐུ་སྒེར་ཡུག་ཚང་གི་འོག་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། སྐབས་དེར་རྟ་ར་བ་བསྟན་འཛིན་ཆོས་ཉིད་དང་། རྡོ་འབུམ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་འཕེལ་རྒྱས། སྣར་སྐྱིད་ངག་དབང་དོན་གྲུབ། རྒྱ་མཚོ་བཀྲ་ཤིས་བྱམས་པ་ཚུལ་ཁྲིམས་བཅས་ཀྱི་གཙོ་འགན་བཞེས་ཤིང་། བཀའ་ཤག་གི་འཆར་གསལ་མིན་པའི་ལས་ཁུར་ཞུ་མཁན་ལྷ་སྡིངས་བློ་བཟང་ཆོས་འཕེལ་དང་། ལྷའུ་རྟ་ར་བ་བསྟན་འཛིན་རྒྱལ་མཚན། ཐོན་ཟུར་བློ་བཟང་བསྟན་འཛིན། པདྨ་རིག་འཛིན། གཉལ་བློ་བཟང་བསྟན་འཛིན། ཨ་མཆོག་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ། དགའ་བྲང་བློ་བཟང་བསྟན་འཛིན་བཅས་ཀྱིས་ཕྱག་ལས་གནང་ཡོད་འདུག
༧གོང་ས་མཆོག་གི་བཀའ་ཕེབས་དོན་ལྟར། ཕྱི་ལོ་ ༢༠༠༠ ཟླ་ ༣ ཚེས་ ༡༥ ཉིན་མཛད་རྣམ་སྡེ་ཚན་དེ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཟླ་སྒྲིལ་བཏང་རྗེས། ནོར་གླིང་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་དང་། ཞེ་བོ་བློ་བཟང་དར་རྒྱས། སྣར་སྐྱིད་ངག་དབང་དོན་གྲུབ། པདྨ་མ་རིག་འཛིན། གཉལ་བློ་བཟང་བསྟན་འཛིན། དགའ་བྲང་བློ་བཟང་བསྟན་འཛིན། ཤེལ་གླིང་ཚེ་དབང་རྣམ་རྒྱལ། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ། ཞོ་ར་བསྟན་པ་དར་རྒྱས། གྲགས་པ་བསྟན་དར། བཀྲས་ཁང་རྣམ་རྒྱལ་རྡོ་རྗེ། རྣམ་སྤེལ་ཚང་བློ་བཟང་སྤྱིན་པ། ཨ་ཚོགས་བསྟན་འཛིན་འཇམ་དབྱངས། ཁྲི་ཀ་དཀོན་མཆོག་བཀྲ་ཤིས། ཁ་སྒང་ཤེས་རབ་རྒྱ་མཚོ། བྱ་གཞུང་སྐལ་བཟང་ཚུལ་ཁྲིམས། གསར་དུ་བསྐོས་པའི་འབའ་པ་ཡེ་ཤེས་དགའ་བ་བཅས་ཀྱིས་རྩོམ་སྒྲིག་གི་ཕྱག་ལས་གནང་ཡོད་འདུག
བེ་རི་འཇིགས་མེད་ལགས་ཀྱིས་ལོ་ཤས་སྔོན་ནས་ཚིག་བཅད་གཅིག་ལས་མ་བྲིས་ཀྱང་དེའི་མཇུག་བྱང་དུ་མཛད་རྣམ་རྩོམ་སྒྲིག་པ་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་དོན་ངོ་མ་འདི་ལོའི་མཛད་རྣམ་གྱི་རྩོམ་སྒྲིག་པའི་ཁོངས་སུ་ཟུར་ཙམ་ཡང་འཁོད་མེད་པ་སྙིང་རྗེ། དངོས་གནས་ནོར་གླིང་འགན་འཛིན་འདི་ཚོ་དྲང་པོ་དྲང་ཤག་རེད་འདུག་བསམ།
སྤྱི་ཚོགས་ཤིག་ཡིན་དུས་དེ་ནི་རིག་གནས་སྣ་མང་གིས་གྲུབ་བསྡད་པ་ཞིག་རེད། སྤྱི་ཚོགས་ཀྱི་དགོས་མཁོ་དེ་ལ་སྣ་ཚོགས་ཡོད་ནི་རེད། སྤྱི་ཚོགས་ཀྱི་གྲུབ་ཆ་མི་རེ་རེ་ལ་བསམ་ཚུལ་དང་ཁ་ཕྱོགས་མི་འདྲ་བ་ཡོད་པས་དགོས་མཁོ་ཡང་མི་འདྲ་སྣ་ཚོགས་ཡོད་ཆོག་གི། མཐའ་གཅིག་ཏུ་དགོས་མཁོ་ནི་འདི་རེད་ཅེས་ཐག་གཅོད་བྱེད་ཐབས་མེད་པའི་གནས་ལུགས་ཀྱི་ངོས་ནས་བལྟས་ན། ཀརྟི་དང་ནོར་གླིང་གི་དཔེ་དེབ་དཔར་བསྐྲུན་བྱས་པ་དེ་རྣམས་སྤྱི་ཚོགས་ལ་དགོས་མཁོ་མེད་པར་ལྟ་བ་ནི་དངོས་ཡོད་དང་མི་མཐུན་པ་མ་ཟད་རྒྱུ་མཚན་དང་གཏན་ནས་མི་མཐུན་པ་ཞིག་རེད། དེ་དག་ལ་ལེགས་ཉེས་ཀྱི་དཔྱད་པ་སྤེལ་ན་འགྲིག་པ་ཞིག་རེད་མ་གཏོགས། མཐའ་གཅིག་ཏུ་དོན་སྙིང་མེད་པར་ལྟ་བ་ནི་ལྟ་ཚུལ་དྲང་མོ་ཞིག་དང་ཡང་དག་ཅིག་ཡིན་པར་བདག་གིས་མི་མཐོང།
ཨ་ལ་ལ་ཀི་རཏི་དགོན་པའི་དཔེ་དེབ་ཚོགས་དང་ནོར་གླིང་གི་དཔེ་དེབ་སྣ་ཚོགས་པ་དེ་སྤྱི་ཚོགས་ཀྱི་དགོས་དོན་སྐོང་མི་ཐུབ་པའི་རྡོག་རྡོག་ཅིག་འདྲ་བ་ཞིག་གོ
བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་ཁྱབ་ཁོངས་ན་ཚོན་ཐང་དང་ནག་ཐང། དམར་ཐང་སོགས་ཀྱི་རིགས་མང་གི། ལྷ་སྐུའི་རིགས་ཀྱི་ན་གཟའ་ལ་མཛེས་ཆོས་ཀྱིས་བརྒྱན་པར་དེ་འདྲའི་འགལ་བ་མེད་པར་སྙམ། གཙོ་བོ་ཐིག་རྩ་དང་ཕྱག་མཚན་སོགས་འཁྲུགས་མ་སོང་ན་འགྲིག་གི་རེད་འདོད་ཀི།
དང་པོ་ཐང་གའི་སྒྱུ་རྩལ་བོད་དུ་དར་བ་ནས་ད་བར་དུ་འཕེལ་འགྱུར་ཞེ་དྲག་ཕྱིན་ཡོད་པ་རེད། དེ་དག་ནི་གཙོ་བོ་ཚོན་་གྱི་འགྲོ་སྟངས་དང། རྒྱབ་ལྗོངས་འགོད་སྟངས་སོགས་རེད། འོན་ཀྱང་དུས་རབས་བཅུ་གསུམ་པ་ནས་སྨན་བྲིས་སོགས་གསར་གཏོད་མཛད་ནས་བོད་ཀྱི་ཐང་གའི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་མངོན་གསལ་ཏུ་སོང་བ་རེད། དེ་དག་ན་གཟའ་འབྲི་སྟངས་་དང་ཚོན་གྱི་འགྲོ་སྟངས། ཡུལ་ལྗོངས་འགོད་སྟངས་སོགས་ལ་འགྱུར་བ་བཏང་ནས་སྒྱུ་རྩལ་གྱི་ཁྱད་ཆོས་མང་པོ་བཏོན་ཡོད་པ་རེད། དེ་བས་ན་གཟའ་ལ་ཚོན་ཁྲ་མང་པོ་ཡོད་པ་སྐྱོན་རེད་ཅེས་བཤད་པ་ནི་ཐང་གའི་སྒྱུ་རྩལ་ཕྱོགས་ལ་རྒྱུས་མངའ་མེད་པའི་གཏམ་དུ་ཁོ་བོས་འདོད། གཞན་རྒྱ་མོ་སྤྱན་རས་གཟིགས་ཀྱི་སྐུ་ཐང་གྱོན་མཁན་ཞིག་ཡོད་ན་དེ་ནི་མོ་རང་གི་གནས་ཚུལ་ཞིག་རེད་མ་གཏོགས། མཛད་རྣམ་གླེགས་བམ་གྱི་རྒྱབ་ཤ་ལ་སྤྱན་རས་གཟིགས་ཀྱི་ཞལ་ཐང་བཀོད་པ་ནི་ནང་དོན་དང་ཧ་ཅང་འཚམ་པར་འདོད་ཀི། ཞིབ་ཏུ་བལྟས་ནས་དངོས་ཡོད་གནས་ལུགས་དང་འབྲེལ་ནས་སྐད་ཅ་བཤད་རྒྱུ་གལ་ཆེ་གི།
ད་ལྟ་ངས་ཀློག་བཞིན་པའི་གླེགས་བམ་འདིའི་ནང་ན་ཡིག་ནོར་གང་འཚམ་འདུག ཡིན་ནའང་། ཡིག་ནོར་མང་པོ་མི་འདུག དཔེར་ན། འཚམས་ནི་ལུས་ཕུང་བདེ་ཐང་དང་སྐུ་འཚོ་བདེ་བའི་དོན་དང་། འཚམ་ནི་རན་པོའི་དོན་ཡིན་པ་དེ་གཉིས་ཀྱི་འགོད་སྟངས་ནོར་འདུག་པ་ལྟ་བུ་རེད།
གངས་སྐྱིད་ཀྱི་ལས་བྱེད་ངོ་ཤེས་ཤིག་གིས་དེབ་དཀྱུས་མ་དེ་ཚར་གཅིག་བླུས་འདུག ཧིན་སྒོར་ 2600 རེད་ཟེར། ང་ལ་མཚོན་ན་དེ་ནི་ཟླ་བ་གཉིས་ཀྱིདེབ་གཉིས་གཡར་པོ་ཞུས་ནས་ཀློག་མུས་ཡིན། བཀླགས་ཚར་བ་དང་ཁྱད་ཆོས་གཙོ་བོར་བཞག་པའི་དཔྱད་བརྗོད་ཅིག་ཀྱང་སྤེལ་འཆར་ཡིན། དངོས་གནས་ཡག་པོ་ཞིག་བྲིས་ཡོད་པ་འདྲ།
སྤྱི་ལོ་་1984་ལོར་ཐོག་མར་མགོ་བཙུགས་ཏེ། མཐའ་མ་དེར། སྤྱི་ལོ་་2009་ལ་མཛད་རྣམ་དེབ་དྲུག་བཏོན་པ་ནི་སྐུ་ངོ་སྐལ་བཟང་ཡེ་ཤེས་མཆོག་གི་བཀའ་དྲིན་རེད།
མཛདརྣམ་འདིར་མགོ་ནས་མཇུག་བར་སྐུ་ངལ་བསྐྱོན་མཁན་གཙོ་བོ་ནི་སྣར་སྐྱིད་ངག་དབང་དོན་འགྲུབ་རེད། དེ་ནས་ད་ལྟ་མཛད་རྣམ་གྱི་མཇུག་ཏུ་གསལ་བ་ལྟར་ན། ཞེ་བོ་བློ་བཟང་དར་རྒྱས་ལགས་རེད། དེ་ནས་ཞོ་ར་བསྟན་པ་དར་རྒྱས་རེད། ཁོང་གསུམ་ལ་ཐུགས་རྗེ་ཆེ་ཞུ། བར་སྐབས་ཀྱི་ཚིགས་བཅད་དེ་ཚོ་ནི་རྡོ་བུམ་རིན་པོ་ཆེ་དང་སྐུ་ངོ་སྐལ་བཟང་ཡེ་ཤེས། བསྟན་འཛིན་འཇམ་དབྱངས། བེ་རི་འཇིགས་མེད་བཅས་ནས་གང་གང་བྲིས་པ་འགྲེལ་བཤད་ཞིབ་ཅིང་ཕྲ་བ་བཀོད་འདུག དེ་ཚོར་ཡང་ཐུགས་རྗེ་ཆེ་ཞུ། ཡང་ད་རེས་ཀྱི་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོའི་ཆ་ཤས་གལ་ཆེན་གཅིག་ཡིན་པ་གོང་ས་བཅུ་གསུམ་པའི་མཛད་རྣམ་བོད་ཀྱི་དཔེ་མཛོད་ཁང་ནས་ཟུར་འདོན་དཔར་འགྲེམས་ཞུས་པ་དེའི་ནང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་སོགས་ནས་ལེགས་བཅོས་དང་རྒྱུས་སྟོན།་ཞུས་དག་སོགས་མང་པོ་ཞིག་གནང་བ་ལ་ཐུགས་རྗེ་ཆེ་ཞེས་བཀོད་ཡོད་པ་དེ་ཚོ་ནི་འདིར་གསལ་མི་འདུག་ནའང་། ཁོང་ཚོར་ཡང་ཐུགས་རྗེ་ཆེ་ཞུ།
མཛད་རྣམ་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ངས་བལྟས་ན་བྱེས་གྱར་བོད་མིའི་སྤྱི་ཚོགས་ཁྲོད་བོད་མིའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང༌། ཉམས་པ་སླར་གསོ་ཡི་ལས་དོན་ལ་འབད་བརྩོན་གནང་མཁན་གྱི་ཚོགས་སྡེ་ཆེན་པོ་དམིགས་དཔེར་འོས་པ་འདི་ལས་མི་འདུག་སྙམ། ཚོགས་པ་འདིས་རྒྱལ་བའི་མཛད་རྣམ་མི་མང་གིས་མཇལ་ཐུབ་པའི་སྐལ་བ་བཟང་པོ་ཞིག་བསྐྲུན་པ་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ།
མཛད་རྣམ་གསར་དུ་དོན་པར་སྙིང་དབུས་ནས་དགའ་བསུ་དང་བཅས་ཡིད་རང་ཞུ། ཡིན་ཡང་རིན་གོང་ཅུང་ཆེ་དྲག་པ་འདུག་གོ
སྤྱིར་ན་ལག་རྗེས་འདི་ལ་བསྟོད་ར་ཞིག་གཏོང་དགོས་ཀྱི་འདུག་མོད། ངས་ད་དུང་ཀློག་མེད་པས་བསྟོད་ར་གཏོང་བ་ལ་སྔ་བ་མི་བྱེད། མང་པོ་ཞིག་གིས་ཚ་ཚ་འུར་འུས་བྱེད་ཀྱི་འདུག་གཱ། ངས་ད་དུང་མཛད་རྣམ་འདིའི་ཁ་བྱང་འདི་ཡང་སྣང་བར་དེ་ཙམ་འགྲོ་མ་སོང་། གང་ཞེ་ན། མིང་འདོགས་སྟངས་ལ་བོད་རང་ལ་འགྲོ་སྲོལ་ཅིག་ཡོད་པས་དེའི་ར་བའི་ནང་དུ་ཚུད་ཡོད་པར་མ་མཐོང་།
ཚོགས་བདག་ལགས་ཀྱིས་དེབ་བྲིས་མི་ཤེས་པ་ཀུན་གྱིས་མཁྱེན་གསལ་རེད། ཤ་ཚ་ཁོང་རང་དེ་གར་བཞག་ཞོག
ཚོགས་བདག་ལགས། སྐུ་མཁྱེན། ཁྱེད་ཀྱིས་བྲིས་པའི་བེད་སྤྱོད་ཡོད་པའི་དེབ་རྣམས་ངོ་སྤྲོད་ཅིག་གནང་རོགས་ཞུ་ཞེས་ངས་ཀྱང་ཞུ་བ་འཐེན་པ་ཡིན། སྐུ་མཁྱེན་ངོ་སྤྲོད་ཅིག་གནང་རོགས། ངས་ཉོ་སྤྱད་མེད་རུང་གཡར་རྒྱུ་ཨེ་ལོན་བལྟས་ནས་ཀློག་དགོས་ཀྱི་འདུག སྐུ་མཁྱེན། ཐུགས་རྗེ་ཆེ།
ཚོགས་བདག་ལགས། ཀིརྟིའི་གྲྭ་ཚང་གི་དཔེ་དེབ་རྣམས་བེད་སྤྱོད་ཡོད་མེད་ཇི་ལྟར་རྟོགས། རང་གིས་དཔེ་དེབ་དེ་དག་ལས་རེ་གཉིས་རེ་ཀློག་མྱོང་ངམ། རང་ཉིད་ནས་སྤྱི་ཚོགས་ཐོག་འགྲོ་རྒྱུགས་དང་བེད་སྤྱོད་ཆེ་བའི་བརྩམས་ཆོས་དཔེ་དེབ་ཅི་འདྲ་ཞིག་འདོན་སྤེལ་བྱེད་མྱོང༌། འོན་ཀྱང་ང་ཁྱོད་ལ་ཁ་རྩོད་རྒྱག་ཁོམ་མེད་ཀྱང་ཁྱོད་ཀྱིས་སྡོམ་ཚིག་ཅིག་བཞག་པ་དེས་རང་ཉིད་ལ་རྒྱ་ཆེ་བའི་རིག་གཞུང་གིས་ཕྱུག་པའི་མི་བུ་ཞིག་ཡིན་པ་རྟོགས་དཀའ།
ཚོགས་བདག་ལགས། ཁྱེད་རང་གིེས་བརྩམས་པའི་བེད་སྤྱོད་ཡོད་པའི་དེབ་རྣམས་གང་དུ་ཡོད།
༧གོང་ས་མཆོག་གི་མཛད་རྣམ་ལེགས་གྲུབ་བྱུང་བར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། འོན་ཀྱང་། སྐབས་འདིར་དུས་བབ་ཚང་གི་གསར་འགོད་པ་རྣམ་ལ་ཆེད་དུ་ཞུ་རྒྱུར། ཁྱེད་ཅག་གིས་བོད་ཀྱི་རིག་གཞུང་ལ་ཞབས་ཞུ་སྒྲུབ་བཞིན་ཡོད་དམ། ཡང་ན་གཏོར་པརླག་བྱེད་ཀྱིན་ཡོད། ང་ལ་ནམ་རྒྱུན་དྲི་བ་ཞིག་ཡོད་པ་ནི། ཡི་གེའི་བསྡེབས་སྦྱོར་དང་། ཚིག་གི་དག་ཆ། དུས་གསུམ་གྱི་དབྱེ་བ། ཕྲད་དང་རྣམ་དབྱེ་ཙམ་ཡང་ལེགས་པོ་ཞིག་མི་ཤེས་མཁན་ཞིག་གིས་ཇི་ལྟར་གསར་འགོད་པའི་བྱ་བ་སྒྲུབ་ཐུབ་བམ། གལ་སྲིད་བོད་ཡིག་འདི་དུས་བབ་ཚང་གི་གསར་འགོད་པ་དག་དང་མཚུངས་པར་རང་སྣང་གང་དྲན་གྱིས་འབྲི་ཆོག་པ་ཞིག་ཡིན་ན། སུམ་རྟགས་དག་གསུམ་སོགས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་དེ་དག་གིས་ང་ཚོ་ལ་ཅི་བྱེད།
ནོར་བུ་གླིང་ཁའི་ལྷ་ཁང་གི་མདུན་གྱི་སྒོ་ངོས་སུ་སྟོན་པའི་ཐང་ག་ཞིག་བཤམ་འདུག་པའི་ཤྭ་རིའི་བུ་དང་མོའུ་འགལ་བུ་གཉིས་ཀྱི་ཆོས་གོས་དེ་ཡང་ཁྲ་ཁྲ་པ་ཁྲ་ཞིག་འདུག་ཡ། སྔགས་པའི་གཟན་ནང་བཞིན་ཞིག་རེད་འདུག རབ་བྱུང་གི་ནབ་བཟའ་འདྲ་ཞིག་མི་འདུག གཅིག་བྱས་དེང་སང་མཆོག་ཟུང་གཉིས་ཀྱི་ན་བཟའ་ཡང་འགྱུར་བ་ཐེབས་ཏེ་ཁྲ་ཁྲ་པ་ཁྲ་འདྲ་བོ་མིན་ནམ།
མཛད་རྣམ་གྱི་རྒྱབ་ཤོག་དེ་དག་རྒྱ་མི་བུ་མོ་ཆུང་ཆུང་དག་གི་གོས་ཆས་འདྲ་བ་ཞིག་མི་འདུག་གམ། དཀར་ཟེ་དམར་ཟེ་དང་ཁྲ་ཟེ་སོགས་ཀྱིས་བརྒྱན་འདུག
ནོར་གླིང་བོད་ཀྱི་རིགས་གཞུང་བསྟི་གནས་ཁང་གི་རླབས་ཆེ་བའི་བྱ་བཞག་ལ་རྗེས་སུ་ཡི་རང་ཡོད་ལ། མཛད་རྣམ་ལེགས་འགྲུབ་ཡོང་བར་བཀྲ་ཤིས་བདེ་ལེགས་ཞུ། མ་འོངས་བར་མུ་མཐུད་དུ་སྐུ་ཚེའི་སྨད་ཀྱི་མཛད་རྣམ་ཡོངས་སུ་ལེགས་འགྲུབ་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད། ཐལ་ཆ་མེད་ལ་ཞན་དེ་བས་ཀྱང་མེད་ཞིག་འབྲི་དགོས་པར་མ་ཟད། མཛད་འཕྲིན་གནད་འགག་ཅན་རྣམས་ཀྱི་རྒྱབ་ལྗོངས་དང་བཅས་པ་ཤེས་པར་བྱེད་དགོས་པས་གང་ལེགས་ཡོད་པའི་རེ་བ་དང་བཅས་གང་མྱུར་མཇལ་རྒྱུར་སྨོན་ལམ་ཡོད།
སྐྱབས་སུ་མཆི་མཛད་རྣམ་ཆ་ཚང་ལེགས་སྒྲུབས་ཀྱི་དཔར་སྐྲུན་ཟིན་ནས་མཛད་སྒོར་དབུ་འབྱེད་ཉིན་མོ་མངོན་དུ་འགྱུར་ལ་ཉེ་བ་འདིར་བཀྲ་ིས་བདེ་ལེགས་གྲངས་མེད་ཞུ་་་་་་་་་་་་་་་་་་་་་་་་་་་་་་་ད་དུང་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་ཁོང་བེ་རེ་དགེ་བཤཻས་འཇིགས་མེད་དབང་རྒྱལ་ཡོད་ཚོད་འདུག་ཀྱང་གོང་གི་ཚོགས་མི་གྲས་ལ་མཚན་སྨྲོས་མི་འདུག་་་་་་་་་་་་་་་་་་་ག་རེ་ཡིན་སྙམ་པའི་དོག་གཞི་ཞིག་ཤུགས་ལས་སྐྱེས་སོངངངངངངངངང་
མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། ཞེས་པའི་དབུ་འབྱེད་གནང་བར་བཀའ་དྲིན་ཆེ། སླད་ནས་ཕྱི་ལོ་ ༡༩༦༦༠ ཟླ་ ༨ ནས་ད་ཕན་གྱི་མཛད་རྣམ་ཁག་གང་མྱུར་པར་སྐྲུན་ཐུབ་པའི་རེ་སྨོན་དང་བཅས། བཀྲ་ཤིས་བདེ་ལེགས།
མཛད་རྣམ་ལེགས་གྲུབ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། འོན་ཀྱང་མཛད་རྣམ་གྱི་དཔེ་དེབ་ཀྱི་རྒྱབ་མདུན་ལ་དེ་འདྲའི་ཁྲ་ཁྲ་ཟང་ཟིང་ཞིག་བྱས་པ་དེ་བླ་ལ་འབབ་པོ་བྱུང་མ་སོང་། ད་བོད་ཀྱི་དཔེ་དེབ་ཇུས་འགོད་ཀྱི་སྒྱུ་རྩལ་དེ་ཚད་གཞི་འདི་འདྲ་ཞིག་ལ་སླེབས་སོང་བ་འདྲ། ནང་ལ་ཅི་ཞིག་བྲིས་ཡོད་མེད་རྗེས་སུ་རིམ་པས་མཇལ་ཐུབ་པར་སྨོན།
མཛད་རྣམ་དེ་ཕྱིའི་རྣམ་པ་ནི་རྫིག་ཐག་ཆོད་ཅིག་འདུག ནང་ལོག་ནི་གང་ཤེས། འགོ་ལོག་དམ་ཆོས་དཔལ་བཟང་གི་ཆོལ་གསུམ་ལོ་རྒྱུས་ནང་བཞིན་མི་ཆགས་པར་སྨོན།
ནོར་གླིང་བོད་ཀྱི་རིགས་གཞུང་བསྟི་གནས་ཁང་གི་རླབས་ཆེ་བའི་བྱ་བཞག་ལ་རྗེས་སུ་ཡི་རང་ཡོད་ལ། མཛད་རྣམ་ལེགས་འགྲུབ་ཡོང་བར་བཀྲ་ཤིས་བདེ་ལེགས་ཞུ། མ་འོངས་བར་མུ་མཐུད་དུ་སྐུ་ཚེའི་སྨད་ཀྱི་མཛད་རྣམ་ཡོངས་སུ་ལེགས་འགྲུབ་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད།
ནང་དོན་ག་འདྲ་ཡོད་མེད་གང་ཤེས་ཏེ། དེབ་ཀྱི་རྒྱབ་ཤ་དེ་ཚོ་ཕྲུ་གུའི་ཀློག་དེབ་འདྲ་པོ་འདུག ཀིརྟིའི་དེབ་བེད་སྤྱོད་མེད་པ་དེ་ཚོ་དང་འདྲ་པོ་འདུག
མཛད་རྣམ་འདི་དག་གི་སྔ་གཞུག་ཀུན་ལ་དངོས་ཤུགས་བརྒྱུད་གསུམ་གང་ཐད་ལ་དཀའ་ལས་རྒྱག་མཁན་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། མི་རིང་བར་མཛད་འདི་དག་ཀློག་པའི་གོ་སྐལ་ཞིག་བྱུང་རྒྱུར་རེ་བ་བྱེད་བཞིན་ཡོད།
ཁྱོན་བསྡོམས་ལོ་ངོ་ཉི་ཤུ་རྩ་ལྔ་ཙམ་གྱི་དུས་ཡུན་རིང་ལ་༧གོང་ས་མཆོག་གི་མཛད་རྣམ་ལ་པོད་དྲུག་ལས་མ་བྱུང་བ་ནི་ཁྱད་མཚར་བོ་ཞིག་འདུག དངོས་འབྲེལ་བྱས་ན་༧གོང་ས་མཆོག་གི་མཛད་རྣམ་གྱི་ལས་གཞི་འདི་ལ་ཕྱོགས་གང་ཅིའི་ཆ་ནས་མཐུན་འགྱུར་གྱི་རྒྱབ་རྟེན་གཞན་ལས་འཛོམས་པོ་ཡོད་ངེས་ཡིན་བསམ། གོ་ནོར་ཐེབས་པ་མིན་ན་གྲུབ་ཚར་མ་ཐག་པའི་མཛད་རྣམ་དེར་ཡང་༧གོང་ས་མཆོག་གི་སྐུ་ཚེ་སྟོད་ཀྱི་མཛད་རྣམ་སྐོར་ལས་མི་འདུག དེས་ན་ཕྱི་ལོ་ ༡༩༦༠ ལོའི་རྗེས་ཕྱོགས་ཀྱི་མཛད་རྣམ་ལོ་རྒྱུས་རྣམས་ནམ་ཞིག་ལ་འདོན་འཆར་ཡིན་ནམ་སྙམ་པའི་དོགས་འདྲི་ཞིག་རང་ཤུགས་ཀྱིས་སླེབས་ཡོང་།
ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས།
འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་འཇིགས་རྟེན་ཞི་བདེའི་དེད་དཔོན་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་གསང་གསུམ་གྱི་མཛད་འཕྲིན་རྣམས་ཡི་གེ་ལམ་དུ་འདྲེན་མི་ནུས་ན་ཡང་ཆ་ཤས་ཙམ་འགྲོ་བའི་བསོད་ནམས་ཀྱི་བསྒོ་སྐལ་དུ་བསྐྲུན་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་འདི་ལྟ་བུའི་བྱ་བ་བཟང་པོ་དེ་ལ་བརྟེན་ནས་༸གོང་ས་མཆོག་གི་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་སྔར་ལས་ལྷག་པར་རྒྱས་པའི་སྨོན་འདུན་ཞུ་བཞིན་ཡོད། ལྷག་པར་བོད་ཀྱི་གནས་སྟངས་ཉག་ཕྲ་བའི་དུས་སྐབས་འདིར་ཁྱེད་རྣམས་ཀྱིས་མ་འོངས་པར་ཡང་མུ་མཐུད་དེ་བསྟན་སྲིད་ལ་ཕན་པའི་ཞབས་་འདེགས་ཡང་ཡང་སྒྲུབ་པའི་བརྩོན་པ་ནམ་ཡང་མི་ལྷོད་པར་ཞུ་ཞུ། བོད་རྒྱལ་ལོ། །
བཀའ་དྲིན་ཆེ། ཀློག་པར་བྲེལ་ནས་ཡོད།
དེ་ཡང་བཀའ་ཁྲི་མཁས་དབང་ཟང་དགོང་རིན་པོ་ཆེའི་གསུངས་པ་བཞིན་བོད་མི་རིགས་ཀྱི་བསོད་གྱི་ནུས་པས་འདང་ན་་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་མཆོག་ནི་ནམ་ཡང་ནུབ་པ་མེད་པའི་འཛད་འཕྲིན་ནམ་མཁའ་ལྟར་གཉམ་པར་འགྲོ་བ་ལྷ་དང་བཅས་པའི་སྐྱེ་འགྲོ་ཡོང་ལ་བྱམས་བརྩེའི་གཟིགས་པ་རྒྱུན་མི་ཆད་པར་བཞུགས་ངེས་ཡིནཛ། དེས་ན་ང་འཚོ་གངས་ཅན་པ་རྣམས་ཀྱི་མིག་གི་བཅུད་དངགཙུག་གི་རྒྱན་ལྟར་བུ་གྱུར་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཛད་རྣམ་སྡེ་ཚན་གྱིས་གླེགས་བམ་དྲུག་གི་བདག་ཉིད་ཅན་གྱི་༧གོང་ས་བཅུ་བཞི་བ་མཆོག་གི་མཛད་རྣམ་ ༼ མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ ༽ལེགས་པར་གྲུབ་དགའ་བསུ་ཞུ་།
གཏིང་མཐའ་མི་མངོན་སྙིང་རྗེའི་རོལ་མཚོ་ཡི། །
རླབས་ཕྲེང་མཁའ་ལ་འཕྱུར་བའི་སྨོན་ལམ་ཞུ། །