ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་དང་བདེ་འཇགས་ཞིབ་འཇུག་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་ལ་ཕུལ་བའི་ ༢༠༠༩ ལོའི་སྙན་ཐོ་ལྟར་ན། རྒྱ་ནག་གིས་ཨ་རིར་གསང་མྱུལ་གྱི་བྱ་སྤྱོད་སྔར་ལས་ཇེ་མང་དུ་གཏོང་བཞིན་ཡོད་ལ། ཨ་རིའི་མི་སེར་ཡིན་པའི་རྒྱ་རིགས་གསང་མྱུལ་བ་འབོར་ཆེན་འབྱུང་བཞིན་ཡོད་པ་མ་ཟད། ད་དུང་དྲ་ལམ་བརྒྱུད་ཨ་རིའི་ཕྱོགས་ལ་ཉིན་རེ་བཞིན་དྲ་རྐུན་དུག་འབུ་འབོར་ཆེན་བཏང་སྟེ་ཨ་རི་གཞུང་གི་གསང་བ་རྟོགས་ཐབས་བྱེད་ཀྱིན་ཡོད་ཚུལ་འདུག
ཨ་རིའི་གྲོས་ཚོགས་ཀྱི་ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་དང་བདེ་འཇགས་ཞིབ་འཇུག་ཚོགས་ཆུང་གི་མགོ་གཙོ་བྷར་ཐོ་ལོ་མིའུ་ Bartholomew ཡིས་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་ལ་སྙན་ཐོ་ཞིག་ཕུལ་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་ནག་གིས་གསང་མྱུལ་གྱི་ཐབས་ལམ་ལ་འགྱུར་བ་བཏང་ཟིན་པར་བརྗོད་ཡོད་པ་དང་། དེ་བཞིན་སྙན་ཐོ་དེའི་ནང་བཀོད་དོན། རྒྱ་ནག་གིས་ད་ལོར་དྲ་ལམ་བརྒྱུད་ཨ་རིར་གསང་མྱུལ་གྱི་བྱ་སྤྱོད་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཨ་རིའི་གཞུང་གི་དྲ་ཚིགས་དང་། དེ་བཞིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་སྐུ་སྒེར་ཡིག་ཚང་གི་གློག་ཀླད་སོགས་གཙོས། པེ་ཅིན་རང་ངོས་ནས་གནད་ཡོད་དུ་འཛིན་པའི་མིང་གྲགས་ཅན་གྱི་མི་སྒེར་དག་གི་གློག་ཀླད་ནང་དུའང་དྲ་རྐུན་དུག་འབུ་ལྐོག་འཛུལ་བྱེད་དུ་བཅུག་ཡོད་པ་གསལ་འདོན་བྱས་ཡོད་འདུག
ཨ་རིའི་ཟུར་ལྔ་ཐོག་ཁང་གི་མཐོ་རིམ་དཔོན་རིགས་ཁོ་ལོ་ནེལ་མེ་ཁེད་ལོན་ Colonel Maikeailun དམག་སྤྱི་ཡིས་ཀྱང་ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་དང་བདེ་འཇགས་ཞིབ་འཇུག་ཚོགས་ཆུང་ལ་གསལ་འདོན་བྱས་དོན། ལོ་སྔོན་མ་གཅིག་པུར། ཟུར་ལྔ་ཐོག་ཁང་ལ་འཕྲད་པའི་གློག་ཀླད་དང་དྲ་རྒྱའི་བར་ཆད་མཐའ་དག་ནི། དྲ་རྐུན་དུག་འབུ་དང་འབྲེལ་བ་ཡོད་པ་དང་། ད་ལོ་ནི་ལོ་སྔོན་མ་ལས་བརྒྱ་ཆ་ ༢༠ འཕར་ཡོད་པ་དང་། ཚོད་རྩིས་བྱས་ན་ད་ལོར་དྲ་རྐུན་དུག་འབུའི་གྲངས་འབོར་འཕེལ་ཚད་ནི་བརྒྱ་ཆའི་ ༦༠ ལས་བརྒལ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་དང་བདེ་འཇགས་ཞིབ་འཇུག་ཚོགས་ཆུང་གིས་གསལ་བསྒྲགས་གནང་དོན། སྤྱིར་འབོར་ཆེ་བའི་དྲ་རྐུན་དུག་འབུ་དེ་དག་ནི་འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཡོང་གིན་ཡོད་མོད། ཕལ་ཆེ་བ་ནི་རྒྱ་ནག་གི་ཕྱོགས་ནས་ཡོང་གིན་ཡོད་པ་དང་། རྒྱ་ནག་ནི་ཨ་རིར་གསང་མྱུལ་གཡོ་འཐབ་ཀྱི་རྣོ་ངར་ཆེས་ཆེ་བའི་རྒྱལ་ཁབ་ཏུ་གྱུར་ཡོད་ལ། ཉེ་ལམ་པེ་ཅིན་གྱིས་སྔོན་ནས་གྲ་སྒྲིག་བྱས་ཡོད་སྲིད་ལ། གལ་སྲིད་འགལ་ཟླ་ཞིག་བྱུང་མ་ཐག་རྒྱ་ནག་གིས་མགྱོགས་མྱུར་གྱིས་ཁྱབ་རྒྱ་ཆེ་བའི་བརྡ་འཕྲིན་དྲ་རྐུན་དུག་འབུའི་དཔུང་ཁག་འབོར་ཆེན་ཞིག་གཏོང་སྲིད་པ་གསལ་འདོན་བྱས་ཡོད།
སྙན་ཐོ་དེའི་ནང་བསྟན་དོན། ཨ་རིས་རྗེས་ཕྱོགས་རྒྱ་ནག་གི་ཕྱོགས་ལ་ནུས་པ་ལྡན་པའི་གསང་མྱུལ་ཕར་རྒོལ་ལས་གཞི་ཞིག་འཛུགས་རྒྱུ་བསྟན་ཡོད་ལ། ཚོགས་ཆུང་དེས་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རིའི་དམག་དོན་གནས་བབ་ལ་ཁ་གཏད་གཅོག་བཞིན་ཡོད་པ་དང་། ལྷག་པར་དུ་མཚོ་འགག་གནད་དོན་འབྱུང་ཉེན་ལ་དམིགས་ཏེ་མཚོ་འགག་དམག་དཔུང་གི་ནུས་ཤུགས་འཛུགས་བཞིན་པ་དང་། གལ་སྲིད་མཚོ་འགག་བར་འཐབ་འཁྲུག་བྱུང་ཚེ། ཨ་རིའི་དཔུང་རོགས་སླེབས་རྒྱུར་ཁ་གཏད་དང་བཀག་འགོག་བྱ་རྒྱུ་ཡིན་པའི་སྐོར་བརྗོད་ཡོད་ལ། ད་དུང་། སྙན་ཐོ་དེའི་ནང་ཨ་རིའི་གྲོས་ཚོགས་ཀྱིས་ཀྱང་ཨོ་བྷ་མ་སྲིད་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲོད་རྒྱུ་སྐུལ་འདེད་བྱས་ཏེ། ཐའེ་ཝན་གྱི་ཕྱོགས་ལ་གཏད་པའི་འཕུར་མདེལ་དང་དམག་ཤུགས་ཕྱིར་འཐེན་བྱེད་དུ་འཇུག་དགོས་པའི་རེ་སྐུལ་ཀྱང་ཞུས་ཡོད་འདུག
ཕྱི་ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་དེར་རྒྱལ་སྤྱིའི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། གསལ་བསྒྲགས་སྐབས་ཨ་རྒྱ་གཉིས་ཀྱིས་ཕན་ཚུན་གྱི་མངའ་ཁོངས་དང་བདག་དབང་ཐད་བརྩི་བཀུར་ཞུ་རྒྱུ་ཡིན་ལུགས་བརྗོད་པ་དེར་། ཐའེ་ཝན་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཡིས་གྲོས་ཚོགས་འཐུས་མིའི་ཚོགས་ཆེན་ཐོག་བརྗོད་དོན། ཕྱི་སྲིད་ལྷན་ཁང་གིས་ཨ་རིར་ངོ་རྒོལ་དྲག་པོ་བྱེད་དགོས་པ་དང་། ཐའེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་མི་སྲིད་པ་བརྗོད་ཡོད། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་ཕྱོགས་ནས་གནའ་ནས་ད་བར་རྒྱ་ནག་གིས་ཐའེ་ཝན་ལ་འཛིན་པའི་བདག་དབང་དེ་ངོས་ལེན་གནང་གི་མེད་ལ། ད་ལྟའང་དེ་ལྟར་ངོས་ལེན་གནང་གི་མེད་པར་ངོས་འཛིན་ཞུ་གི་ཡོད། ཅེས་དང་། ཕྱི་སྲིད་ལྷན་ཁང་གི་ངོས་ནས་ཨོ་བྷ་མས་པེ་ཅིན་དུ་གསར་འགོད་གསལ་བསྒྲགས་སྐབས། ཐའེ་ཝན་དང་འབྲེལ་བའི་སྐོར་གྱི་ཁྲིམས་ཡིག་ཡོངས་ཁྱབ་གསལ་འདོན་བྱས་པར་དགའ་བསུ་ཡོད་ལ། ཐའེ་ཝན་ཕྱི་སྲིད་ལྷན་ཁང་གིས་ཨོ་བྷ་མ་དང་ཧུའུ་ཅིན་ཐའོ་གཉིས་ཀྱི་གྲོས་མོལ་དེའི་མཇུག་འབྲས་ཀྱི་ཁ་ཕྱོགས་ཇི་ལྟར་འཕེལ་རྒྱུ་ཡིན་མིན་ལ་བལྟ་རྒྱུ་ཡིན་ལ། ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་བརྗོད་ཡོད་འདུག
ཕྱི་ཚེས་ ༢༢ ནས་ ༢༥ བར་ཨ་རིའི་གཞུང་གི་ཐའེ་ཝན་མཐུན་ཚོགས་ཀྱི་མགོ་གཙོ་རེ་མོན་སྒྲི་ ཨ་ཧྥུ་ བྷུར་གྷར་ཊི་ Raymond F. Burghardt ཐའེ་ཝན་དུ་འཚམས་གཟིགས་ལ་བསྐྱོད་རྒྱུ་ཡིན་པ་དང་། ཐའེ་ཝན་གྱི་སྲིད་འཛིན་མ་ཡུན་ཇིག་དང་། ཐའེ་ཝན་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་ཅིན་ཕེན། ཐའེ་ཝན་ཆབ་སྲིད་ལྷན་ཁང་གི་མགོ་གཙོ་ཝུ་ཁྲིན་ཡུས་བཅས་ལ་ཐུག་འཕྲད་བྱ་རྒྱུ་ཡིན་པ་དང་། སྐབས་དེར་ཨོ་བྷ་མ་དང་ཧུའུ་ཅིན་ཐའོ་གཉིས་ཀྱི་གྲོས་མོལ་གྱི་ནང་དོན་བརྒྱུད་བསྒྲགས་བྱ་རྒྱུ་ཡིན་འདུག
གྲོགས་བསེ་རུ་ལགས། ནི་སྒྲ་འདི་དར་ནས་ས་ཁྱབ་རྡོ་ཁྱབ་རེད། འདིའི་མིང་ལ་ནི་སྒྲ་ཡུལ་སྐད་བྱེ་བྲག་པ་ལ་འཇུག་པ་ཞེས་འདོགས་ན་སྙམ།
དེང་སྐབས་དྲ་ཐོག་ཏུ་ནི་སྒྲ་གསར་པ་ཞིག་དར་གྱིན་འདུག ཡོད་ནི་རེད། ཤེས་ནི་མ་རེད་ལྟ་བུ། འདི་ཚོར་ཅུང་ཐུགས་སྣང་གནང་རོགས།
ཇག་གཞུང་གིས་མི་ལས་པའི་སྣ་གཅིག་མི་འདུག
ག་དུས་ཡིན་ཡང་།རྐུ་རྒྱག་རྒྱུ་དང་།རྫུན་དང་ཁྲམ་པ་བཤད་རྒྱུ་ནི་ཁོ་ཚོའི་ལས་རེད།
ཨེ་ཤཱ་གླིང་གི་ཤར་ཕྱོགས་ན།
འགྱིང་བའི་མ་ཧཱ་ཙི་ན་འདིར།
རྒྱལ་ཁབ་གཞན་གྱི་དོ་ཟླ་མིན།
འཛམ་གླིང་ས་ཡི་ཡང་རྩེ་ན།
བོར་ལ་ཉེ་བའི་ཐུ་བྷོད་ཐུ།
ནང་འཁྲུག་ནང་དགྲར་བློ་སྟོབས་ཆེ།
རྐུ་རྒྱུ་མེད་པའི་ཁྱིམ་ཚང་ལ།།
རྐུན་མ་སོང་ཡང་ཅི་ཞིག་བརྐུ།།
རྒྱ་དམར་ཚང་གི་རྐུན་ཕྲུག་ཚོས།།
གངས་ཅན་བོད་ཀྱི་ཡོད་ཚད་བརྐུས།།
བཙན་བྱོལ་གཞུང་གི་ཡིག་ཆ་བརྐུས།།
བོད་རིགས་ཀླད་མེད་སེམས་པ་བརྐུས།།
ད་ནི་མཁའ་ལམ་རྐུན་མས་ཁེངས།།
ད་ནི་བོད་ཡུལ་ཇག་པས་ཁེངས།།
ངོ་མ་ཐབས་ཤིག་མེད་ཁུ་མོ།
ཅིག་ཅིག་ཅིག་གི་གསང་བ་ཕྱི་ལ་ཤོར་སོང་། མིག་མིག་མིག་གིས་གསང་བ་ཕྱི་ལ་བསྐྱལ་སོང་། ཅིག་ཅིག་ཅིག་གི་གསང་བ་མིག་མིག་མིག་གིས་བརྐུས་སོང་ཟེར་བ་འདི་ཚོ་ཚང་མ་སུན་ནི་ཞིག་མ་རེད་པས། ང་ཚོ་བཙན་བྱོལ་གཞུང་ཚང་ལ་གསང་བ་ཕྱི་ལ་ཤོར་འགྲོ་རྒྱུ་མེད་ལ། སུ་ཞིག་གིས་རྐུས་འགྲོ་རྒྱུ་ཡང་ཡོད་ནི་མ་རེད། བློ་སེམས་བདེ་ནས་བསྡད་དང་ཆོག་གི་རེད། འདི་འདྲའི་ཕྱོགས་ནས་དོགས་པ་ཙམ་ཡང་བྱེད་མི་དགོས་ན། ལས་བྱེད་དེ་ཚོ་སྐྱིད་པ་ལ། དངོས་གནས་ལྷང་འཇགས་ཟེར་ནོ་ཡིན་ནི་རེད་ཡ།
ཨ་རིས་ཕར་རྒྱ་ནག་ལ་རྒོལ་ལན་ཚ་ཐག་ཆོད་པ་ཞིག་རྒྱབ་ནས་རྒྱ་ནག་ལ་བསམ་གཞིག་བྱེད་འཇུག་རན་རེད།
དྲ་ཐོག་ནས་དམག་ནས་དམག་རྒྱག་རན་དུས་ཤ་ཁྲག་ཁྱེད་རང་དམག་སྤྱི་ཡིན་དཧཧཧཧཧ
ད་མི་རིང་བར་དྲ་ཐོག་གི་དམག་ཤུགས་རྒྱག་ངེས་ཡིན། དེ་དུས་རྒྱ་ནག་སྲིད་གཞུང་གིས་དྲ་དུག་ནད་འབུ་དེ་དག་གིས་ཨ་རིའི་སྲིད་གཞུང་ལ་སྔར་བྱུང་མྱོང་མེད་པའི་གྱོང་རྒུད་ཅིག་སྤྲོད་ངེས་ཡིན། དེ་དུས་ཨ་རིའི་མི་དམངས་དང་ཨ་རིའི་སྲིད་འཛིན་པ་ཡོད་ཚད་གཡོ་སྒྱུ་ཆེ་བའི་རྒྱ་ནག་སྲིད་གཞུང་ལ་སེམས་གཏིང་ནས་ཞེན་ཁ་ཐེངས་ཤིག་ལོག་ངེས་ཡིན།