སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཕྱི་ཚེས་ ༣ གྱི་དགོང་མོའི་དུས་ཚོད་ ༧ དང་ཕྱེད་ཀའི་སྟེང་་ཟི་ལིང་གྲོང་ཁྱེར་གྱི་ཟ་ཁང་ཞིག་གི་ནང་ནས་འཛིན་བཟུང་བྱས་ཡོད་འདུག ཁོང་འཛིན་དོན་ནི་ཁོང་གི་རྡུང་ལེན་ལ་ཆབ་སྲིད་ཀྱི་ནང་དོན་ཡོད་པའི་རྐྱེན་གྱིས་ཡིན་ཚུལ་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་སོག་ཕྲུག་བཀྲ་ཤིས་དོན་གྲུབ་དང་ཁོང་གི་བཟའ་ཟླ། དེ་བཞིན་ཁོང་གི་གཞས་སྣ་སྒྲིག་སྦྱོར་བྱེད་མཁན་བཅས་མི་ ༧ གྱིས་མདང་དགོང་ཟི་ལིང་ནས་དགོང་མོའི་ཟ་མ་བཟའ་སྐབས། ཟི་ལིང་གི་ཉེན་རྟོག་པ་གཉིས་དང་རྨ་ལྷོ་ཡུལ་རྒན་ནས་ཡོང་བའི་ཉེན་རྟོག་པ་གཉིས་བཅས་ཡོང་སྟེ་བཀྲ་ཤིས་དོན་གྲུབ་ལགས་འཛིན་བཟུང་བྱས་ཡོད་འདུག ཡུལ་རྒན་ནས་ཡོང་བའི་ཉེན་རྟོག་པ་དེ་གཉིས་ཀྱི་མིང་ལ་བྱམས་པ་དང་སངས་གྲགས་ཟེར་གིན་ཡོད་འདུག
བཀྲ་ཤིས་དོན་གྲུབ་ཀྱི་བཟའ་ཟླས་ཉེན་རྟོག་པར་མོ་ཁྱོ་ག་འཛིན་དགོས་དོན་ཅི་ཡིན་སྐད་ཆ་དྲིས་ཀྱང་ཉེན་རྟོག་པས་གསལ་བཤད་ཅི་ཡང་མ་བྱས་པར་ཁྲིད་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བཤད་པ་ལྟར་ན། ཉེན་རྟོག་པས་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཀྱི་གཞས་སྣ་སྒྲིག་སྦྱོར་བར་ཁྱོད་ཀྱང་འཛིན་བཟུང་བྱ་རྒྱུའི་མིང་ཐོའི་ནང་བསླེབས་ཡོད་སྟབས་གཟབ་ན་ཡག་གི་རེད་ཅེས་བཤད་ཚུལ་འདུག
བཤད་ཚུལ་ལྟར་ན། སོག་ཕྲུག་བཀྲ་ཤིས་དོན་གྲུབ་ལགས་འཛིན་དོན་ནི་ད་ལོར་ཁོང་གིས་རྨ་ཁ་མེད་པའི་གཅར་རྡུང་ཅེས་པའི་རྡུང་ལེན་འོད་སྡེར་ཅིག་གསར་དུ་བཏོན་པའི་རྐྱེན་གྱིས་ཡིན་ཚུལ་འདུག ཁོང་གི་འོད་སྡེར་དེ་བཀྲམས་མ་ཐག་གིས་གཞུང་གིས་བཀག་འགོག་བྱས་ཡོད་འདུག
སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཀྱི་འོད་སྡེར་དེ་ཕྱི་ཟླ་ ༡༠ ནང་བཏོན་འདུག་ལ། ཕྱི་ཟླ་ ༡༠ པའི་ཚེས་ ༢༩ ཉིན་ས་གནས་ཉེན་རྟོག་པས་སོག་ཕྲུག་བཀྲ་ཤིས་དོན་གྲུབ་འཛིན་རྒྱུ་ཡིན་སྐོར་གསལ་བསྒརགས་བྱས་ཡོད་འདུག དེ་ནས་བཟུང་ཁོང་རང་གི་ཕ་ཡུལ་ནས་འདུག་མ་ཐུབ་པར་ས་གནས་གཞན་པར་མྱུལ་ནས་བསྡད་འདུག་ལ། མདང་དགོང་སྟབས་མ་ལེགས་པར་ཟི་ལིང་ནས་བཟུང་ཡོད་འདུག
ལོ་སྔོན་མ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་དང་རོགས་པ་སྐོར་ཞིག་གིས་གཡུ་མཚོ་སྔོན་མོའི་རླབས་སྒྲ་ཞེས་པའི་འོད་སྡེར་ཞིག་བཏོན་ཡོད་ལ། དེའི་ནང་དུ་ཁོང་གིས། ང་བརྒྱད་ལོ་དང་ཉིས་སྟོང་བརྒྱད་ལོ་ཞེས་པ་ཞིག་བཏང་ཡང་། རྒྱ་གཞུང་གིས་ཁོང་གི་གཞས་དེ་གོང་གི་འོད་སྡེར་དེའི་ནང་དུ་འཇུག་མ་བཅུག་ཚུལ་འདུག རྗེས་ལ་ཁོ་རང་ངོས་ནས་འོད་སྡེར་ཞིག་བཏོན་སྐབས་གོང་གི་གཞས་དེ་ཡང་ནང་དུ་བཏང་ཡོད་འདུག
བཀྲ་ཤིས་དོན་གྲུབ་ལགས་ད་ལོ་ལོ་ ༣༩ སོན་ཡོད་འདུག
དྲ་གྲོགས་རྣམས་
ང་ཚོའི་ལས་དབང་འདི་ཅི་འདྲིས་སྐྱོ་བ་ལ།
ནོར་བཅོས།་ཚང་མས།
རྨ་ལྷོ་ཁུལ།
མཚོ་ཚང་བཀྲིས་ལགས།་སོག་ཕྲུག་བཀྲིས་དོན་འགྲུབ་ལགས།་བོད་གངས་ཅན་བདེ་སྡུག་གླུ་རུ་ལེན་མཁན་གྱི་དཔའ་རྒོད་ཅིག་ཡིན་ལ།་ཁོང་གི་འཁྲུངས་རྨ་ལྷོ་སོག་རྫོང་ངམ་གཡུ་སྒང་རྫོང་ཡིན།་དེང་གི་བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ལགས་དང་ཕ་ཡུལ་གཅིག་པ་རེད།་
འདི་ནས་ཚང་མའ་མཁྱེན་དགོས་པ་ཞིག་ལ།་ཁོང་འཛིན་བཟུང་བྱེད་མཁན་དེ་ཉེན་རྟོག་པ་མ་རེད།་རྨ་ཁུལ་དང་གཡུ་སྒང་རྫོང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མི་དག་ཡིན།་
རྒྱ་གཞུང་སྲིད་ཇུས་ནང་ཆབ་སྲིད་དོགས་ཡོད་རིགས་གསང་འཛིན་བྱེད་རྒྱུ་བདེ་འཇགས་མི་སྣ་ཟེར་བའི་ལས་འགན་རེད།་
གཞས་པ་བཀྲིས་དོན་གྲུབ་ལགས་ཀྱི་སྙིང་སྟོབས་ལ་གུས་བརྩི་ཞུ་བ་དང་། ཁོང་དང་ཁོང་འདྲ་བའི་མ་ཉེས་ཁ་གཡོག་ཕོག་པའི་བོད་མི་རྣམས་ལ་སེམསས་གཏིང་ནས་གདུང་སེམས་མཉམ་སྐྱེད་ཡོད། ང་ཚོ་བོད་ནང་གི་བོད་མི་ཚོ་སྨྲ་བརྗོད་ཀྱི་རང་དབང་ཙམ་ཡང་ལོངས་སྤྱོད་བྱ་དབང་མེད་པར་འཛིན་བཟུང་བྱེད་བཞིན་པ་འདི་ནི་སེམས་སྐྱོ་དགོས་པ་ཞིག་འདུག ང་ཚོ་བཙན་བྱོལ་བ་་ཚོ་མི་མེད་ལུང་སྟོང་དུ་གནས་མེད་པར། རྒྱལ་སྤྱིའི་སྟེང་དོ་སྣང་ཆེ་ཤོས་བྱ་ཡུལ་དུ་གྱུར་བའི་ས་གནས་ཁག་ཏུ་གནས་ཡོད་པས་ང་ཚོས་ཀྱང་མི་རེ་རེ་ནས་འགན་འཁུར་བླངས་ཏེ་ཁག་ཕར་གཡོག་ཚུར་གཡོག་མེད་པར་ཚིག་གི་གདུང་གྲོགས་ཞིག་ལས་འདིར་མཛོད་དང༌། འདི་ནི་དངོས་གནས་མི་རིགས་ལ་ཞེན་པ་ཞིག་ཡིན་སྲིད། གཞས་པ་ཁྱེད་གང་མགྱོགས་མ་ཉེས་ཁ་གཡོག་གི་བཙན་དབང་དེ་དག་ལས་གྲོལ་ཏེ་ཁྱིམ་མི་བཟའ་ཚོ་མཉམ་སླར་ཡང་མཉམ་འཛོམས་ཀྱིས་རང་གི་སྨྲ་བརྗོད་རང་དབང་ལོངས་སུ་སྤྱད་དེ་མུ་མཐུད་གླུ་དབྱངས་སྙན་མོ་ལེག་ཤོག་ཨང་༎།
http://www.youtube.com/watch?v=J_g4RIwJiR0
རྨ་ཁ་མེད་པའི་གཅར་རྡུང /
ཨ་ཇོ་རྒྱང་ནས་མ་ཕེབས་དྲན་གདུང་གཅིག
མི་རིགས་མཐུན་སྒྲིལ་དམན་པ་སྐྱོ་སྡུག་གཉིས།
བོད་ལ་རང་དབང་མེད་པའི་བཙན་འཛུལ་གསུམ
འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།
ཕ་ནོར་ཕྱི་ལ་ཤོར་བའི་འགྱོད་པ་གཅིག
རང་བྱུང་གཏེར་ཁ་མ་དབང་སྡུག་བསྔལ་གཉིས།
རྩ་རྒྱུ་སྒོ་རྒྱུ་བཅད་པའི་ཐབས་ལམ་གསུམ།
འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།
ཕ་མའི་བྱམས་བརྩེ་མ་དབང་སྡུག་བསྔལ་གཅིག
ཕུ་ནུའི་ནང་གཏམ་མ་གོ་སྐྱོ་སྡུག་གཉིས།
རུ་སྡེ་འཕྱ་མྱོད་བྱེད་པའི་སེམས་སྡུག་གསུམ།
འདི་གསུམ་རྨ་ཁ་མེད་པའི་གཅར་རྡུང་རེད།
མཚོ་ཚང་བཀྲིས་ལགས་ གླུ་བ་བཀྲ་ཤེས་དོན་གྲུབ་ཁོང་ནི་མདོ་སྨད་སོག་རྫོངས་ནས་རེད། ཅེས་ཕྱིར་སོག་ཕྲུག་ཟེར་ན ཁོ་ཚོའི་མི་རྒྱུད་སོག་པོ་ཡིན་ཟེར་ཁོ་ཚོ་ལ་འགྱུར་ནས་ལོ་ངོ་བདུན་བརྒྱ་འགོར་ཟེར་བའི་དེ་ལྟར་བཤད་སྲོད་ཅིག་འདུག་
སོག་ཕྲུག་བཀྲ་ཤེས་དོན་གྲུབ་གངས་ཅན་པའི་བདེ་སྡུག་གླུ་རུ་གྱེར་པའི་དཔའ་རྒོད་ལགས་ཨ་མི་བུ་ད་ནི་གླུ་བ་ཞིག་གི་སྐྱེས་པས་དོན་གོ་ཆོད་སོང་། སྙིང་མ་རྗེ་གླུ་ཞིག་བླངས་ན་ཡང་བཙོན་ཁང་ནང་ལ་འགྲོ་དགོས་མགོ་ནག་བོད་པའི་ལས་དབང་སུ་ལ་བཅོལ།
ཡ། སོག་ཕྲུག་བཀྲ་ཤིས་དོན་འགྲུབ་ལགས། དངོས་གནས་སྙིང་རྗེ། ང་ཚོ་བཙན་བྱོལ་བ་དེ་ཚོས་མི་མེད་ལུང་སྟོང་ནས་སྐད་བརྒྱབས་བསྡད་པ་དེ་འདྲ་མ་རེད། སོ་སོའི་ཁེ་ཕན་མ་གཏོགས་གཞན་དག་ལ་ཚོར་བ་བདེ་སྡུག་ཡོད་པའི་འཛིན་སྟངས་ཙམ་ཡང་མེད་པའི་རྒྱ་མི་གསོན་འདྲེ་དེ་ཚོས། ཤ་ཚལ་བུ་དང་། ཁྲག་ཐིག་པ་བཟོ་ཡི་རེད། དངོས་གནས་ང་ཚོའི་མི་རིགས་འདི་ལ་གླེན་རྟགས་ཤིག་འདུག །སོ་སོའི་སྲོག་ཀྱང་ཉར་ཚགས་བྱེད་ཤེས་ཀྱི་མི་འདུག །དེ་ལས་ལ་རྒྱ་མ་དོར་བའི་སྒོ་ནས་སྟུན་མཁས་བྱས་ན་ཡག་ཤོས་རེད། དེང་སང་རྒྱ་ནག་ལ་སྟོབས་འབྱོར་ཆེ་བའི་ཨ་རི་དང་མི་གྲངས་མང་བའི་རྒྱ་གར་སོགས་ཚང་མ་སྐྲག་ནས་བསྡད་ཡོད་པ་རེད། གང་ཡང་མེད་པའི་ཉམ་ཆུང་ང་ཚོས་གང་བྱེད་ཐུབ་ཀྱི་རེད།
ངོ་མ་རྒྱ་རྒན་ཚང་འདི་བྱ་བཙོག་གི་ཡ། བཀྲ་དོན་འགྲུབ་ཁོང་ལ་མཚོན་ན་ང་ཚོ་བག་ཆགས་ཟབ་མོ་བཞག་ཡོད། དཔེར་ན། འདིའི་སྤྱི་ལོ་ཉིས་སྟོང་བརྒྱད་ཀི་ལོ་ཞེས་པའི་རྡུང་ལེན་དེ་ས་ཁྱབ་རྡོ་ཁྱབ་ཡིན་པ་དེ་རེད། ཁོ་མྱུར་ཏུ་བཙོན་གྲོལ་ཐོབ་པར་སྨོན།
ད་ངས་སུའི་སྐད་ཆ་ལ་ཉན་དགོས་སམ། ཀླུས་གསུང་ན་སོག་པོ་ནས་རེད་འདུག དཀོན་མཆོག་གིས་གསུང་ན་ཨ་མདོ་ནས་རེད་འདུག། རྟ་བྷེ་རེད་མི་འདུག་པ་གསལ་པོ་ཆགས་སོང་། ཐུགས་རྗེ་ཆེ།
མཚོ་ཚང་བཀྲ་ཤིས་ལགས་ལ་ཞུ་རྒྱུ། སོག་ཞེས་པ་དེ་ནི་བོད་མདོ་སྨད་ས་ཁུལ་ཞིག་མིང་རེད།
བོད་མི་རྣམས་གཅིག་ཀྱང་མ་ལུས་པ་རྒྱ་ནག་གི་བཙོན་ཁང་དུ་འཇུག་རྫོགས་ཀྱི་རེད།
མཚོ་ཚང་བཀྲིས་ལགས་། ཁོ་ཨ་མདོའི་ཁོངས་སུ་ཡོད་པའི་སོག་པོ་ནས་རེད། ཁོ་རྟ་བྷེ་མ་རེད་དེ་སོག་ཕྲུག་ཤེས་རབ་རེད།
བོད་ཀྱི་གླུ་བའི་བོད་དོན་བདེན་པ་གླུ་རུ་བླངས་དེ་རང་གི་ཚེ་སྲོག་དམར་པོ་གཞུང་གིས་ཁྲིམས་ཁར་ལྷུང་ན་ཡང་། བདེན་པ་བཤད་ས་དང་ཁྲིམས་གཅོད་རང་དབང་མེད་པའི་རྒྱའི་སྲིད་གཞུང་གིས་གང་འདོད་འདོད་ཅིག་བྱེད་བཞིན་པ་དེ་དག་འུ་ཅག་གི་རྣ་བར་འབྱོར། སེམས་པའི་གཏིང་སར་ན་ཟུག་སློང་། བྱེད་རྒྱུ་མེད་པའམ། ཞུ་ས་ཡོད་པའི་མིང་ཞིག་རྒྱལ་སྤྱིའི་སྟེང་དུ་ཡོད་རབས་ཡིན་ཡང་། ལག་འགུལ་ནས་ལས་ཀ་བྱེད་མཁན་ནི་ཉིན་མོའི་སྐར་མ་ལྟ་བུ་ཞིག་མ་རེད་དམ། ད་ནི་དངོས་ནས་གླུ་བ་ཁོང་ལ་དཀའ་ལས་ཁག་ཙམ་ཞིག་ཡོང་རྒྱུ་ཡིན་པ་ནི་བཤད་མི་དགོས་པར། གཅར་བརྡུང་ག་ཚོད་ཅིག་མྱོང་མིན་དང་། ན་ཟུག་ག་ཚོད་ཅིག་འཁུར་དགོས་མིན་སོགས། མི་སྔོན་པའི་དབྱིངས་ནས་སྐྱོབས་དུ་ཡོང་མཁན་གང་ཡང་མེད་པའི་ཁོ་རང་དེ་ནི་དངོས་ནས་སྙིང་རེ་རྗེ། བོད་གངས་ཅན་ཚང་གི་སྐྱིད་སྡུག་གི་ཆེད་དུ་ཁ་ཞིག་འགུལ་བ་དེ་ཡང་ནག་ཉེས་སུ་གྱུར་བ་རེད།
གསར་འགོད་པ་ལགས། ཕྲན་ལ་འདྲི་བ་གཉིས་འདུག་ལགས། དང་པོ་ སོག་ཕྲུག་བཀྲིས་དོན་གྲུབ་ཁོང་བོད་རིགས་རེད་དམ་ཡང་ན་སོག་རིགས་རེད། གཉིས་པ་ ཁོང་ ཁར་རྩང་གི་གཏམ་བརྒྱུད་ ཅེས་པའི་བརྙན་འཕྲིན་འཁྲབ་ཚན་ནང་གི་མི་སྣ་གཙོ་བོ་རྟ་བྷེ་ཞུ་བ་དེ་རེད་དམ། ལན་ཞིག་གནང་རོགས་ཞུ།