རྒྱ་ནག་དབུས་ཚན་རིག་ཞིབ་འཇུག་ཁང་དང་ནན་ཅིན་ས་གཤིས་ཞིབ་འཇུག་ཚན་ཁག མཚོ་སྔོན་པོའི་རང་བྱུང་སྲུང་སྐྱོབ་དོ་དམ་སྡེ་ཁག་གསུམ་མཉམ་འབྲེལ་ཐོག སྔར་ལོ་ནས་མཚོ་སྔོན་པོའི་སྐོར་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཁ་སང་ཕྱི་ཚེས་ ༤ ཉིན་ཕྱིར་བསྒྲགས་བྱས་པ་ལྟར་ན། ད་ཆར་མཚོ་སྔོན་པོའི་མཐའ་འཁོར་ནས་མཚོ་ནང་བཞུར་འོང་བའི་ཆུ་བོ་མང་ཆེ་བ་སྐམ་ཚར་ཡོད་འདུག མཚོ་སྔོན་པོའི་མཐའ་འཁོར་དུ་བསྡོམས་པའི་ཆུ་བོ་ཆེ་ཆུང་ ༡༢༧ ཙམ་ཡོད་པ་དང་། དེ་དག་ནི་མཚོ་སྔོན་པོར་ཁ་གསབ་བྱེད་པའི་མཚོ་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་ནའང་། ཉེ་བའི་ལོ་འགའི་རིང་ཆུ་བོ་ ༥༧ ཙམ་སྐམས་ཟིན་ཡོད་འདུག
འཛམ་གླིང་གནམ་གཤིས་འགྱུར་ལྡོག་གིས་མདོ་དབུས་མཐོ་སྒང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཏེ། ལོ་ངོ་སྟོང་ཕྲག་རིང་རྒྱུན་མི་ཆད་དུ་བཞུར་གྱིན་ཡོད་པའི་ཆུ་བོ་དག་ཆད་ཅིང་། དུས་བཞིར་སྔོ་ལྡེམ་མེར་འཁྱིལ་བའི་རང་བྱུང་ཁོར་ཡུག་གི་མཚོ་དང་མཚེའུ་དག་སྐམ་གྱིན་ཡོད་ནའང་། མཚོ་སྔོན་པོའི་མཚོ་ཆུའི་ཚད་རིམ་བསྟུད་མར་ཇེ་མཐོར་སོང་སྟེ། ལོ་གཅིག་རེར་ལི་མུས་ ༡༠ ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ནས་ ༢༠༠༨ བར་ལི་མུས་ ༥༤ ཙམ་ཇེ་མཐོར་སོང་ཡོད་འདུག ཆེད་མཁས་པའི་བརྟག་དོན་ལྟར་ན། དེ་ནི་ལོ་འདི་འགར་མདོ་དབུས་མཐོ་སྒང་ལ་ཆར་ཆུ་ཤུགས་ཆེན་བབས་པའི་རྐྱེན་གྱིས་ཡིན་ཚུལ་བརྗོད་ཡོད་ལ། མཚོ་སྔོན་པོའི་སྤྱིའི་ཟབ་ཚད་མུས་ ༢༥ ། ༥ ཙམ་ཡོད་འདུག
རྡོ་ཆག་སྐམ་པོ་བཙན་གྱིས་མི་བསྒྲིག་གི།
ཨ་རོགས་མཚོ་ཚང་བཀྲིས། བོད་རིགས་བསོད་བདེ་སྐམ་པོ་ཁྱུ་དང་ཁྱུ་མཐོང་རྒྱུ་འདུག་ན་ཁྱེད་རང་ཡང་ཁྱུ་ཅིག་ནང་འཚུད་ཡོད་རེད་ད། ཡག་ན་འདྲ་སྡུག་ནའང་འདྲ་ཚང་མ་རྩམ་པ་ཟ་མཁན་གཅིག་པ་རེད། མཚོ་དང་རྒྱུག་ཆུ་སྐམ་དགོས་བྱུང་བ་བོད་རིགས་ཚོ་བསོད་བདེ་སྐམ་དྲགས་པས་མ་རེད། ཤེས་འདོད་ན། རྒྱ་གཞུང་གིས་ཁོར་ཡུལ་སྲུང་སྐྱོར་སྡུག་དྲགས་ནས་གོ་ལའི་གནམ་གཤིས་ཚ་དྲོ་འཕེར་བའི་དབང་གིས་རེད། རྩམ་པ་རང་གིས་བཟས། རྩམ་ཁུག་སྟོང་པ་གཞན་ལ་སྤྲོད།
མཚོ་སྔོན་པོ་ལོ་རེར་བཞིན་རྒྱས་བཞིན་པ་ཆེད་མཁས་པས་ལོ་འདི་དག་གི་རིང་ལ་ཆར་ཆུ་ཤུགས་ཆེན་བབས་པས་ཡིན་ཚུལ་བརྫོད་པ་དེ་དོན་དངོས་དང་མི་མཐུན་པར་སྣང།་ས་ཆ་གང་དུ་ཆར་ཞོད་འབབ་ཤུགས་ཆེ་ན་རུ་རྒྱུག་ཆུ་དང་གཙང་པོ་དག་རྒྱས་ཏེ་མི་རྒྱུར་གནོད་འཚེ་དང་གྱོང་གུད་བཟོ་བཞིན་ཡོད་པ་མིག་མཐོང་ཡིན་ན།་མཚོ་སྔོན་པོའི་ལྟག་ཆུའི་གཙང་པོ་ཁག་ཅི་ཙམ་བསྐམས་པ་དེ་ཙམ་གྱིས་མཚོ་ཆུ་ཇེ་རྒྱས་སུ་འགྲོ་བཞིན་པ་འདིར་རྒྱུ་རྐྱེན་གཞན་ཞིག་ཡོད་ངེས།དེ་བཞིན་ཆར་ཞོད་འབབ་ཤུགས་ཆེ་ན་གཙང་ཆུ་རྒྱས་པ་དང་མཉམ་དུ་མཚོ་ཆུ་རྒྱས་དགོས་པ་དོན་དངོས་འཁྲུལ་མེད་དུ་འཁུམས་པས།ལྟག་ཆུ་བྲི་བའི་མཚོ་རྫིང་འདི་ཇི་ལྟར་འཕེལ་བཞིན་ཡོད་ན།
ལོས་སྐམ། སྐམ་དགོས་བྱུང་དེང་སྐབས་དྲ་ཐོག་དང་བརྙན་འཕྲིན་གང་སར་བོད་རིགས་བསོད་བདེ་སྐམ་པོ་ཁྱུ་དང་ཁྱུ་མཐོང་རྒྱུ་མི་འདུག་གམ། ད་ཅི་བྱེད། མི་མ་ཤི་ལྷའི་རོ་མཐོང་ ཞེས་པ་དོན་ལ་གནས་པ་ཞིག་འདུག་གོ།
སྐམས་ཟིན། བསྐམས་ཟིན།
རྒྱ་སྐད་ཀྱི་སྒྲ་ཟུར་ཆག་ལྟར་ན།
ལི་མུས། ལི་མིས།
མུས། མིས།
ཞེས་འབྲི་དགོས་འདུག་ཀྱང་།
བོད་ནང་དུ་ཡོངས་གྲགས་ལྟར་ན། ཨང་རྩིས་སློབ་ནང་དུ་རྨིད་ཅེས་བེད་སྤྱོད་བཏང་ཡོད།
གོང་དུ་བཀོད་པ་དེ་ནི་སྐད་ཀྱི་གཤིས་ཀའི་སྟེང་ན། དབྱངས་ཨི་དང་ཨུ་གཉིས་ཀྱི་སྒྲ་གདངས་ཉེ་བས་དེ་ལྟར་འགྱུར་བ་རེད་སྙམ།
དྲ་གྲོགས་ཨ་མདོ་བ་ཚོས། དབྱངས་ཨི་དང་ཨུ་གཉིས་ལ་དམིགས་བསལ་ཐུགས་སྣང་དགོས་འདུག།