ང་ལྟ་བུར་ཆ་བཞག་ན་སྟབས་ཡག་ཉེས་ཇི་ལྟར་ཡང་སྤྲུལ་སྐུའི་མིང་ཞིག་འཁྱེར་ཡོད། འོན་ཀྱང་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དེ་ཡང་དག་པ་དང་ཡག་པོ་ཞིག་ཡིན་པའི་བསམ་ཚུལ་མེད། གང་ཡིན་ཟེར་ན། ང་རང་གང་གི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེའི་རྒྱུད་གཅིག་པའི་ཡང་སྲིད་ཅིག་མིན་པ་ངས་ཤེས་ཀྱི་ཡོད། དེར་བརྟེན་ང་ལྟ་བུ་རྒྱུད་མི་གཅིག་པའི་ཡང་སྲིད་མང་པོ་ཞིག་ཡོད་སྲིད་སྟབས། ངས་ནམ་རྒྱུན་ཡང་སྲིད་ངོས་འཛིན་གནང་སྲོལ་དེ་རྩ་བ་ཆེན་པོ་དང་། རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་པར་མཐོང་གི་མེད།
བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐེངས་བཅུ་བའི་ཆོས་ཚོགས་སྟེང༌། བཀའ་ཤག་གི་དགོངས་གཞི་དོན་ཚན་གསུམ་སྙན་སྒྲོན་ཞུས་དོན། ཆོས་ཚོགས་ཐེངས་ ༡༠ འདི་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་ཏེ་མི་ལོ་ ༥༠ འཁོར་བ་དང༌། བོད་ས་ཡོངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་ཚུད་དེ་མི་ལོ་ ༥༨ འཁོར་བའི་རྗེས་དྲན་དང་བསྟུན་ཏེ་ཚོགས་པ་རེད། བོད་རྒྱལ་ཁབ་དང་མི་རིགས་ཆགས་ནས་ད་ལྟའི་བར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ནས་འཇིག་རྟེན་སྤྱི་ཡོངས་ལ་ཕན་བདེ་སྒྲུབ་མཁན་ཞིག་བྱས་བསྡད་པ་རེད། བོད་དུ་ནང་ཆོས་མ་དར་བའི་སྔོན་ནས། གཡུང་དྲུང་བོན་སོགས་ནང་བསྟན་རིག་པའི་གཞུང་ལུགས་རྒྱ་ཆེན་དར་ཡོད། ནང་ཆོས་དར་རྗེས་ད་ལྟའི་བར་ཆོས་བོན་གཉིས་ཀྱིས་མཚོན་པའི་ནང་དོན་རིག་པའི་གཞུང་ལུགས་ཀྱི་འཛིན་སྐྱོང་དེ། འཛམ་གླིང་རྒྱལ་ཁབ་གཞན་ན་མེད་པའི་ཚུལ་མཐུན་ཞིག་གནང་ཡོད། བོད་པའི་ངོ་བོ་དང་དེ་ལ་ངོས་འཛིན་བྱ་དགོས་བྱུང་ན། བོད་དུ་དར་བའི་ཆོས་བོན་ནང་དོན་རིག་པའི་རིག་གནས་མ་གཏོགས་གཞན་ལས་བོད་པ་ངོས་འཛིན་བྱ་ཐབས་ཁག་པོ་རེད།
བོད་ནང་ཡོད་སྐབས་ཆོས་སྲིད་ཟུང་འབྲེལ་ལ་གོ་བ་གཏིང་ཟབ་ཅིག་ལོན་མེད། ད་ལྟ་ང་ཚོས་ཆོས་སྲིད་ཟུང་འབྲེལ་དེར་གོ་བ་གསར་བ་གང་ཞིག་རྙེད་ཡོད་ཟེར་ན། འདས་བའི་བྱུང་རབས་ནང་བོད་མི་རིགས་ཀྱི་ཆབ་སྲིད་དེ་ཆོས་ལུགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཚོ་ཡོད་པ་གསལ་བོ་ཆགས་ཡོད། བོད་མི་རིགས་ཀྱི་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན་རླབས་པོ་ཆེ་ཞིག་ང་ཚོའི་ད་ཕན་བསྒྲུབས་ཡོད། རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ལ་འབད་བརྩོན་བྱེད་དོན་ཡང༌། འཇིག་རྟེན་སྤྱི་ཡོངས་ལ་ཕན་བདེ་སྒྲུབ་བྱེད་དེ་མི་ཉམས་རྒྱུན་འཛིན་བྱེད་པའི་ཆེད་དུ་དམིགས་པ་རེད་མ་གཏོགས། ཆབ་སྲིད་ཀྱི་རང་སྐྱོང་དེ་ང་ཚོའི་དམིགས་ཡུལ་མཐར་ཐུག་མིན། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་བོད་མི་རིགས་ལ་འཁྲི་བའི་འཇིག་རྟེན་སྤྱི་ཡོངས་ཀྱི་ལས་འགན་དང༌། མི་རབས་ནས་མི་རབས་ལ་སྲོག་ལས་གཅེས་བར་བཟུང་སྟེ། འཛིན་སྐྱོང་སྤེལ་གསུམ་བྱས་པའི་ཆོས་བོན་བསྟན་པའི་སྲོལ་ཡང་དག་པ་ཅིག་འཛིན་སྐྱོང་བྱ་རྒྱུ་དེ་ཡིན། ཐེངས་འདིར་བཀའ་ཤག་གི་རེ་འདུན་ཁ་ཤས་ཞུ་རྒྱུ་ཡོད།
དང་པོ། ཆོས་ཀྱི་སྡེ་ཚན་ཁག་དངོས་ཤུགས་བརྒྱུད་གསུམ་ནས་ཆབ་སྲིད་སྒྲིག་འཛུགས་ཤིག་ལ་བརྟེན་དགོས་པ་ཆགས་ཡོད་སྟབས། ཆོས་ཀྱི་སྡེ་དང་སྲིད་ཀྱི་སྒྲིག་འཛུགས་བར་གྱི་འབྲེལ་བ་ཡང་དག་པར་གནས་རྒྱུ་གལ་ཆེ། འབྲེལ་བ་ཡང་དག་པར་གནས་མིན་དེ་ཆོས་སྡེ་ཁག་གི་དབུ་ཁྲིད་ཚོས་གཞུང་ལ་འབྲེལ་བ་གནང་ཕྱོགས་དང༌། གཞུང་གི་ལས་ཀྱི་སྣེ་མོ་བ་ཚོས་བསྟན་པ་དང་བསྟན་འཛིན་གྱི་སྡེ་ལ་འབྲེལ་བ་ཞུ་སྟངས་ལ་ཐུག་ཡོད། བློན་ཆེན་ལས་ཁུངས་བདུན་གྱི་གྲས་སུ་གཏོགས་པའི་ཆོས་རིག་ལས་ཁུངས་དེ། ད་ལྟའི་གནས་སྐབས་སུ་གཞུང་གི་བཀའ་བློན་ལས་ཁུངས་ཀྱི་ངོ་བོར་བསྡད་ཡོད་སྟབས། ཆོས་བརྒྱུད་ཁག་ལ་དུས་ནས་དུས་སུ་ལམ་སྟོན་དང༌། འཛིན་སྐྱོང་སྟངས་འཛིན་གནང་རྒྱུར་ཆ་རྐྱེན་ཚང་གིན་མེད། སྤྱི་འཐུས་ལྷན་ཚོགས་སུ་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཡོད་ཀྱང༌། སྐུ་ཚབ་དེ་ཚོ་ཐད་ཀར་འཛིན་སྐྱོང་ལ་འབྲེལ་བ་ཆགས་མེད། དམངས་གཙོའི་དཀའ་བ་གསུམ་གྱི་དབང་ཚད་དང་ཁྱབ་ཁོངས་ལ་དབྱེ་བ་ཕྱེས་ཡོད། དེར་བརྟེན། ཆོས་རིག་ལྷན་ཁང་དེ་ཆོས་རིག་ལྷན་ཚོགས་སུ་བསྒྱུར་ཏེ། འཛིན་སྐྱོང་གི་སྒྲོམ་གཞིའི་ནང་ཆོས་བརྒྱུད་ཁག་གི་སྐུ་ཚབ་མཚོན་པའི་སྒྲིག་འཛུགས་ཀྱི་གནས་བབ་བྱུང་བ་ཡིན་ན། གཞུང་ལ་ཐུགས་ཕན་གསོས་པ་དང༌། ཆོས་ལུགས་ཆོས་བརྒྱུད་ཁག་ལའང་ནུས་པ་འཐོན་པ་ཞིག་ཡོང་གི་རེད་སྙམ་པའི་འཆར་སྣང་ཡོད།
གཉིས་པ་ནི། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་རིག་པའི་སྲོལ་རྒྱུན་དེ་ཆབ་སྲིད་ཀྱི་དབང་ཤུགས་ལ་འགལ་རྐྱེན་ཆེ་ཤོས་སུ་མཐོང་གིན་ཡོད། ཆོས་འཁོར་རྩ་རླུང་དང་བོད་བརྒྱུད་ནང་བསྟན་གཉིས་བསྡུར་ན། མི་འབོར་གྱི་ཆ་ནས་ཆོས་འཁོར་རྩ་རླུང་མང་ཡང༌། བོད་བརྒྱུད་ནང་བསྟན་གཏིང་ཟབ་པ་དང༌། རྒྱལ་སྤྱིའི་ནང་གི་ཆེ་མཐོང་སོགས་ཀྱི་དབང་གིས་ཉེན་ཁར་མཐོང་སྟེ། རྩ་མེད་གཏོང་རྒྱུར་ཐབས་ཤེས་འདྲ་མིན་བྱེད་ཀྱིན་ཡོད། རྒྱ་ནག་གིས་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་སྐོར་གྱི་ཆབ་སྲིད་ཀྱི་ཡིག་ཆ་ཞིག་སྔར་ལོ་གཏན་འབེབས་བྱས་ཡོད། སྐབས་དེར་ངྷ་རམ་ས་ལར་ཆོས་ཚོགས་འཚོགས་ཏེ། རྒྱ་ནག་གི་ཡིག་ཆ་དེར་ངོས་ལེན་མེད་པ་དང༌། མ་འོངས་པར་ཆོས་བརྒྱུད་སོ་སོའི་དབུ་འཛིན་རྣམ་པའི་ཆོག་མཆན་མེད་ན། སྤྲུལ་སྐུ་ཚད་ལྡན་དུ་ངོས་ལེན་མེད་པ་གསལ་བསྒྲགས་བྱས་ཡོད། དེ་འཛམ་གླིང་ཡོངས་གྲགས་སུ་གསལ་བོ་བཟོ་ཐབས་ལ་དགོངས་པ་བཞེས་དགོས། རྒྱ་ནག་གི་བཀའ་རྒྱ་གཞིར་བཟུང་འགྲོ་མཁན་དེ་དག བོད་བརྒྱུད་ནང་བསྟན་སྤྱིའི་ཆ་ནས་ངོས་ལེན་མེད་པ་ཞིག་བཟོ་ཐུབ་ན། དེ་ཆགས་སྡང་འཐབ་རྩོད་ཀྱི་ངོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད། སྤྲུལ་སྐུ་ངོས་འཛིན་དེ་ཆབ་སྲིད་དབང་འཛིན་པ་ཚོའི་བློ་ལ་འབབ་མིན་ཚད་འཛིན་བྱས་ཏེ་ཆབ་སྲིད་ཀྱི་ལག་ཆར་གྱུར་ན། བསྟན་པ་དང་སྐྱེས་འགྲོར་གནོད་ཚབས་ཆེན་པོ་ཡོང་གི་རེད། པན་ཆེན་ཡང་སྲིད་གཉིས་བྱུང་བ་དེས་འབྱུང་འགྱུར་ཧ་ཅང་གསལ་བོ་བསྟན་ཚར་བ་རེད།
ང་ལྟ་བུར་ཆ་བཞག་ན་སྟབས་ཡག་ཉེས་ཇི་ལྟར་ཡང་སྤྲུལ་སྐུའི་མིང་ཞིག་འཁྱེར་ཡོད། འོན་ཀྱང་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དེ་ཡང་དག་པ་དང་ཡག་པོ་ཞིག་ཡིན་པའི་བསམ་ཚུལ་མེད། གང་ཡིན་ཟེར་ན། ང་རང་གང་གི་ཡང་སྲིད་དུ་ངོས་འཛིན་བྱས་པ་དེའི་རྒྱུད་གཅིག་པའི་ཡང་སྲིད་ཅིག་མིན་པ་ངས་ཤེས་ཀྱི་ཡོད། དེར་བརྟེན་ང་ལྟ་བུ་རྒྱུད་མི་གཅིག་པའི་ཡང་སྲིད་མང་པོ་ཞིག་ཡོད་སྲིད་སྟབས། ངས་ནམ་རྒྱུན་ཡང་སྲིད་ངོས་འཛིན་གནང་སྲོལ་དེ་རྩ་བ་ཆེན་པོ་དང་། རྒྱུན་འཛིན་བྱེད་དགོས་པ་ཞིག་ཡིན་པར་མཐོང་གི་མེད། འོན་ཀྱང༌། བོད་བརྒྱུད་ནང་བསྟན་ནང༌། དེ་རིང་གི་བླ་ཆེན་རྣམ་པ་ཚོས་མཚོན་པའི་བླ་སྤྲུལ་མང་པོ་ཡང་སྲིད་ངོས་འཛིན་ཐོག་ནས་འགྲོ་བསྡད་ཡོད། དེར་བརྟེན། ཡང་སྲིད་ངོན་འཛིན་གྱི་ལམ་སྲོལ་དེ་གཙང་མ་ཞིག་མ་ཡོང་བར་དུ་བདག་པོ་མི་རྒྱག་ཐབས་མེད་ཆགས་ཡོད། རྦད་དེ་ཉུང་དུ་གཏོང་ཐུབ་ན་ཡག་པོ་ཡིན་མོད། ལམ་སྲོལ་དེ་མེད་པ་བཟོ་ཐབས་མེད་པ་ཞིག་ཆགས་ཡོད། རང་དབང་ལུང་པར་ཡོད་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པས་ལམ་སྟོན་གསལ་བོ་ཞིག་བྱུང་ན། ཕན་ཐོག་ཆེན་པོ་ཡོང་ས་རེད།
གསུམ་པ། ཕྱོགས་གཅིག་ནས་བོད་བརྒྱུད་ནང་བསྟན་དེ་ཁྱབ་ཆེན་པོ་ཆགས་ཡོད་ཀྱང༌། ཕྱོགས་གཞན་ཞིག་ནས་ཚད་ལྡན་མ་ཡིན་པའི་བླ་མ་སློབ་དཔོན་མང་པོ་འབྱུང་གིན་ཡོད། བསྟན་པ་ལ་ཞབས་འདྲེན་ཞུ་མཁན་གང་འཚམ་ཞིག་ཡོང་གིན་ཡོད། ལྷག་པར་དུ་ཁ་སང་དེ་རིང་བསྟན་པ་དང་དཔལ་འབྱོར་ཉོ་ཚོང་གི་གོ་སྐབས་ཤིག་སླེབས་ཏེ། གོ་ལ་གཅིག་གྱུར་གྱི་དུས་རབས་འདིར་ནང་ཆོས་ཀྱི་ཚོང་བ་དང་ནང་ཆོས་ཀྱི་ཚོང་ཁང་མང་པོ་ཆགས་ཀྱིན་ཡོད། བསྟན་པ་རྨ་མེད་པ་ཞིག་འཛིན་སྐྱོང་བྱེད་པའི་ཕྱིར་དུ་དེ་ཚོའི་ཐོག་ལ་ཞི་དག་གནང་རྒྱུ་དང༌། བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་པར། སྒྲུབ་པ་དེ་གང་ཟག་རང་རང་ལ་རག་ལས་པ་ཞིག་དང༌། འཆད་ཉན་དེ་དགོན་པ་དང་ཆོས་ཀྱི་སྡེ་ལ་རག་ལས་བ་ཞིག་ཡིན་སྟབས། དེ་དག་ཉམས་ཆག་ཏུ་མི་འགྲོ་བའི་ཆེད་དུ་ཆོས་བརྒྱུད་ཁག་གིས་སྒྲུག་འཛུགས་དང་ལྡན་པའི་ཐོག་ནས་དགོངས་པ་བཞེས་དགོས། ཞེས་གསུངས་བྱུང༌།
གསར་འགོད་པ་དོན་འགྲུབ་བཀྲ་ཤིས།
བཀའ་བློན་ཁྲི་བའི་མཁྱེན་རྒྱ་དང་བློ་གྲོས་ལ་མངོན་པར་བསྟོད།
དྲ་གྲོགས་པོ་ཚོ་ཧ་ཅང་ཐལ་དྲགས་མེད་དམ། ཁོ་བོས་སྤྲུལ་སྐུའི་མིང་ཅན་དང་སྤྲུལ་སྐུ་ལ་ཁྱད་པར་འཇོག་དགོས་པ་དང་། སྤྲུལ་སྐུའི་མང་ཅན་ཙམ་ལ་དགའ་བོ་མེད་ཀྱང་སྤྲུལ་སྐུ་ཡོངས་རྫོགས་ཁྱོད་ཚོས་བཤད་སྟངས་ལྟར་ཡིན་ན། མངོན་སུམ་ལ་སྙོན་པ་མིན་ནམ། སྤྲུལ་སྐུ་རེ་འགས་སྤྱོད་སྟངས་ཐབས་སྐྱོ་བོ་ཡོད་ཀྱང་འདི་འདྲའི་དབྱུག་པས་ལེབ་རྡུང་བྱེད་རྒྱུ་ངོ་མི་ཚ་འམ།
བཀའ་བརྒྱུད་པ་དང་རྙིང་མའི་བླ་མ་ལ་ལས་མགོ་སེར་ཕོ་མོ་དེ་འདྲར་ཡང་བླ་མའི་མཚན་གནས་གནང་ཡོད། དངོས་ཡོད་གནས་ཚུལ་ཅི་འདྲ་ཡིན་ནམ་མི་ཤེས།
མཚན་སྙན་གྲགས་རྒྱས་པའི་བླ་སྤྲུལ་ཚོ།།
ཁྲི་གྲུ་བཞིའི་སྟེང་ལ་བོད་མིས་བཞག།
ཕྱག་དད་པ་བྱས་ནས་བསྟོད་པ་བྱས།།
རྒྱུ་ནོམ་པ་ཕུལ་ནས་འབྱོར་ལྡན་བཟོས།།
དྲིན་ཆེ་བའི་བོད་མི་གཉོམ་ཆུང་ཚོར།།།
ལས་རྒྱུ་འབྲས་རྩིས་ནས་མགོན་སྐྱབས་མཛོད།།
དེ་རིང་སྤྲུལ་སྐུ་ཁ་ཤས་ཤིག་ཁ་སྐྱེངས་དགོས་ཐུག་འདུག་ཀྱང་ལ་ལ་ཞིག་གི་གདོང་ལྤགས་དེ་མཐུག་སེ་འདུག་ག ། སྤྱིར་བོད་པའི་སྤྱི་ཚོགས་ནང་སྤྲུལ་མིང་ཞིག་ཐོག་ཚུལ་ཕལ་ཆེར་མཁས་མདོག་རྫིག་མདོག་སྟོན་རྒྱུ་ཧ་ཅང་དགའ་མོད་ཀྱང་། དེ་རིང་ནས་བཟུང་ཁ་ཤས་ཤིག་དགོས་མེད་བེད་མེད་དུ་བཏང་སོང་ང་། ཟམ་གདོང་ཡང་བཀའ་བློན་ཁྲི་བར་མ་སླེབས་བར་དུ་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་དེ་ཡང་དག་ཞིག་ཡིན་མིན་མ་མཁྱེན་པ་རེད། སྐབས་འདིར་ཁོང་ལ་སྤྲུལ་སྐུའི་མིང་དེ་དགོས་མཁོ་མེད་པ་རེད།
ངེད་ཀྱི་རྨོངས་འཆར་ལྟར་ན།
མཁས་པ་ཟེར་རྒྱུ་འདི་གནས་ལུགས་ཀྱི་གདོང་ནས་སྐད་ཆ་བཤད་ཐུབ་མཁན་དང་བློ་གཟུ་བོར་གནས་ཐུབ་མཁན་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་འདྲ།
བཀའ་བློན་ཁྲི་བའི་མཁྱེན་རྒྱ་དང་བློ་གྲོས་ལ་མངོན་པར་བསྟོད།
སྤྲུལ་སྐུའི་ལོ་རྒྱུས་དང་སྤྲུལ་སྐུའི་བྱས་ཉེས་སོགས་ལ་བསམ་བློ་བཏང་ཚེ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་སྤྲུལ་སྐུའི་སྐོར་ལ་གང་གསུངས་པ་ཐམས་ཅད་ཅི་མ་བདེན་སྙམ། དེ་དེ་བཞིན་ནོ་ཟེར་རྒྱུ་ལས་གཞན་མེད། འོན་ཀྱང་ང་ལ་སྤྲུལ་སྐུའི་སྐོར་ལ་དོགས་པ་གཞན་ཞིག་བྱུང་། དེ་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བར་ཡང་སྲིད་གཉིས་ཡོད་པ་རེད། ཡོངས་གྲགས་སུ་པཎ་ཆེན་རྫུན་མ་སྟེ་རྒྱལ་མཚན་ནོར་བུ་ཞུ་བ་དེས་པཎ་ཆེན་སྐུ་གོང་མའི་ཁྲི་ཐོག་ཏུ་བཞུགས་ཡོད་པ་རེད། དད་ལྡན་ཆོས་ཞུ་བ་ཚོར་ཆོས་ཀྱི་སྦྱིན་པ་གནང་གིན་ཡོད་པའི་ཁུལ་རེད། ཅུང་ཡ་མཚར་བ་ཞིག་ལ་པཎ་ཆེན་རྫུན་མས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསེར་གྱི་ཁྲི་འཕང་གནོན་ཐུབ་ཀྱི་ཡོད་པ་དེ་རེད། སྤྱིར་བླ་མ་ཞིག་གི་ཡང་སྲིད་འཚོལ་དུས་གལ་ཏེ་ཡང་སྲིད་ནོར་བ་ཡིན་ན་ཡང་སྲིད་རྫུན་མ་དེས་ཁྲི་གནོན་མི་ཐུབ་པའམ་ཡང་ན་ཡང་སྲིད་རྫུན་མ་དེ་ལམ་སེང་ཤི་འགྲོ་བའི་ལོ་རྒྱུས་ཡོད། འོ་ན་ཅིའི་ཕྱིར་རྒྱལ་མཚན་ནོར་བུ་འདིའི་སྐུ་ལུས་བདེ་ཐང་དང་། རླུང་རྟ་ཡར་འགྲོ་ཡིན་ནམ།
གཅིག
ཡང་སྲིད་ངངོས་འཛིན་ལམ་ལུགས་ཞེས་པ་དེ་མི་ལ་ལ་ཞིག་གིས་སྒེར་གཅོད་ཀྱི་ཐབས་ལམ་ལག་ལེན་དུ་བསྟར་ཏེ་རང་སྒེར་གྱི་ལྟོ་གོས་གཏམ་གསུམ་གྱི་ཁེ་ཕན་སྒྲུབ་བྱེད་དུ་བཟོས་པ་ཞིག་རེད། སྤྱིར་བཏང་མི་ཟེར་བ་དེ་རང་ཉིད་གང་དུ་ཐེ་བའི་ཚོགས་སྡེ་དེ་ལས་རང་ཉིད་ལ་ཁེ་ཕན་དེ་ཐོབ་ཀྱིན་ཡོད་ན་དེ་ལ་ཡིད་ཆེས་ཡོད་མེད་གང་ལྟར་ཡང་མཐའ་གཅིག་ཏུ་རྒྱལ་སྐྱོར་གྱི་རྣམ་པ་སྟོན་པ་ཁོ་ན་ཡིན། ཉིན་མོའི་མཁའ་ཡི་རྒྱུ་སྐར་ལས་ཀྱང་དཀོན་པའི་སྐྱེས་བུ་དམ་པ་ལ་ལ་ཞིག་གིས་བདེན་པ་དང་རྒྱུ་མཚན་ཁོ་ན་ལ་དཔང་པོ་བཅོལ་ཏེ་བདེན་རྫུན་གྱི་སྤུ་རིས་འབྱེད་པའི་ངལ་བ་དང་དུ་ལེན་པར་བྱེད་དོ། །མཁས་པ་ནི་མཁས་པ་རེད། སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གཟིགས་རྒྱ་ཡངས་པའི་བཀའ་མཆིད་དུམ་བུ་དེས་ཀྱང་དྲི་མ་ཅན་གྱི་སྲོལ་རྒྱུན་ཡང་མ་དག་པ་དེ་མིང་གི་ལྷག་མ་ཙམ་དུ་བསྒྱུར་མགོ་ཚུགས་པ་འདི་ལས་སྙིང་ཚིམ་པ་ཞིག་གང་དུ་ཡོད། བོད་ནང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་བཀའ་སློབ་ཅིག་ཏུ་ཡང་དེ་ཀ་རང་གསུངས་འདུག ང་ཚོ་རྫུན་ལ་ཡིད་ཆེས། རྫུན་ལ་བློ་གཏད། རྫུན་གྱི་སྟེང་དུ་རྣམ་བཞག་སྣ་ཚོགས་བྱས་ནས་བསྡད་པས་ད་ནི་སྤྲུལ་སྐུའི་ལམ་ལུགས་འདི་ཆོས་མེད་རྒྱ་དམར་གྱིས་ཀྱང་རང་གི་ལག་ཆར་བེད་སྤྱོད་བྱེད་རྩིས་བྱེད་བཞིན་པ་འདིརེད། ད་དུང་ཡང་ང་ཚོས་དྲི་མ་ཅན་གྱི་སྲོལ་རྒྱུན་འདི་བསྒྱུར་བཅོས་བྱེད་པའི་དུས་ཚོས་གཏན་ནས་འཕྱི་མེད། ཡིན་ན་ཡང་སྐར་མ་གཅིག་ཀྱང་ཆུད་ཟོས་སུ་གཏོང་མི་རུང་།