ཉེ་ཆར་འཇར་མན་བོད་ཀྱི་ཁང་པའི་གླེང་མོལ་ལེ་ཚན་གྱིས་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ཏེ། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དང་ལྔ་བཅུ་ང་གྲངས་ནང་ཁོང་ལྷ་སར་བཞུགས་སྐབས་ཀྱི་གནས་ཚུལ་བཅས་བརྗོད་གཞི་གཉིས་ཀྱི་ཐོག་དྲི་བ་དྲིས་ལན་གྱི་རྣམ་པས་མང་ཚོགས་ལ་གསུང་བཤད་གནང་བ་ཞིག་འདིར་བསྡུ་སྒྲིག་ཕབ་བཤུ་བྱས་ཡོད།
འཇར་མན་བོད་ཁང་། ཐོག་མར་སྤྲུལ་སྐུ་ཟེར་བའི་ཐ་སྙད་ཀྱི་གོ་དོན་གང་ཡིན་པ་དང་། དེར་ཚད་གཞི་གང་འདྲ་ཞིག་ཡོད་པ་རེད།
བྲག་གཡབ་སྐྱབས་མགོན། སྤྱིར་བཏང་སྤྲུལ་སྐུ་ཟེར་བའི་ཚིག་རང་ལ་གོ་བ་བླངས་ན། སྤྲུལ་དང་སྐུ་ཞེས་ཚིག་གཉིས་ཡོད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་བའི་རྣམ་པར་བརྟེན་ནས་སྐུའི་རྣམ་འགྱུར་ཟེར་ན་འདྲ། སྐྱེས་པ་འདྲ་མི་འདྲ་བཞེས་པའི་ཆོས་ལུགས་ནང་ལོགས་ཀྱི་ལྟ་སྟངས་ཟེར་ན་མི་འདུག ལྟ་སྟངས་དེ་འདྲ་ཞིག་ཡོང་གི་ཡོད་སྟབས། གཙོ་བོ་འདྲ་བྱས་ནས་སྤྲུལ་སྐུ་ཟེར་བ་དེ་ཡོང་གི་ཡོད་པ་རེད། དེ་ལ་རྩ་བའི་དམིགས་ཡུལ་སྐུ་ཟེར་བ་དེ་ལ་སྐུ་གཉིས་དང་སྐུ་གསུམ། སྐུ་བཞི། སྐུ་ལྔ་ཞེས་ཁྱད་པར་ཕྱེ་བ་མང་པོ་ཡོད་པ་རེད། ཡིན་ནའང་། མདོར་བསྡུས་ཤིག་ཞུས་ན། སངས་རྒྱས་དེ་ཚོར་ཐུན་མོང་མ་ཡིན་པའི་གདུལ་བྱ་ཡི་སྣང་ཚུལ་ཞིག་དང་ཐུན་མོང་གི་གདུལ་བྱའི་སྣང་ཚུལ་ཞེས་ཁྱད་པར་ཕྱེ་ཡོང་དུས། ཐུན་མོང་གི་སྣང་ཚུལ་ལ་སངས་རྒྱས་སྐུ་དངོས་སུ་མཇལ་བའི་གོ་སྐབས་དང་ནུས་པ་དེ་མེད་སྟབས། དེ་ཚོར་སྤྲུལ་བ་ལ་བརྟེན་ནས་མཇལ་རྒྱུ་ཡོད་པ་དེ་སྤྲུལ་བའི་སྐུ་ཞེས་རྩ་བའི་གོ་དོན་དེ་འདྲ་རེད། ཡིན་ནའང་། ཚིག་དེར་རྨང་གཞི་དེ་འདྲ་ཞིག་བཞག་ནས་བེད་སྤྱོད་གཏོང་སྟངས་དེ་བླ་མ་གཅིག་གི་ཡང་སྲིད་ནས་རིམ་གྱིས་མུ་འབྲེལ་གདན་འདྲེན་ཞུ་བ་དེར་སྤྲུལ་སྐུའི་ཐ་སྙད་དེ་བྱུང་བ་དང་། བླ་མ་དེ་ཚོ་མང་ཆེ་བ་སངས་རྒྱས་དང་བྱང་སེམས་ཀྱི་རྣམ་འགྱུར་ཟེར་ན་མི་འདུག སྤྲུལ་སྐུར་ངོས་འཛིན་བྱེད་པའི་ལུགས་སྲོལ་ཆགས་པ་ཞིག་རེད་འདུག
འཇར་མན་བོད་ཁང་། བོད་པའི་སྤྱི་ཚོགས་ནང་སྤྲུལ་སྐུའི་ལམ་སྲོལ་དེར་ལོ་སྟོང་ཕྲག་ཡས་མས་ཀྱི་ལོ་རྒྱུས་ཡོད་པ་རེད། ཐོག་མ་བོད་པའི་སྤྱི་ཚོགས་ནང་སྤྲུལ་སྐུའི་ལམ་སྲོལ་དེ་ཁོར་ཡུག་དང་དགོས་མཁོ་གང་འདྲ་ཞིག་གི་འོག་ནས་བྱུང་ཡོད་དམ།
བྲག་གཡབ་སྐྱབས་མགོན། དེ་ལ་རིམ་པ་གཉིས་ཤིག་ཡོད་པ་རེད་བསམ་གྱི་འདུག ཀརྨ་པ་སྐུ་ཕྲེང་གཉིས་པ་དགོངས་པ་རྫོགས་རྗེས། དེའི་ཡང་སྲིད་རྩད་གཅོད་བྱེད་པའི་གསང་བ་ལ་མ་སོང་ན་རྙེད་དེ། སྐུ་ཕྲེང་གསུམ་པ་དེ་གདན་འདྲེན་ཞུས་པ་ཞིག་རེད། གང་ལྟར་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་ནང་ལོགས་སུ་ཀརྨ་པའི་ཡང་སྲིད་ངོས་འཛིན་དེ་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་གྱི་ཐོག་མའི་འབྱུང་ཁུངས་དེ་ཆགས་ཡོད་པ་དང་། དེའི་རྗེས་སུ་ལོ་ ༡༠༠ ཤིག་ནང་བསྐྱར་བཅོས་ཏོག་ཙམ་རེ་བྱུང་བ་དང་པཎ་ཆེན་ཡང་སྲིད་ཕེབས་པ་དང་། དེ་ནས་ལོ་ཉི་ཤུ་རྩ་གྲངས་ཀྱི་རྗེས་སུ་༧རྒྱལ་བ་སྐུ་ཕྲེང་གཉིས་པ་རྩད་གཅོད་ཞུས་པ་སོགས་རིམ་གྱིས་བོད་གངས་ཅན་ལྗོངས་ཙམ་མ་ཡིན་པའི་ཆེན་པོ་ཧོར་གྱི་ཡུལ་ལའང་ཡང་སྲིད་རྩད་གཅོད་བྱེད་པའི་ལམ་སྲོལ་ཞིག་དར་ཡོང་དུས། ང་ཚོ་བོད་དང་སོག་པོ་གཉིས་ནང་ཡང་སྲིད་རྩད་གཅོད་བྱེད་པའི་ལམ་སྲོལ་དེ་རིམ་གྱིས་དར་འདུག གོང་དུ་ཞུས་པ་ལྟར། ཆོས་ཕྱོགས་རང་ནས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བའི་ཐོག་ནས་ལྟ་སྟངས་ཤིག་ཡོང་གི་ཡོད་པ་རེད་ལ། ཕྱོགས་གཞན་དག་ཅིག་ནས་སྤྱི་ཚོགས་ནང་ལོགས་ལ་དགོས་མཁོ་ཞིག་གིས་མི་མང་གིས་ཆ་འཇོག་བྱེད་པའི་ཐོག་ལ་བླ་མ་རྩ་ཆེན་པོ་དང་ལུང་རྟོགས་ཀྱི་ཡོན་ཏན་ཡོད་པ་ཞིག་ཕེབས་ཡོང་དུས། དེ་ལ་མི་མང་གི་ངོས་ནས་རྩ་ཆེན་པོར་བརྩིས་ནས་ཕྱག་མཆོད་འབུལ་དང་གསོལ་བ་འདེབས་ས། ཐ་ན་ལུང་པ་ཕན་ཚུན་བར་རྩོད་རྙོག་དང་ཁ་མཆུ་དང་མི་ཤི་རྟ་འགྱེལ་སོགས་རིམ་པ་མང་པོ་ཡོང་གི་ཡོད་དུས། དེ་ལ་བར་འདུམ་བྱེད་མཁན་གཙོ་བོ་དེ་བླ་མ་ཆགས་ཡོད་པ་རེད། བླ་མས་ཅིག་གསུངས་པ་ཡིན་ན་ཕར་ཚུར་ཕྱོགས་གཉིས་ཀས་ཉན་པ་དང་། ཐབས་ཤེས་གསར་པ་དེ་འདྲ་ཡོད་དུས། ད་བར་བླ་མ་ཚོའི་མཛད་འཕྲིན་ལ་བརྟེན་ཏེ། སྤྱི་ཚོགས་བདེ་འཇགས་དང་སངས་རྒྱས་བསྟན་པ་དར་སྤེལ་ཐོག་ཕན་ཐོགས་ཞེ་དྲག་འདུག དེར་བརྟེན། མུ་མཐུད་ནས་སྤྲུལ་སྐུའི་ལམ་སྲོལ་བཟོས་བཞག་ན་བརྟན་འཇགས་དང་ཡག་པོ་ཞིག་མི་ཡོང་ངམ་སྙམ་པའི་བསམ་ཚུལ་དེ་འདྲ་ཞིག་གི་ཐོག་ནས་བྱུང་བ་མིན་ནམ་དྲན་གྱི་འདུག
འཇར་མན་བོད་ཁང་། སྤྲུལ་སྐུའི་ལམ་སྲོལ་འདིས་བོད་པའི་སྤྱི་ཚོགས་ནང་དགེ་མཚན་ཆེན་པོ་ཞེ་དྲག་བྱུང་ཡོད་པ་རེད། ཡིན་ནའང་དེའི་ལྡོག་ཕྱོགས་ནས་འགལ་རྐྱེན་ཡང་མང་པོ་ཞིག་ཡོང་ཡོད་སྲིད་པ་རེད། དེའི་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ།
བྲག་གཡབ་སྐྱབས་མགོན། ཁམས་ཕྱོགས་ཀྱི་ལྟ་སྟངས་དང་ཡང་ན་སོ་སོའི་མྱོང་བའི་ཐོག་ནས་ཞུས་ན། ཁམས་ཕྱོགས་སུ་བླ་མ་རྩ་ཆེན་པོ་དང་ལུང་རྟོགས་ཀྱི་ཡོན་ཏན་ཡོད་པའི་དགེ་བཤེས་དང་། ཡང་ན་ལོ་མང་མཚམས་ལ་བཞུགས་མཁན་ཞིག་ཕེབས་པ་ཡིན་ན། རྩ་ཆེན་པོ་ཞེ་དྲག་ཞུ་ཡི་ཡོད་ཀྱང་། སྤྲུལ་སྐུ་ཟེར་བ་ཞིག་བྱུང་བ་ཡིན་ན། དེ་དམིགས་བསལ་འདྲ་བོ་བྱས་ནས་ཡོན་ཏན་ཡོད་པའི་བླ་མ་ཕར་བཞག་ནས་སྤྲུལ་སྐུ་དེ་རིམ་པ་དང་པོར་འཇོག་པའི་གོམས་གཤིས་ཆགས་ཡོད། དེ་གཙོ་བོ་རྩ་བའི་ཕུགས་རྒྱང་རིང་པོ་ཞིག་ཡོད་པ་དེས་དེ་འདྲ་ཆགས་ཀྱི་ཡོད་པ་འདྲ། ཡིན་ནའང་། སྤྲུལ་སྐུའི་རྣམ་པར་བྱོན་པའི་ཞེ་ས་མ་ཞུས་ན་གང་ཟག་དེ་ལའང་ནང་ཡོན་ཏན་གྱི་ཐོག་ནས་རབ་དང་རིམ་པ་མང་པོ་ཞིག་ཆགས་ཡོང་གི་ཡོད་པ་གཅིག་རེད། གཉིས་ནས་སྤྲུལ་སྐུ་མང་ཆེ་བར་ཁོ་རང་གཅིག་པུ་མིན་པར་ཕྱག་རོགས་མི་གཉིས་གསུམ་དེ་འདྲ་ཡོང་གི་ཡོད་པ་རྨང་གཞི་ལྟ་བུ་རེད། དེ་ནས་རིམ་གྱིས་ཡར་རྒྱས་ཕྱིན་ཏེ་ཕྱག་མཛོད་དང་གསོལ་དཔོན་སོགས་དྲ་རྒྱས་པོ་དང་སྒྲིག་འཛུགས་འདྲ་བོ་ཞིག་ཆགས་ཀྱི་ཡོད་པ་རེད།
མདོར་བསྡུས་ནས་བཤད་ན། ང་ཚོ་བོད་ལ་ཡིན་ན་སྤྲུལ་སྐུའི་བླ་བྲང་ཆེ་ཤོས་དེ་གང་རེད་ཟེར་ན། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་༧རྒྱལ་བ་ཡིད་བཞིན་ནོར་བུའི་བླ་བྲང་ཆགས་བསྡད་ཡོད་ཅིང་། དེ་ལ་(ཁྲོམ་རིགས)་སེར་སྐྱ་དང་རྩེ་དྲུང་ ༡༨༠། སྲུང་འཁོར་ ༡༨༠ ཟེར་བའི་བཤད་སྲོལ་ཡོད་པ་ལྟར། སྐྱ་སེར་གཉིས་ཀྱི་ལས་བྱེད་འབོར་ཆེན་པོ་ཆགས་ཡོད་པ་རེད། ཡང་ཆུང་སར་ཆ་བཞག་ན། བླ་མ་གཅིག་ལ་ཞབས་ཞུ་གཉིས་གསུམ་ཡོད་པའི་བླ་བྲང་ཆུང་ཆུང་ཡང་ཡོང་གི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་ལ་བླ་བྲང་གི་ནུས་ཤུགས་དེ་གཅིག་ནས་བལྟས་ན་གལ་ཆེན་པོ་ཆགས་ཡོད་པ་དང་། ཕྱོགས་གཞན་ནས་བལྟས་ན་མི་མང་ལ་ཆོས་ཕྱོགས་ནས་ཕན་ཐོགས་ཀྱི་ཡོད་ནའང་དེ་དང་མཉམ་དུ་གནོད་པའང་ཏན་ཏན་བྱུང་ཡོད་རྒྱུ་རེད། དཔེར་ན། ང་ཚོ་བྲག་གཡབ་བླ་བྲང་ལ་ཆ་བཞག་ན། བླ་བྲང་ཆུང་ཆུང་མ་རེད། བླ་བྲང་ཁག་གཉིས་བསྡོམས་ན་ལས་བྱེད་ཕལ་ཆེར་ ༢༥༠ ཙམ་ཡོད་ལ། དེ་ཚོར་ལས་ཀའི་ངོ་བོ་ག་རེ་ཡོད་པ་རེད་ཟེར་ན། མི་མང་ནས་ཁྲལ་བསྡུ་བ་དང་ཁྲིམས་གཏོང་བ་སོགས་ཁྲིམས་མགོ་རང་བཙན་ཡིན་ཟེར་ནས་བཤད་ཀྱི་ཡོད་སྟབས། བྲག་གཡབ་ཀྱི་སེར་སྐྱ་ཚང་མའི་ཐོག་ནས་ཁྲལ་བསྡུ་བ་དང་ཁྲིམས་གཏོང་བའི་དབང་ཆ་ཚང་མ་ཡོད་སྟབས། ཁྲལ་དེ་དྲང་པོ་ཡོང་གི་ཡོད་དང་མེད། ཁྲིམས་དེ་དྲང་པོ་ཡོང་གི་ཡོད་དང་མེད། དེ་བཞིན། ཕོགས་རྒྱག་པ་དེ་ཚོ་ལའང་རྙོག་གྲ་མང་པོ་ཡོད་པ་རེད། སྔོན་མ་ང་རང་ཚོའི་སྤྱི་ཚོགས་ཀྱང་ལྐོག་ཟ་རུལ་སུངས་ཀྱིས་རྦད་དེ་ཁེངས་བསྡད་ཡོད་པ་རེད། དཔེར་ན། བྲག་གཡབ་ལྟ་བུ་ཡིན་ན། ཁྲལ་བསྡུ་བ་སོགས་ལ་སྤྱོད་པའི་རྒྱ་མ་ལའང་གཏོང་རྒྱ་དང་བསྡུ་རྒྱ་ཟེར་ནས་འདྲ་ བོ་གཉིས་ཡོད་པ་རེད་ཟེར། ཕར་གཏོང་དགོས་པ་དང་ཕོགས་རྒྱག་པ་སོགས་ལ་ལྗིད་ཁོག་ཆུང་བ་ཡིན་པའི་རྒྱ་མ་གཅིག་ དང་། ཚུར་བསྡུ་བའི་རིགས་ལ་ལྗིད་ཁོག་ཆེ་བ་ཡོད་པའི་རྒྱ་མ་ཞིག་བེད་སྤྱོད་གཏོང་གི་ཡོད་པ་རེད། རོབ་རྩིས་བྱས་ན། ཚུར་(ཀེ་ལོ་)གཅིག་བསྡུས་པ་ཡིན་ན་ཕར་ཀེ་ལོ་ཕྱེད་ཀ་ལྷག་མ་གཏོགས་སྤྲོད་མི་དགོས་པར་རྒྱ་མ་ལ་ཡང་ལྗིད་བཟོས་ཏེ་དྲང་པོ་མ་བྱུང་བའི་གནས་ཚུལ་རབ་དང་རིམ་པ་ཡོད་པ་རེད། དེ་བྲག་གཡབ་གཅིག་པུ་མ་རེད། གཞུང་དགའ་ལྡན་ཕོ་བྲང་གི་གནང་སྟངས་ཡིན་ན་འདྲ། བླ་བྲང་ཆེ་ཆུང་མང་ཆེ་བར་དེ་རིགས་ཀྱི་སྐད་ཆ་ཡོད་ཡོད་པ་རེད། དེ་འདྲའི་ཐོག་ནས་བསམ་བློ་བཏང་ཡོང་དུས། ཕྱོགས་གཅིག་ནས་བླ་མ་དང་སྤྲུལ་སྐུ་ཟེར་བ་དེས་སྤྱི་ཚོགས་བདེ་འཇགས་དང་ནང་ཆོས་ དར་སྤེལ་ལ་ཕན་ཐོགས་ཞེ་དྲག་བྱུང་ཡོད་ཀྱང་། དེ་དང་ཆབས་ཅིག་བཤུ་གཞོག་གི་གནས་ཚུལ་ཡང་མང་པོ་བྱུང་ཡོད་དུས་དཀའ་ལས་ཁག་པོ་ཞེ་དྲག་རེད་འདུག
འཇར་མན་བོད་ཁང་། དེང་སང་བོད་ཕྱི་ནང་གཉིས་སུ་བླ་སྤྲུལ་གྱི་མིང་ཐོག་ནས་ཚུལ་མིན་གྱི་བྱ་སྤྱོད་རིགས་སྤེལ་མཁན་འབྱུང་བཞིན་ཡོད་སྟབས། རིན་པོ་ཆེ་མཆོག་གིས་དུས་རབས་ཉེར་གཅིག་པ་འདིའི་ནང་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་དེར་འགྱུར་བ་འགྲོ་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།
བྲག་གཡབ་སྐྱབས་མགོན། ང་ཚོ་དུས་བབ་ཉེར་གཅིག་པའི་ནང་བསླེབས་བསྡད་ཡོད་པ་རེད། སྔོན་མ་དུས་རབས་ ༡༢ དང་ ༡༣ ནས་བཟུང་དུས་རབས་ ༡༨ དང་ ༡༩ ནང་སྤྱི་ཚོགས་ལ་ཏན་ཏན་ཕན་ཐོགས་ཤིག་བྱུང་ཡོད་པ་རེད། ང་ཚོ་བོད་གངས་ཅན་ལྗོངས་ལ་ཆོས་སྲིད་གང་ཅིའི་ཐད་འགྱུར་བ་ཆེན་པོ་ཕྱིན་ཡོད་སྟབས། སྐབས་འཚོལ་རིང་ལུགས་པའི་བྱེད་སྟངས་ཤིག་ཆགས་ཡོང་དུས། ཁྱེད་རང་གིས་གསུངས་པ་ནང་བཞིན་བོད་ནང་ལོགས་ལ་དེ་འདྲའི་གནས་ཚུལ་བྱུང་བ་ངས་གོ་བྱུང་། བོད་ཕྱི་ལོགས་རྒྱ་གར་ནང་ལྟ་བུ་ཡིན་ན། གདན་ས་ཁག་དང་ཆོས་བརྒྱུད་ཁག་གི་ནང་སྤྲུལ་སྐུའི་གྲངས་འབོར་དེ་རླབས་འཕྱུར་བ་ལྟར་འབོར་ཆེན་པོ་ཞེ་དྲག་རེད། བླ་མ་གཅིག་ལ་ཡང་སྲིད་གཉིས་གསུམ་བཞི་ལྔ་ལ་སོགས་པ་ཡོང་གི་ཡོད་པ་རེད། དེ་བཞིན་བླ་མ་ཁ་ཤས་ཡུམ་ཡོད་པ་ཚོར་གདུང་སྲས་ཐུགས་སྲས་བཅས་གཅིག་ཡོད་ན་སྤྲུལ་སྐུ་དང་གཉིས་ཡོད་ན་སྤྲུལ་སྐུ། གསུམ་ཡོད་ན་སྤྲུལ་སྐུ། བཞི་ཡོད་ན་སྤྲུལ་སྐུ། ལྔ་ཡོད་ན་སྤྲུལ་སྐུ་ཟེར་གྱི་ཡོད་པ་ང་ཚོས་མཐོང་མཐོང་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཞིག་ཕེབས་པ་དེ་ཡག་པོ་རེད་དེ། ཡོད་ཚད་ཐམས་ཆད་སྤྲུལ་སྐུ་ཆགས་ཡོང་དུས་ཏོག་ཙམ་ཅ་ཟིང་པོ་ཡོད་པ་རེད། བླ་མ་དེའི་བུ་སྤྲུལ་སྐུ་ཆགས་ཀྱི་ཡོད་ཀྱང་། བུ་མོ་དམིགས་བསལ་ཅི་ཡང་ཆགས་རྒྱུ་མེད་པའི་ཟོལ་འདྲ་བོ་སངས་རྒྱས་བྱང་སེམས་པའི་ངེས་གཏན་ཆ་ཚང་ཞིག་ཡོད་གྲབས་ཡོད་གྲབས་བྱེད་པའི་ཟོལ་འདྲ་བོ་རེད། དེར་བརྟེན། ང་ཚོའི་ཆོས་ལུགས་ནང་ལོགས་ཀྱི་ལྟ་སྟངས་རང་གི་ཐོག་ནས་ཤོད་དགོས་བྱུང་ན་བཤད་རྒྱུ་ཁག་པོ་རེད། མིས་བཤད་དགོས་ཀྱང་དེ་བཤད་པར་སོ་སོ་རང་གི་བྱེད་སྟངས་དེ་གཙང་མ་ཞིག་དགོས་དུས་ཁྱོན་ནས་ཡོད་པ་མ་རེད།
གཙོ་བོ་དེ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྟངས་ལ་དེང་སང་འདི་ལྟར་བལྟ་དུས། བསྟན་པ་དང་སེམས་ཅན་གྱི་དོན་བརྒྱ་ཆ་བཅུ་དང་བཅོ་ལྔ་ཡིས་བསམ་གྱི་ཡོད་གཤིས་ཆེ། ཁྱོན་ནས་བསམ་གྱི་ཡོད་པ་མ་རེད་ཅེས་ཞུས་ཐུབ་ཀྱི་མ་རེད། ཡིན་ནའང་མང་པོ་ཞེ་དྲག་ཅིག་བརྒྱ་ཆ་ ༧༠ དང་ ༨༠ ཡིས་བླ་བྲང་གི་དཔལ་འབྱོར་དམ་འཛིན་བྱེད་པ་དང་། བླ་བྲང་དབང་ཤུགས་ཡོད་མཁན་ཡིན་ན་དབང་ཤུགས་དམ་འཛིན་བྱེད་པ། དབང་ཤུགས་འཐབ་རྩོད་བྱེད་པ་སོགས་མང་པོ་ཞེ་དྲག་ཅིག་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལུགས་སྲོལ་དང་ཡང་ན་རྒྱུན་དེ་ཡོད་པའི་རྐྱེན་གྱིས་འབྱུང་གི་ཡོད་པ་ རེད། སྤྲུལ་སྐུའི་ཡང་སྲིད་རྩད་གཅོད་བྱེད་སྲོལ་དེ་ལོ་ངོ་ཆིག་སྟོང་ཉིས་བརྒྱ་སུམ་བརྒྱའི་སྔོན་ནས་བྱུང་བ་རེད། དེའི་སྔོན་ལ་ག་རེ་བྱུང་བ་རེད། བོད་གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་དར་བ་དེ་དེའི་སྔོན་ལ་བྱུང་བ་རེད་མ་གཏོགས། དེའི་སྔོན་ལ་ནག་ཁུང་ཡིན་པ་དང་སྤྲུལ་སྐུ་ཕེབས་པ་ནས་སངས་རྒྱས་བསྟན་པ་ཉི་མ་ཤར་བ་ནང་བཞིན་བྱས་ནས་སེམས་ཅན་ཟེར་ན་མི་འདུག བོད་གངས་ཅན་གྱི་སྐྱེས་འགྲོ་ཐམས་ཅད་ལ་ཕན་ཐོགས་ཆེན་པོ་བྱུང་བ་ཞིག་རྩ་བ་ཉིད་ནས་མ་རེད། དཔེ་བཞག་ན། རྙིང་མའི་ཆོས་བརྒྱུད་ལྟ་བུར་རྗེ་འབངས་ཉེར་ལྔ་ཟེར་ནས་བྱུང་ཡོད་ཀྱང་། དེའི་ནང་དུ་སྤྲུལ་སྐུ་གཅིག་ཀྱང་ཡོད་པ་མ་རེད། ཡིན་ནའང་། རྗེ་འབངས་ཉེར་ལྔ་ཡིས་གསང་སྔགས་སྔ་འགྱུར་གྱི་བསྟན་པ་ཉི་མ་ཤར་བ་ལྟར་དར་ཁྱབ་གནང་ཡོད། ཕྱག་རྗེས་ཆེན་པོ་རེད། དེ་བཞིན་ས་སྐྱ་ལ་ཆ་བཞག་ན། ས་སྐྱ་གོང་མ་རྣམ་ལྔ་ལ་སྤྲུལ་སྐུ་གཅིག་ཀྱང་ཡོད་པ་མ་རེད། དེ་ནས་བཀའ་བརྒྱུད་ཀྱི་མར་མེ་དྭགས་གསུམ་དང་མར་པ་ལོ་ཙཱ་བ། མི་ལ་རས་པ། མཉམ་མེད་ཀརྨ་པ། དྭགས་པོ་ལྷ་རྗེ་སོགས་ཀྱི་གཙོས་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་བླ་མ་མང་པོ་བྱུང་བ་དེར་སྤྲུལ་སྐུ་གཅིག་ཀྱང་བྱུང་ཡོད་པ་མ་རེད། རི་བོ་དགེ་ལུགས་པར་ཆ་བཞག་ནའང་རྗེ་ཡབ་སྲས་གསུམ་ཡིན་ན་འདྲ། འཁོར་དག་པ་རྣམ་བརྒྱད་ཡིན་ནའང་རེད་དངོས་གནས་དྲང་གནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་འགྲན་ཟླ་མེད་པ་གནམ་གྱིས་ས་བཀབ་ལྟ་བུ་བྱུང་ཡོད་ཀྱང་། དེ་དག་ནང་སྤྲུལ་སྐུ་གཅིག་ཀྱང་ཡོད་པ་མ་རེད། ཞེ་ས་མ་ཞུས་པར་ཐད་ཀར་བཤད་ན། ཁོང་ཚོ་མི་ག་འདྲ་ཞིག་རེད། དངོས་གནས་སངས་རྒྱས་ཀྱི་ལུང་གི་བསྟན་པར་སློབ་སྦྱོང་བྱས་ཏེ་རྟོགས་པའི་བསྟན་པའི་གོ་འཕང་བརྙེས་ཏེ། ལུང་རྟོགས་ཀྱི་ཡོན་ཏན་ཡོད་མཁན་ཞིག་ལ་མི་ཚང་མས་ཆ་འཇོག་བྱས་ཏེ་འདི་དངོས་གནས་དྲང་གནས་ཚད་དང་ལྡན་པའི་སྐྱེས་བུ་དམ་པ་ཞིག་རེད་ཟེར་ནས་དེ་ལ་སྐྱབས་བཅོལ་ནས་གསོལ་བ་བཏབ་སྟེ། གདུལ་བྱ་དང་སྐྱོང་མཁན་ཕན་ཚུན་བར་འབྲེལ་བ་དམ་ཟབ་ཅིག་ཆགས་པར་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་བྱུང་བ་རེད།
དེར་བརྟེན་ང་རང་གི་བསམ་ཚུལ་ལྟར་ན། སྤྲུལ་སྐུའི་ལམ་སྲོལ་ཟེར་བ་དེ་འགྲེམས་སྟོན་ཁང་ལ་སྐྱེལ་བའི་མཚམས་ཤིག་ལ་སླེབ་བསྡད་ཡོད་པ་རེད་མ་གཏོགས། དེ་མུ་མཐུད་ནས་འཛིན་སྐྱོང་བྱེད་པ་དགེ་མཚན་ལས་སྐྱོན་ཆེ་བ་ཞིག་ཏན་ཏན་རེད་བསམ་གྱི་འདུག ང་རང་གི་རེ་བ་ཡིན་ན། ང་ཚོ་བོད་གངས་ཅན་ལྗོངས་ལ་ཡོད་ན་མེད་ན་དེ་སུ་རེད་ཟེར་ན། ༧རྒྱལ་བ་ཡིད་བཞིན་ནོར་བུ་དོན་གྱི་བདག་པོ་དེ་ཡིན་པ་བཤད་མ་དགོས་པ་རེད། དེའི་འཕྲོས་ནས་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་རེད། ཁོང་རྣམ་གཉིས་བོད་སྤྱི་པས་གནམ་ལ་ཉི་ཟླ་གཉིས། ས་ལ་རྒྱལ་བ་གཉིས་ཟེར་བའི་བཤད་སྲོལ་ཡོད་པ་ལྟར་གཞན་དང་མ་འདྲ་བར་བརྩི་འཇོག་དང་གུས་བཀུར་ཞུ་ས་ཞིག་ཡིན་སྟབས། ཁོང་རྣམ་པ་གཉིས་དམིགས་བསལ་རེད། དེ་མིན་གྱི་སྤྲུལ་བའི་སྲས་གཅིག་ཀྱང་མི་དགོས་པར་ད་ནས་བཟུང་གོང་ནས་ཞུས་པ་ལྟར་ལུང་གི་ཡོན་ཏན་དང་རྟོགས་པའི་ཡོན་ཏན་ལྡན་པའི་བླ་མ་ག་འདྲ་ཞིག་བྱུང་ཡང་། དེ་ལ་གསོལ་བ་བཏབས་ནས་དེས་སེམས་ཅན་གྱི་དོན་བྱས་པ་ཡིན་ན་རྙོག་གྲ་ཉུང་བ་དང་བརྟན་པོ་རེད། དཔེར་ན། ང་རང་ཚོས་སྔོན་མ་དགོན་པའི་ནང་སློབ་སྦྱོང་བྱེད་སྐབས། ང་ཚོའི་ཡོངས་འཛིན་རྣམ་པར་ཆ་བཞག་ན་དངོས་གནས་དྲང་གནས་ས་གྲང་མོར་བསྡད་དེ་རྡོ་གྲང་མོས་སྔས་མགོ་བྱས་ཏེ་དཀའ་ལས་བརྒྱབ་ནས་སློབ་སྦྱོང་གནང་བཞག་པ་དང་། ཡོན་ཏན་གྱིས་རྩེར་སོན་པའི་ཐོག་ཐོས་པ་དང་བསམ་པ། སྒོམ་པའི་ཕྱོགས་ནས་དངོས་གནས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཆགས་པ་རེད་མ་གཏོགས། ཕྲུ་གུ་ཆུང་ཆུང་འོ་མ་ནུ་ཐག་ཆོད་ལ་མ་ཆོད་ལ་ཙམ་ནས་ཚུར་བདག་པོ་བརྒྱབ་སྟེ། ཁྲིའི་སྒང་ལ་བཞག་ནས་ཕྱག་འཚལ་ཏེ་བསྡད་ན། ཕྱིས་སུ་ཕྲུ་གུ་དེ་ཡག་པོ་ཞིག་བསྡད་ལ་མ་བསྡད་ལ་བྱེད་ཀྱི་ཡོད་པ་རེད། དེང་སང་དགོན་པའི་ནང་བླ་མ་བྲོས་འགྲོ་མཁན་ག་ཚོད་ཡོང་གི་ཡོད་པ་རེད། དེ་བཞིན་སྤྲུལ་སྐུ་བྲོས་འགྲོ་མཁན་ཡང་ཡོང་གི་ཡོད་པ་རེད། དེ་ཚོ་དགོན་པར་སྡོད་ཐུབ་ཀྱི་མེད་ལ། སློབ་སྦྱོང་བྱེད་པའི་འདོད་པའང་མེད་པ་རེད། དེ་འདྲ་ཞིག་དགོན་པར་བཞག་ནས་དོན་སྙིང་ག་རེ་ཡོད་པ་རེད། ངས་རྒྱུན་དུ་དེར་རྙོག་དྲ་ཆེན་པོ་ཞེ་དྲག་འདུག་ཅེས་ཤོད་ཀྱི་ཡོད། ཆུང་ཆུང་སྐབས་ནས་ང་ཚོའི་བླ་མའི་ཡང་སྲིད་རག་སོང་ཟེར་ནས་བཞུགས་ཁྲིའི་སྒང་ལ་བཞག་སྟེ་ཕྱག་འཚལ་ནས་སྤྲུལ་སྐུ་ཡིན་ཟེར་གྱི་ཡོད་ཀྱང་། སྤྲུལ་སྐུས་དཔེ་ཆར་མ་བལྟས། སྤྱོད་པ་ཡག་པོ་མ་བྱས་ན་བླ་མ་དེ་ཚོ་བསྟན་བཤིག་ཟེར་ནས་སྔོན་ཆད་ཕྱག་འཚལ་ས་དེ་ཕྱིས་སུ་བསྟན་བཤིག་ཆགས་འགྲོ་བཞིན་འདུག་གཱ། ཕྲུ་གུའི་ལོ་བཅུ་གྲངས་དང་ཉི་ཤུ་རྩ་གྲངས་དགོན་པར་བསྐྱལ་རྗེས། དགོན་པར་མ་བསྡད་པར་ཐོན་འགྲོ་དུས་སོ་སོའི་མི་ཚེ་དེའང་ཡག་པོ་ཞིག་མགོ་ཐོན་ཡོད་པ་མ་རེད། དབྱིན་ཇི་དང་རྒྱ་གར། བོད་པའི་སློབ་གྲྭར་ཕྱིན་པའི་སློབ་སྦྱོང་རྩེར་སོན་པ་དང་། སོ་སོའི་ལྟོ་གོས་སོ་སོས་འཚོལ་ཐུབ་པ་ཞིག་ཁྱོན་ནས་ཡོང་གི་ཡོད་པ་མ་རེད། ཆོས་ཕྱོགས་ཀྱི་སློབ་སྦྱོང་ནི་དེ་བས་ཀྱང་མ་བྱུང་བ་རེད། དེ་འདྲ་ཆགས་དུས་ཕར་གྱི་ལྕི་བ་མེད་ཚུར་གྱི་སླེ་བོ་མེད། སླེ་བོའི་སླེ་ཐག་ཆད་ཟེར་བའི་དཔེ་ལྟར་ཆགས་བསྡད་ཡོད་པ་རེད། དེའི་ཕྱིར་སྤྲུལ་སྐུའི་ཡང་སྲིད་ཟེར་བ་དེ་རྩ་བ་ཉིད་ནས་མི་དགོས་པ་ཞིག་རེད་འདུག ང་རང་ལའང་སྔོན་མ་སྤྱི་ཚོགས་ནང་ནས་སྤྲུལ་སྐུའི་མིང་བཏགས་པ་རེད། ང་ཚོའི་གྲས་ཀྱིས་ང་སྤྲུལ་སྐུ་ཡིན། ང་ལ་མ་འོངས་པར་བྱེད་རྒྱུ་འདོམ་པ་བཅོ་བརྒྱད་ཡོད། ཁ་དྲོ་ང་ངོས་འཛིན་གནང་རོགས་ཞེས་ཞུ་བ་ཕུལ་བཞག་པ་མ་རེད། བླ་བྲང་ཁོང་ཚོ་ཡོང་ནས་མོ་ཡག་པོ་འདུག རྟགས་ཡག་པོ་འདུག མཚན་མ་ཡག་པོ་འདུག ཁྱེད་རང་ཅིག་རེད་འདུག་ཟེར་ནས་ཡིན་དང་མིན་ཟེར་རྒྱུ་མེད་པར་སོ་སོའི་ཁྱིམ་དང་ཁ་བྲལ་ནས་ཁྲིད་དེ་ཁྲིའི་སྒང་ལ་བསྐྱལ་བ་རེད། ང་ལ་ཁེ་སང་ག་རེ་བྱུང་བ་རེད་ཟེར་ན། ཡོངས་འཛིན་དམ་པའི་བཀའ་དྲིན་ལ་བརྟེན་ནས་དམིགས་བསལ་གྱིས་སློབ་སྦྱོང་ཞིག་རག་ཡོད་པ་རེད། ཡིན་ནའང་། སློབ་སྦྱོང་ཟབ་སྦྱོང་རག་པ་ཙམ་གྱིས་ངས་ཡོང་གི་ཡོད་པ་མ་རེད། དེ་ལ་བརྟེན་པའི་བསྟན་པར་བྱ་བ་ཞིག་བྱེད་དགོས་ཀྱི་ཡོད་ཀྱང་ང་ལྟ་བུ་ཞིག་གིས་རྒྱ་ཆེན་པོ་ཅི་ཡང་བྱེད་ཐུབ་མེད་སྟབས། སྤྲུལ་སྐུ་ངོས་འཛིན་མི་དགོས་པར་དེ་ལས་དངོས་གནས་དྲང་གནས་མཁས་གྲུབ་ཚོར་སྐྱབས་ བཅོལ་ཞུས་ན་ཡག་ཤོས་རེད་བསམ་གྱི་འདུག
འཇར་མན་བོད་ཁང་། བོད་པའི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་དེ་མེད་པར་བཟོས་ན། བོད་ཀྱི་སྤྱི་ཚོགས་ལ་ཕན་ལས་གནོད་ཆེ་བ་ཡོང་སྲིད་པར་གཟིགས་ཀྱི་ཡོད་དམ།
བྲག་གཡབ་སྐྱབས་མགོན། ངས་གོང་དུ་གང་ཞུས་པ་ལྟར་རེད། ད་ལྟ་བླ་མའི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་འཛིན་སྐྱོང་བྱེད་བཞིན་པ་དེ་གནད་ འགག་མང་པོ་ཞིག་ལ་ཐུག་ཡོད་པ་རེད། གཙོ་ཆེ་ཤོས་དཔལ་འབྱོར་དང་དབང་ཆ་ལ་ཐུག་ཡོད་པ་རེད། བོད་ཀྱི་གཏམ་དཔེར་མི་ཆུང་གི་བསམ་ཆུང་ཟེར་བ་ལྟར་ངས་བསམ་བློ་དེ་འདྲ་ཞིག་བཏང་བསྡད་པ་རེད་མ་གཏོགས། ང་ཚོ་ལྟ་བུ་ཞིག་གིས་བསམ་ཚུལ་བཤད་ནས་དོན་དག་དེ་ལག་ལེན་བསྟར་ཐུབ་པའི་རེ་བ་ཆུང་ཆུང་ཡིན། གང་ཡིན་ཟེར་ན། དེ་ལག་ལེན་བསྟར་བར་དབང་ཆ་བློས་གཏོང་དགོས་པ་དང་། དཔལ་འབྱོར་བློས་གཏོང་དགོས་པ་རེད། དེ་ཁོང་ཚོས་བློས་གཏོང་གི་མ་རེད། དེ་ཅ་ཟིང་པོ་དྲག་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་ལོགས་ཀྱི་གནས་སྟངས་དེ་ངོ་སྤྲོད་བྱེད་དགོས་པ་དང་ལྷག་པར་དུ་དེའི་ཐོག་ལ་བསམ་བློ་གཏོང་རྒྱུ་ཞེ་དྲག་གལ་ཆེན་པོ་ཡིན་སྟབས། ཁྱེད་ཀྱིས་གལ་ཏེ་ཡང་སྲིད་རྩད་གཅོད་བྱེད་པའི་རྒྱུན་དེ་མ་མཐུད་པ་ཡིན་ན། སྤྱི་ཚོགས་ལ་གནོད་སྐྱོན་ཡོང་གི་མ་རེད་དམ་ཞེས་གསུངས་བ་དེ་ངས་དེ་འདྲ་ཁྱོན་ནས་ཆགས་ཀྱི་མ་རེད་དྲན་གྱི་འདུག གང་ཡིན་ཟེར་ན། ད་ལྟ་ལོ་བརྒྱ་ཕྲག་ཁ་ཤས་རིང་གོམས་གཤིས་དེ་འདྲ་ཞིག་ཆགས་ཏེ། སྤྲུལ་སྐུ་ཅིག་རྙེད་དུས་དེ་ལ་རྒྱབ་སྙེས་ས་ཞིག་ཆགས་ཡོད་ཀྱང་། གཅིག་ནས་ལམ་ལུགས་ག་འདྲ་ཞིག་གི་ཐོག་ནས་མཇུག་བསྡུས་པའི་ཉིན་མོ་དེ་ནས་བཟུང་མིའི་རེ་ཐག་ཆོད་ཚར་བ་རེད། གཉིས་ནས་གོང་དུ་ཞུས་པ་ལྟར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་ཕེབས་ཡོང་གི་རེད། དེ་ཚོ་ཕེབས་ཡོང་དུས་འགྲོ་དོན་བསྒྲུབ་པ་མིག་མཐོང་ལག་ཟིན་ཡིན་སྟབས། དེའི་རྗེས་སུ་ཞུགས་ཏེ་དེ་ལ་སྐྱབས་བཅོལ་བ་དང་རེ་བ་རྒྱག་པ་ཞིག་ཏན་ཏན་ཆགས་ཀྱི་རེད་དྲན་གྱི་འདུག
གསར་འགོད་པ། པདྨ་མཚོས་བསྡུ་སྒྲིག་བྱས།
རྩ་བ་བོར་ནས་ཡན་ལག་འདོད་པ་བྲག་གཡབ་སྤྲུལ་སྐུའི་ལུགས་དེ་ལ་ཡག་པོ་གཟིགས་དཔྱད་མཛད་ན་སྔར་གྱི་གཅིག་སྒྲིལ་ཚོགས་པའི་ཞེ་འདོད་དེ་ཡང་སྐྱར་མངོན་པར་ངེས་པས་ཡིད་གཟབ་གྱིས། གཅིག་སྒྲིལ་ཚོགས་པ།
སྤྲུལ་སྐུའི་ལམ་ལུགས་འདི་འགྲེམ་སྟོན་ཁང་དུ་མ་ཕེབས་གོང་། ཐོག་མར་བྲག་གཡབ་རིན་པོ་ཆེ་གང་ཉིད་འགྲེམ་སྟོན་ཁང་དུ་ཕེབས་ན་ལེགས།།
སྤྲུལ་སྐུའི་ལམ་ལུགས་འདིས་བོད་ཀྱི་སྤྱི་ཚོགས་ལ་ཕན་འབྲས་ཆེན་པོ་འདུག་བསམ་གྱི་འདུག ང་ཚོས་ཕྱོགས་གང་སར་བསམ་བློ་མ་བཏང་བར་གང་བྱུང་ལབ་ན་ཆོ་མེད་པ་དང་།བྱིས་པའི་བརྡོལ་གཏམ་ལྟ་བུ་རེད།དེ་བས་གང་བྱུང་སྨྲ་མཁན་དག་ལ་འདོད་མོས་དང་ངོས་ལེན་མེད།
སྤྲུལ་སྐུའི་ལམ་ལུགས་འདི་སུ་གང་ལའང་དམིགས་བསལ་དགོས་དོན་མེད་པས། ཡོད་ན་ཡོད་ཁྱབ་མཉམ་དང་། མེད་ན་མེད་ཁྱབ་མཉམ་ལོས་དགོས། གང་ལྟར་མི་བུ་སུ་འདྲ་ཞིག་ལའང་ཁྱད་དུ་འཕགས་པའི་རྣམ་རིག་ཅིག་མེད་པ་མཐོང་ཆོས་སུ་ཡོད་དུས། ལམ་ལུགས་འདི་རིགས་ངོ་གནོང་སྐྱེ་གཞི་ཁོ་ན་ལས་ཅི་ཡོད།
དགོངས་ཚུལ་ལྷུག་པོ་གསུངས་འདུག །བླ་སྤྲུལ་ཚོགས་འདུའི་གྲོས་འཆར་དུ་གཞག་ན་ལེགས་སྙམ།
རྒྱལ་བ་རྣམ་གཉིས་ཏེ་མཆོག་སྤྲུལ་ངོས་འཛིན་གཉིས་སུ་ཚད་གཟུང་དགོས་པ་དགོངས་འཆར་གསུང་སྐབས་མ་བརྟགས་མ་དཔྱད་པའི་ཚེ། ཆོས་བརྒྱུད་སོ་སོའི་དབུ་བླའི་མཆོག་སྤྲུལ་རྣམས་དེའི་ནང་ཚུད་མེད་པས་ཆོས་ལུགས་འཐེན་འཁྱེར་གྱི་དགོངས་འཆར་ལྟ་བུར་སྣང་ཞིང་དེ་ལྟར་དོན་འགྲེལ་སྲིད་ཀྱང་། ཀུན་གྱིས་ཤེས་གསལ་ལྟར་དེ་ནི་གྲངས་བཞི་འམ་ལྔ་འམ་དྲུག་ཏུ་མང་མཐའི་མཚམས་སུ་མོས་མཐུན་ཡོང་རྒྱུ་མེད་པ་ངེས། ལར་ནས་བྲག་གཡབ་སྐྱབས་མགོན་མཆོག་གིས་གཉིས་སུ་ཚད་གཟུང་དགོས་པ་གསུང་བ་འདི་དགོངས་གཞི་དགོས་པ་ཡང་དག་པ་ཡོད་པའི་དམ་པའི་ཞལ་སྔ་ནས་ཀྱིས་ཚིག་བཙུན་པ་ཡིན་པས། ཤེས་ལྡན་རྣམས་ཀྱིས་དགོངས་འཆར་དེ་ལ་གནད་འགག་དེ་རྣམས་ཡོད་པ་མཐོང་དགོས་སྙམ།
དེང་སང་བོད་ཡིག་དག་ཆ་འབྲི་སྲོལ་འདྲ་མིན་གསར་པ་རེ་བྲི་བའི་སྐབས་འདིར་སྔར་ནས་རྒྱུན་སྤྱོད་དུ་ཡོད་པ་རྣམས་ལ་བརྩི་འཇོག་བྱ་དགོས་པ་གལ་ཆེ་བས། “སྐྱེས་པ་འདྲ་མི་འདྲ་བཞེས་”ཞེས་པ་དོན་དུ། སྐྱེ་བ་འདྲ་མི་འདྲ་བཞེས་ཞེས་འབྲི་དགོས་པ་སྙམ། “བོད་གངས་ཅན་གྱི་སྐྱེས་འགྲོ་”ཞེས་གསལ་བ་དག་པ་ནི། སྐྱེ་འགྲོ་དང་། སྐྱེས་བུ་ཞེས་པའི་ཚེ་ས་རྗེས་འཇུག་ཅན་པ་སྐྱེས་དག་པ་ཇི་ལྟར་བྲིས་འདུག་པ་ལེགས། “ཞེ་དྲག་”ནི་ཧ་ཅང་གི་དོན་ཅན་བོད་རྒྱ་ཚིག་མཛོད་ཆེན་མོར་ཡང་གསལ་མོད་ཀྱང་། ཞི་འཇམ་ཅན་མིན་པའི་ཁོག་རྩུབ་ཀྱི་དོན་ཅན་ཞེ་དྲག་པོ་དང་མི་ནོར་བའི་ཁྱད་དུ། ས་ཡང་འཇུག་ཅན་དྲགས་ཏེ་ཞེ་དྲགས་བྲི་བ་ལེགས་པར་སྙམ། “དྲགས་”ནི་ལེགས་སྦྱར་སྐད་དོད་ཀྱི་”ཨཏི་”ཡི་དོད་ཐུབ་ཏུ་བསྒྱུར་བ་ཧ་ཅང་དང་ཤིན་ཏུ་ཞེས་པའི་དོན་ཅན་ཡིན།
སྤྱིར་ན་བཅར་འདྲི་ཡིག་ཕབ་ལེགས་པ་བསྔགས་འོས་འདུག་པས་ཐུགས་རྗེ་ཆེ།།
རིན་པོ་ཆེ་མཆོག་གིས་ཧ་ཅང་གནད་འགག་གི་བཀའ་ཞིག་གནང་འདུག ལྷག་པར་དུ་བྲག་གཡབ་སྐྱབས་མགོན་སྤྲུལ་སྐུ་བླ་ཆེན་ཞིག་གི་ངོས་ནས་གསུངས་པ་དེར་རིན་ཐང་ཆེན་པོ་ཡོད་པ་རེད། ཁོང་གིས་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་ལམ་སྲོམ་དེ་མུ་མཐུད་སྡོད་དགོས་གསུངས་པ་དེ་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱས་པ་དེ་འདྲ་མ་རེད། སོ་སོའི་སྤྲུལ་ཡང་སྲིད་སོགས་ཀྱང་མཚམས་འཇོག་དགོས་གསུང་མཁན་ཞིག་གིས་དེའི་ཕན་དུ་ཕྱོགས་ཞེན་ཟེར་བ་ཞིག་ཡོང་ཤེས་ཀི་མ་རེད། ང་ཚོས་རིན་པོ་ཆེ་མཆོག་གི་བཀའ་ལ་ཡིད་གཟབ་ཀྱིས་ཉན་ཏེ་ཁོང་གི་དགོངས་པའི་གནད་རྟོགས་དགོས། རྒྱལ་དབང་པཎ་ཆེན་རྣམ་གཉིས་མུ་མཐུད་འབྱོན་དགོས་པ་དེ་ཆབ་སྲིད་ཀྱི་ཐད་ནས་ཧ་ཅང་གནད་འགག་ཅིག་ལ་དགོངས་པ་བཞེས་ཀྱི་ཡོད་པ་རེད། འདི་བོད་སྤྱི་བའི་རྩ་དོན་གལ་ཆེན་ཞིག་ཆགས་ཡོད་པ་རེད། དེ་ཚང་མས་མཁྱེན་དགོས་པ་གལ་ཆེན་པོ་རེད།
བྲག་གཡབ་སྐྱབས་མགོན་ཚང་གིས་བཀའ་གནང་བ་ལ་མངོན་པར་བསྟོད་དོ། དགོངས་ཚུལ་འདི་བཅའ་འདྲིའི་རིམ་པ་ཞིག་བརྒྱུད་ནས་གསུངས་པ་ཡིན་ཙང། ཕལ་ཆེར་རིན་པོ་ཆེའི་སྤྲུལ་སྐུའི་ལམ་སྲོལ་དང་འབྲེལ་བའི་དགོངས་གཞི་ཆ་ཚང་ཞིག་ཡོང་མེད་ཤས་ཆེ། གོང་གི་དགོངས་ཚུལ་ནང་སྤྲུལ་སྐུའི་དགེ་སྐྱོན་ཕྱོགས་གཉིས་ངོས་འཛིན་གསལ་ཐག་ཆོད་པ་ཞིག་གནང་འདུག་པ་མ་ཟད། དེང་གི་སྤྲུལ་སྐུ་ཚོའི་གནང་སྟངས་ཀྱང་བརྒྱ་ཆའི་རང་བཞིན་དུ་ཚོད་དཔག་གནང་ནས་བཀའ་གནང་འདུག དེ་ནི་ཆེ་ཕྲ་བར་མ་ཀུན་གྱིས་ད་བར་ཕྱོགས་ཙམ་ཕྱོགས་ཙམ་གླེང་ཟིན་པའི་སྙིང་པོ་ཆ་ཚང་འདུས་པ་ཞིག་ཏུ་མཐོང་སོང།
ཡིན་ནའང། ངེད་ལའདི་ནས་རིན་པོ་ཆེ་མཆོག་ལ་རེ་སྐུལ་ཞིག་ཞུ་རྒྱུ་ཡོད་པ་ནི། རིན་པོ་ཆེ་མཆོག་སྐྱབས་མགོན་ཞིག་རེད། བླ་བྲང་ཆེ་གྲས་ཤིག་རེད། དེའི་ཆ་ནས་རིན་པོ་ཆེ་རང་གི་དགོངས་གཞི་ལྟར་བོད་ལ་ལམ་སྲོལ་དེ་འདྲ་ཞིག་ཆགས་དགོས་ན། དང་པོ་རིན་པོ་ཆེ་གང་ཉིད་ནས་སྐུ་ཚེ་ཕྱི་མ་རྣམས་ལ་ལམ་སྟོན་ག་རེ་གནང་མིན་དང། དེང་སང་གི་གཞོན་སྐྱེས་ཚོའི་སྐད་དོད་དུ་བྱས་ན་རང་ངོས་ནས་མགོ་བཙུགས་ཏེ། བོད་ལ་ཕན་ངེས་ཀྱི་དགོངས་གཞི་མངོན་འགྱུར་འབྱུང་བར་ལམ་ཁ་ཞིག་ངེས་པར་དུ་བསྐྲུན་དགོས་པ་དང། ཡང་ན་འཕེན་པ་ཞིག་གཏོང་དགོས་པར་བསམས། དེའི་ཆ་ནས་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུའི་ལམ་སྲོལ་ཐད་གསུང་རྩོམ་ཞིག་མཛད་དགོས་པ་དེ་གལ་ཆེན་པོ་མཐོང་སོང། དེའི་ནང་ལམ་སྲོལ་དེ་མཇུག་བསྡུ་དགོས་པའི་དུས་ཚོད་སླེབས་པ་ནས་ཚུལ་ཅི་ལྟར་བསྡུ་བའི་དགོངས་ཚུལ་ཆ་ཚང་ཞིག་བཀོད་ཐུབ་ན་བོད་ཀྱི་མདུན་ལམ་ཐད་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཆགས་ངེས་པར་བསམས།། གུས་པ་དང་བཅས་ཤར་ཕྱོགས་པས་ངྷ་རམ་ཤཱ་ལ་ནས།།
སྤྱིར་བཏང་སྤྲུལ་སྐུའི་ལམ་སྲོལ་མེད་པ་བྱས་ན་ཡག་པོ་འདུག ཡིན་ན་ཡང་དགེ་ལུགས་པའི་རྒྱལ་པཎ་གཉིས་ལ་དམིགས་བསལ་སྤྲོད་དོན་ཅི་ཡིན་ནམ། འདི་ལྟར་ཆོས་བརྒྱུད་དབྱེ་འབྱེད་བྱས་ན་ཡག་པོ་རྩ་བ་ནས་ཡོད་མ་རེད། རྙིང་མ་དང་། བཀའ་བརྒྱུད། ས་སྐྱ་སོགས་ལ་སྤྲུལ་སྐུ་ཆེན་པོ་མང་པོ་ཡོད་རེད། དེ་དག་ཐམས་ཅད་འགྲེམ་སྟོན་དུ་བཞག་ནས། རྒྱལ་པཎ གཉིས་ཁོ་ན་གསོན་པོར་གནས་དགོས་ལབ་ན་གཟུ་བོར་གནས་པའི་སྐད་ཆ་ཞིག་གཏན་ནས་མ་རེད་ལ། དེ་ལ་སུས་ཀྱང་རྒྱབ་སྐྱོར་དང་མོས་མཐུན་བྱེད་ཀྱི་མ་རེད།
བཙན་ཁྲོད་ཀྱི་གྲྭ་བ་ཚོས་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཉམ་ཐག་དབུལ་འཕོངས་ཀྱི་བྱིས་པ་ཁྲི་ཁ་ཤས སློབ་སྦྱོང་དང་འཚོ་པའི་མཐུན་རྐྱེན་
གཉིས་ཀ་སྤྲད་དེ་རང་མགོ་ཐོན་ཐག་ཆོད་བཟོས་ཡོད་པ་མ་ཟད་སྤྱི་ཚོགས་བྱ་བ་གང་ཚམས་གྲུབ་མཁན་ཡོད་པ་དེ་ཚ་ོདང་དེ་རིང་ཁ་སང་གྲྭ་ས་རང་གི་ནང་ལ་ཡང་ལས་སྣེ་མོ་པ་དང་དཔེ་ཁྲིད་བྱེད་མཁན་གང་ཚམ་འདུག་འོ་ཀྱང་དེ་དག་བྱུང་བཞག་འགྲིག་བཞག་ཟེར་མཁན་མེད་
སྤྲང་ལ་ཁྱམས་སྡད་པའི་དུས་དེར་དགོན་པ་སྤྲུལ་སྐུ་གྲྭ་བ་སོགས་ལ་རྟེན་ནས་ང་ཚོ་དགྲ་ཟོས་ཡུལ་ཤོར་བོད་པའི་སྤྱི་ཚོགས་འདི་ལ་དོ་སྣང་ཀྱི་དཔལ་འབྱོར་རོགས་རིམ་དང་ཆབ་སྲིད་ཐད་ནས བདེན་རྒྱབ་བྱེད་མཁན་ཕྲན་བུ་དེ་ཚོ གྲྭ་བ་རྒྱུད་རག་པ་མ་རེད་དམ་
འདི་ན་རིན་པོ་ཆེ་མཆོག་གི་ལོ་རྒྱུས་མདོར་ཙམ་འདུག
རིན་པོ་ཆེ་མཆོག་ནི་ ༡༩༤༠ ལོར་བོད་ཤར་ཕྱོགས་སུ་སྐུ་བལྟམས་ཤིང་། དགུང་གྲངས་བཞི་ཡི་སྟེང་ལ་བྲག་གཡབ་༧སྐྱབས་མགོན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་ལ་བརྟེན་ནས། སྔར་ལམ་ལྟར་༧སྐྱབས་མགོན་རིན་པོ་ཆེ་མཆོག་ཁ་བ་ཅན་གྱི་སྤྲུལ་སྐུ་མཐོ་རིམ་”ནང་ གི་ཧོ་ཐོག་ཐུ་”རྒྱལ་སྤྲུལ་གྱི་ཁོངས་སུ་གཏོགས་ཤིང་། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་གཞུང་ཆེན་སློབ་གཉེར་གནང་། ༡༩༥༩ ལོར་བོད་ནས་འཕགས་ཡུལ་བཙན་བྱོལ་ཕེབས་དགོས་བྱུང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་ པོའི་བཀའ་འབྲེལ་ཆིབས་ཞབས་སུ་ཚུད་པ་དང་། དེ་རྗེས་གཞུང་ཆེན་གསན་བཞེས་འཕྲོ་སྐྱོང་གིས་རང་གཞུང་གིས་དགེ་བཤེས་ལྷ་རམ་པའི་ཕྱག་ཁྱེར་ཕུལ་བཞེས་མཛད།
༧གོང་ས་མཆོག་དང་སྐུའི་ཡོངས་འཛིན་རྣམ་གཉིས། ༧གོང་མ་བདག་ཁྲི་རིན་པོ་ཆེ། བླ་མ་ཀ་ལུ་རིན་པོ་ཆེ་སོགས་ཀྱི་ཐུགས་བརྩེས་རྗེས་འཛིན་གཟིགས་བསྐྱངས་ཟབ་མོ་ ཐོབ་སྟེ། ཆོས་བརྒྱུད་སོ་སོའི་མདོ་སྔགས་ཀྱི་གསན་བཞེས་རྒྱ་ཆེ་མཛད་པ་ནས་བཟུང་། ད་ལྟའི་བར་དུ་ལྗགས་བསྙེན་གྱི་རིམ་པ་དུ་མ་བསྟར་ཆགས་སུ་གནང་ཞིང་། བོད་ཕྱི་ནང་གཉིས་སུ་བོད་རིགས་སློབ་ཚོགས་སེར་སྐྱ་མང་ཚོགས་དང་བཅས་པར་དབང་བཀའ་ ཁྲིད་ལུང་བཀའ་སློབ་ཀྱི་རིམ་པ་ཐེང་མང་གནང་བ་རེད།
༡༩༦༢སྐོར་ནས་བོད་གཞུང་ གི་”ཤེས་རིག་རྩོམ་སྒྱུར་ཁང་”སྒོ་འབྱེད་ཐོག་ནས་དབུ་འཛིན་དང་པོ་དང་། ༡༩༦ ༤ ནས་ ༡༩༦༦ བར་རྒྱལ་ས་རྡི་ལི་གསར་པའི་བོད་ཀྱི་ཁང་པའི་དབུ་འཛིན་ཐོག་མ་དེ་གནང་། རྡི་ལིའི་བོད་ཀྱི་ཁང་པ་དེ་བཞིན་རྒྱལ་སྤྱིའི་གདེངས་འཇོགས་ཚད་མཐོ་ཡོད་པའི་ བོད་ཀྱི་ཤེས་རིག་དང་། ལེགས་བྱང་གི་བསྟི་གནས་ཤིག་རེད། རིན་པོ་ཆེ་མཆོག་ཉིད་ ༡༩༦༦ ལོར་རྗར་མེ་ནིའི་་གྲོང་ཁྱེར་རྦོན་གྱི་གཙུག་ལག་སློབ་གྲྭས་གདན་ཞུས་ ལྟར་ཕེབས་པ་ནས་བཟུང་། གཙུག་ལག་སློབ་གྲྭ་དེའི་ཤར་གླིང་དབུས་མའི་རིག་གཞུང་ཁང་དུ་བོད་རིག་པའི་ཐོག་ སློབ་ཁྲིད་དང་། རྩོམ་སྒྲིག་གི་ཕྱག་ལས་ལོ་ངོ་སུམ་ཅུ་སོ་བརྒྱད་རིང་གནང་ཞིང་། དེ་རྗེས་སྤྱི་མཚུངས་རྒན་ཡོལ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་མཛད་ཁུར་སྐྱོང་བཞིན་སྐུ་ཟླ་དང་། སྲས་སྲས་མོ་གཉེན་ལྟོས་རྣམས་ཀྱི་ཕན་ཚུན་འཚོ་ སྐྱོང་ཐོག་ནས་སྤྲོ་བཞུགས་གནང་མུས་ལྟར། རིན་པོ་ཆེ་མཆོག་རྗར་མེ་ནིར་གཏན་བཞུགས་གནང་ནས་མི་ལོ་བཞི་བཅུ་ཞེ་ལྔ་འགྲོ་བཞིན་ཡོད་པ་རེད།