བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་ལས་རིམ་ཚ་ཚ་འུར་འུར་གྱིས་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཀྱིས། སྲིད་སྐྱོང་འོས་མི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་ལ། མ་འོངས་སྲིད་སྐྱོང་གི་ལས་འཆར་དང་འབྲེལ་བའི་ཐོག་ཐུན་མོང་གི་དྲི་བ་ ༡༠ རེ་དང་། མཇུག་ཏུ་སྒེར་སོ་སོའི་གནད་དོན་དང་འབྲེལ་བའི་ཐོག་དྲི་བ་ ༥ རེ་བཅས་ཁྱོན་དྲི་བ་ ༡༥ རེ་བཏང་ཡོད། ཟླ་འདིའི་ཚེས་ ༢༦ ཉིན་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་བཅར་འདྲི་ཞུས།(འོས་མི་གཉིས་ཀྱི་བཅར་འདྲི་འདི་སྤེལ་ཡུལ་ཆུ་ཚོད་ ༡༢ ནང་བརྗེ་བོ་རྒྱག་རྒྱུ་ཡིན།)
དྲི་བ། བོད་མའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ཟེར་ན་འདྲ། སྒྲིག་འཛུགས་གྲུབ་སྟངས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་དང་། བཅོས་བསྒྱུར་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ། ཡོད་ན་གང་དག་ལ་བསྒྱུར་བཅོས་བཏང་སྟེ། གང་འདྲ་ཞིག་བཟོ་དགོས་པར་མཐོང་གི་ཡོད།
ལན། གཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་ཐད་བསྒྱུར་བཅོས་གཏོང་དགོས་པ་དེ་འདྲ་མཐོང་གི་མི་འདུག ང་རང་སྲིད་སྐྱོང་ལས་ཐོག་ཡིན་པའི་ཆ་ནས་འདས་པའི་ལོ་བཞི་ལྷག་ཅིག་གི་རིང་ནང་ཁུལ་ལ་བསྒྱུར་བཅོས་ཕྲན་བུ་བཏང་ཡོད་པ་རེད་ལ། མ་འོངས་པར་ཡང་མང་པོ་ཞིག་ཡར་རྒྱས་གཏོང་དགོས་པ་མཐོང་གི་འདུག གཙོ་ཆེ་ཤོས་དེ་སྔའི་བཀའ་ཤག་གི་ལས་འཕྲོ་ག་རེ་ཡོད་ན་དེ་དག་མཇུག་སྐྱོང་གནང་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། ཐོག་མ་གཞིས་ཆགས་ཁག་སྲ་བརྟན་ཡོང་བའི་ཆེད་དུ་རྒྱ་གར་གཞུང་ནས་སྲིད་བྱུས་ཤིག་དགོས་ཀྱི་འདུག སྐྱབས་བཅོལ་བོད་མིའི་ལག་འཁྱེར་(R.C)ཡིན་ནའང་ལོ་ལྔ་ལ་འཕར་འགྱངས་གནང་བ། དེ་བཞིན་མེག་ལོར་ནས་དྷ་ཤོད་བར་གྱི་ལམ་ཁར་པོ་ཏཱ་ལ་འདོག་རྒྱུ་སོགས་མང་ཆེ་བ་བཀའ་ཤག་སྐབས་སྔོན་མ་དག་གི་སྐབས་ནས་བཀའ་མོལ་གནང་བསྡད་པ་ཞིག་ཆགས་འདུག དེ་བཞིན་ཤེས་ཡོན་སྲིད་བྱུས་ཀྱིས་མཚོན་པའི་བོད་པའི་སྐད་ཡིག་རིག་གཞུང་དང་། དཔལ་འབྱོར་སོགས་བཀའ་ཤག་སྐབས་སྔ་མ་དག་ནས་གནང་བསྡད་པ་དེ་དག་མཇུག་སྐྱོང་གནང་གི་ཡོད་པ་རེད།
ད་ལན་བཀའ་ཤག་གིས་ཤེས་ཡོན་གལ་ཆེ་ཤོས་སུ་རྩི་བཞིན་ཡོད་པ་ལྟར། དེ་ལ་འགྲོ་སོང་དང་ལས་ཀ་མང་དུ་འགྲོ་བཞིན་ཡོད་སྟབས། ཤེས་རིག་ལས་ཁུངས་ལ་དྲུང་ཆེ་གཉིས་བསྐོ་བཞག་བྱས་པ་རེད། ལས་བྱེད་གསར་པ་བསྐོ་བཞག་ཀྱང་ཤེས་རིག་མང་ཤོས་ཆགས་བསྡད་ཡོད་པ་རེད། དྲིལ་བསྒྲགས་ལས་ཁུངས་ལ་བརྙན་འཕྲིན་ཚན་པར་མི་དང་འཕྲུལ་ཆས་གཉིས་ཐད་ནས་ཡར་རྒྱས་བཏང་ཡོད་པ་རེད། དེ་བཞིན། དྲིལ་བསྒྲགས་རྒྱ་ཡིག་སྡེ་ཚན་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱིན་ཡོད་ཀྱང་། ལས་བྱེད་བསྡུ་རྒྱུར་གསལ་བསྒྲགས་ཐེངས་གཉིས་བཏང་ཡང་ལས་བྱེད་རེག་ཡོད་པ་མ་རེད། ཡིན་ནའང་ལས་དོན་ཐོག་འཐུས་ཤོར་འགྲོ་ཡི་ཡོད་པ་མ་རེད། ཐེ་ཝན་དོན་གཅོད་དང་ཟུང་དྲུང་བསོད་རྡོར་ལགས་སོགས་ཕན་ཚུན་ཕྱར་གྲུ་མཉམ་འདེགས་གནང་སྟེ་འགྲོ་བསྡད་ཡོད་པ་རེད།
དཔལ་འབྱོར་ལས་ཁུངས་ལ་ལས་བྱེད་མང་དུ་གཏོང་མགོ་བཙུགས་ཚར་ཡོད་པ་རེད། ང་ཚོས་ལས་གཞི་གསར་པ་གལ་ཆེ་ཤོས་ཤིག་དཔལ་འབྱོར་ཐོག་འབད་བརྩོན་བྱེད་རྒྱུའི་འཆར་གཞི་ཡོད། དཔེར་ན། ད་ལྟའི་བཙན་བྱོལ་ནང་གི་ཚོང་ལས་གཉེར་མཁན་བརྒྱ་ཆ་ ༧༠ ལྷག་ལ་མཐོ་སློབ་ལག་འཁྱེར་མེད་མཁན་རེད་འདུག ཚོང་པ་མང་ཆེ་བར་ཚོང་ལས་སྦྱོང་བརྡར་ཙམ་ཡང་འཐོབ་མ་མྱོང་མཁན་རེད། ལག་འཁྱེར་དང་སྦྱོང་བརྡར་གཉིས་ཆ་ཡོད་པའི་སྟེང་ལ་མ་རྩ་དགོས་ཀྱི་ཡོད་སྟབས། སྐྱེད་ཀ་ཡོད་པ་དང་མེད་པ་ག་འདྲ་བྱེད་དགོས་མིན་གྱི་ལས་གཞི་ཆེན་པོ་ཞིག་འཐོན་ཡོང་གྲབས་ཡོད། དེ་བཞིན། ཆོས་རིག་ལས་ཁུངས་ནང་དུའང་གདན་ས་ཁག་ཏུ་ཚན་རིག་སློབ་ཚན་ཁྲིད་རྒྱུ་དང་། སློབ་གྲྭ་ཁག་ཏུ་ནང་ཆོས་སློབ་ཁྲིད་བཅས་ཀྱི་ཆེད་དུ་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་དེ་ལ་འབབ་པའི་ལས་བྱེད་མང་དུ་གཏོང་རྒྱུ་སོགས་ཀྱི་འཆར་གཞི་ཡོད་པ་རེད།
དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བདག་ཉེར་བྱེད་སྟངས་འདི་རྒྱ་གར་ལ་དཔེ་བལྟས་ཡོད་པ་རེད། རྒྱ་གར་གྱི་འགྲོ་སྟངས་དེ་སྔོན་མའི་དབྱིན་གཞུང་གི་འགྲོ་སྟངས་རེད། འགྲོ་སྟངས་འདི་ལ་དགེ་དང་སྐྱོན་གང་དག་ཡོད། ཁྱོད་ཀྱིས་སྐྱོན་ཆ་དེ་དག་ཇི་ལྟར་སེལ་རྒྱུ་ཡིན།
ལན། སྒྲིག་འཛུགས་གང་འདྲ་ཞིག་ཡིན་ནའང་དགེ་དང་སྐྱོན་གཉིས་ཀ་ཡོད་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བདག་ཉར་བྱེད་སྟངས་འདི་རྙིང་པ་རེད་འགྲིག་གི་མི་འདུག་ལབ་ན་ཏག་ཏག་བསྡད་ཡོད་པ་མ་རེད། ཁེ་ན་ཌ་དང་ཨོ་སི་ཊོ་ལི་ཡ། ནེའུ་རྫི་ལན་ཌི་སོགས་ཀྱི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་འདྲ་བོ་ཡོད་པ་རེད། ཨ་རི་ཡིན་ནའང་དེ་བཞིན་རེད། ནང་ཁུལ་གྱི་སྲི་ཞུ་བའི་ཕྱག་ལས་གནང་ཕྱོགས་ཐོག་ནས་ཀྱང་འདྲ་བོ་ཡོད་ཀྱང་། ཁྲིམས་ཐོག་ནས་ཡུ་རོབ་ལྟ་བུར་མཚོན་ན་(civil law)ལྟ་བཞིན་ཡོད་པ་དང་། དབྱིན་ཇི་ཡིན་ན་(common law)ལ་ལྟ་བཞིན་ཡོད་པ་རེད་ཟེར་ནས་སྔོན་ཆད་དབྱེ་བ་ཕྱེ་བཞིན་ཡོད་ཀྱང་ད་ལྟ་ཧ་ལམ་གཅིག་པ་ཆགས་ཀྱི་ཡོད་པ་རེད།
ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་སྟངས་ཐད་འགྱུར་བ་ག་རེ་བཏང་ཡོད་པ་རེད་ཟེར་ན། ལས་ཀ་ག་རེ་ཡིན་ན་སློབ་སྦྱོང་ཡང་དེ་རང་གི་ཐོག་ལ་ཐོན་ཡོད་མཁན་བསྐོ་ཐུབ་བྱེད་ཀྱི་ཡོད་པ་རེད། ཁྱད་ལས་པ་དེ་འདྲར་འབུམ་རམས་པའི་ལག་འཁྱེར་ཡོད་ན་དྲུང་གཞོན་གྱི་གནས་རིམ་ཐོག་ཐད་ཀར་ཡིག་ཚད་གཏོང་ཆོག་གི་ཡོད་པ་རེད། ཤེས་ཡོན་གྱི་ཐོག་ནས་(master)ཡི་ལག་འཁྱེར་ཡོད་ན་དྲུང་ལས་དང་སྡེ་འགན་ལ་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་རེད། དེ་བཞིན། བོད་ནས་གསར་དུ་འབྱོར་བ་ཚོར་ལག་འཁྱེར་མེད་ནའང་ཤེས་ཡོན་ཡག་པོ་ཡོད་ན་དམིགས་སུ་བཀར་ནས་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་གནང་རྒྱུའི་གོ་སྐབས་ཡོད་པ་བཟོས་ཡོད་པ་རེད།
དྲི་བ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་རིམ་པ་དང་། དེ་ལས་དམའ་བའི་ལས་བྱེད་ཚོས་འཛིན་སྐྱོང་གི་ཐག་གཅོད་གང་དག་གནང་ཆོག་གི་ཡོད་པ་དང་། གལ་སྲིད་ཁྱེད་རང་སྲིད་སྐྱོང་ཆགས་ན་དབང་ཚད་ག་འདྲ་ཞིག་སྤྲོད་འཆར་ཡོད་དམ།
ལན། ལྷན་ཁང་ཁག་ལ་མཚོན་ན་འཛིན་སྐྱོང་དང་འབྲེལ་བའི་ཐོག་ནས་དྲུང་ཆེ་རྣམ་པ་ཚོར་འགན་དབང་ཆེན་པོ་ཡོད་པ་རེད། ཕྱོགས་གཅིག་ནས་བལྟས་ན། དབང་ཆ་དགོས་ངེས་དེ་ཡོད་པ་རེད། དཔེར་ན། ཐག་གཅོད་ག་རེ་བྱེད་དགོས་ཀྱང་། སྡེ་ཚན་འགན་འཛིན་གྱི་ལས་བྱེད་ཚོས་ཞིབ་འཇུག་ཆ་ཚང་བྱས་ཏེ་སྙན་ཐོ་ཡར་བཀའ་བློན་དང་སྲིད་སྐྱོང་གི་ལག་པར་བསླེབས་ཡོང་སྐབས། དེ་འགྲིག་གི་མི་འདུག་ལག་བསྟར་བྱེད་རྒྱུ་མིན་ཟེར་ན། དེ་ལ་རྒྱུ་མཚན་འདང་ངེས་ཤིག་ཡོད་ན་མ་གཏོགས་གཤམ་འོག་ལས་བྱེད་ཚོས་ཞིབ་འཇུག་ཆ་ཚང་བྱས་ཚར་བ་ཞིག་ལ་སྒང་གི་བཀའ་བློན་དང་སྲིད་སྐྱོང་གིས་བཀའ་འཁྲོལ་མི་སྤྲོད་རང་སྤྲོད་རེད།
དྲུང་ཆེ་རྣམ་པ་ཚོར་དངུལ་བེད་སྤྱོད་ཀྱི་བཀའ་འཁྲོལ་དབང་ཚད་ག་ཚོད་ཅིག་སྤྲོད་དགོས་མིན་ཐོག་ཁ་སང་སྔོན་མ་ཞིག་ལ་བཀའ་བསྡུར་ཐེངས་ཁ་ཤས་བྱུང་སོང་། འོན་ཀྱང་འབབ་ས་གཅིག་ལ་འབབ་ཐུབ་ཡོད་པ་མ་རེད། སྤྱིར་བཏང་ལས་ཁུངས་ཤིག་གི་འཆར་གཞིའི་ཐོག་དངུལ་ག་ཚོད་དགོས་ནའང་དྲུང་ཆེས་ཐད་ཀར་བཀའ་འཁྲོལ་གནང་རྒྱུའི་དབང་ཚད་མེད་ཀྱང་ཡར་བཀའ་བློན་རིམ་པའི་སར་བསླེབས་སྐབས་བཀའ་འཁྲོལ་ཐོབ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། ངས་སྐུ་དབང་ཐོག་ནས་ཞེ་དྲགས་ཡོད་པ་རེད་བསམ་གྱི་འདུག ད་དུང་ལས་བྱེད་ཡོངས་ཀྱི་ལོ་གཅིག་གི་གསང་སྙན་དེ་དྲུང་ཆེ་རང་གིས་ཐག་གཅོད་གནང་གི་ཡོད་པ་རེད། དེ་དག་ལ་བལྟས་ཡོང་ན་ལས་བྱེད་ཡོངས་ཀྱིས་དྲུང་ཆེ་ལ་འགན་འཁུར་དགོས་ཀྱི་ཡོད་པ་དེ་གསལ་བོ་ཞེ་དྲགས་རེད། དེ་བཞིན། དྲུང་ཆེའི་འོག་གི་དྲུང་ཆེ་ལས་འཕར་དང་ཟུང་དྲུང་། དྲུང་གཞོན་དང་དྲུང་གཞོན་ལས་རོགས་སོགས་རིམ་པ་བཞིན་ལས་བགོས་དང་འགན་དབང་གསལ་བོ་ཡོད་པ་རེད།
དྲི་བ། ༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཡོང་ཐབས་ལ་ག་རེ་གནང་འཆར་ཡོད་པ་དང་། གནས་ཚུལ་ག་རེ་ཡིན་ཡང་འབྱུང་སྲིད་སྟབས། གལ་སྲིད། གློ་བུར་དུ་དགོངས་པ་རྫོགས་པ་ལྟ་བུའི་ཛ་དྲག་གི་གནས་ཚུལ་དེ་འདྲ་བྱུང་ན་ག་རེ་གནང་འཆར་ཡོད།
ལན། ༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཐད་ཚང་མས་སྨོན་ལམ་རྒྱག་གི་ཡོད་པའི་སྒང་ལ་ཁོང་ཉིད་ཀྱི་སྐུ་གཟུགས་ད་ལྟ་ཧ་ཅང་བདེ་ཐང་ཡོད་སྟབས། ༧གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་གནས་ཐུབ་པར་བརྒྱ་ཆའི་བརྒྱ་ཡིད་ཆེས་ཡོད། དེའི་ཐོག་མི་མང་གིས་ཐུགས་འཁྲལ་གནང་དགོས་པ་གཅིག་ཀྱང་ཡོད་པ་མ་རེད་ཟེར་ནས་ཞུ་རྒྱུ་ཡིན། ཉེ་ཆར་ང་ཨ་རིར་ཕྱིན་པའི་སྐབས་ལ་མི་རྒན་པ་དགུང་ལོ་ ༩༢ ཅན་ཞིག་ལ་ཐུག་སོང་། ཁོ་རང་ད་དུང་ཐང་པོ་ཞེ་དྲགས་འདུག དེ་མཐོང་ཡོང་སྐབས་ང་སེམས་གཏིང་ནས་དགའ་སྣང་ཞིག་དང་རེ་བ་ཆེན་པོ་ཞེ་དྲགས་ཆགས་སོང་། ༧གོང་ས་མཆོག་རང་གི་ཞལ་ནས་ཀྱང་ལོ་བརྒྱ་ལྷག་བཞུགས་རྒྱུ་ཡིན་གསུངས་ཡོད་པ་རེད། དེར་བརྟེན། ང་རང་གི་ངོས་ནས་ཀྱང་༧གོང་ས་མཆོག་ལོ་བརྒྱ་ལྷག་ལ་བཞུགས་རྒྱུན་ཡིན་པར་ཡིད་ཆེས་བློས་འཁེལ་ཆ་ཚང་བྱས་བསྡད་ཡོད།
༧གོང་ས་མཆོག་གི་མ་འོངས་པའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་༢༠༡༡ ཟླ་ ༩ པའི་ནང་དགའ་ལྡན་ཕོ་བྲང་རང་གིས་གསལ་བསྒྲགས་གནང་བའི་ཡིག་ཆ་ཡོད་པ་རེད། དེའི་ནང་ཁོང་དགུང་ལོ་ ༩༠ སྟེང་ཐུགས་ཐག་གཅོད་རྒྱུ་ཡིན་ཞེས་གསལ་བོར་འཁོད་ཡོད་པ་རེད། གལ་སྲིད་ཛ་དྲག་གི་གནས་ཚུལ་དེ་འདྲ་བྱུང་ན་ཡང་རིག་པ་བསྒྲིམ་ཏེ་གདོང་ལེན་བྱེད་ཐུབ་པར་སོ་སོར་ཡིད་ཆེས་ཡོད། དཔེར་ན། ང་རང་སྔོན་ཆད་ལས་ཀའི་ཉམས་མྱོང་གང་ཡང་མེད་པའི་ཐོག་ནས་གློ་བུར་དུ་སྲིད་སྐྱོང་ཆགས་ཡོད་ཀྱང་དཀའ་ངལ་ལ་གདོང་ལེན་བྱས་ཏེ་ད་བར་བསླེབས་པ་རེད། མི་མང་ནང་ག་འདྲ་བྱུང་ཡོང་ན་ཟེར་མཁན་བྱུང་བ་རེད། སྤྱིར་ང་རང་གི་མི་ཚེའི་ནང་ཛ་དྲགས་པོའི་གནས་ཚུལ་ག་རེ་བྱུང་ནའང་དེ་ལ་གདོང་ལེན་བྱས་ཏེ། རིག་པ་བསྒྲིམ་ནས་ཡོང་བ་ཞིག་ཡིན། ཐོག་མ་ང་སྲིད་སྐྱོང་ཆགས་སྐབས། ཟླ་བ་དྲུག་ཙམ་རིང་ཉམས་མྱོང་བསགས་རྗེས་རིམ་གྱིས་ལས་རིམ་ཞིག་བསྒྲིག་དགོས་བསམ་ཡོད་ཀྱང་། ང་སྲིད་སྐྱོང་ཆགས་མ་ཐག་བོད་ནང་རང་ལུས་མེར་བསྲེགས་ཤུགས་ཆེན་པོ་བྱུང་བ་རེད། འཛིན་སྐྱོང་གི་ལས་ཀ་བྱེད་ཞོར་དུ་ཕྱི་རྒྱལ་ཁག་ཏུ་བོད་དོན་ཁྱབ་བསྒྲགས་བྱེད་པ་དང་བོད་དོན་རྒྱབ་སྐྱོར་འཚོལ་བ། དཔལ་འབྱོར་འདུ་འགོད་བྱེད་པ་སོགས་སྡེབ་གཅིག་ལ་བྱས་ཏེ་ཡོང་བ་རེད། མ་འོངས་པར་དེ་འདྲའི་གནས་ཚུལ་ཛ་དྲག་ཆགས་ཀྱང་གདོང་ལེན་བྱེད་ཐུབ་པའི་གདེང་ཚོད་ཡོད།
དྲི་བ། ད་ལྟ་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་བར་གྱི་རྩོད་པ་དང་། ཆོལ་ཁ་ཆོས་ལུགས་བར་གྱི་འབྲེལ་བ་ཅུང་མགོ་ཉོག་པོ་ཆགས་ཡོང་གི་འདུག སྐུ་ཉིད་སྲིད་སྐྱོང་ཆགས་པ་ཡིན་ན། རང་བཙན་དང་དབུ་མ་མཐུན་ཐབས་དང་། ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ལ་ག་རེ་གནང་རྒྱུ་ཡིན།
ལན། རང་བཙན་དང་དབུ་མའི་ལམ་གྱི་བར་དུ་རྙོག་གྲ་ཟེར་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཕྱོགས་གཉིས་ཀས་རྩ་དོན་རྩོད་ཀྱི་ཡོད་པ་རེད། རང་བཙན་དང་དབུ་མ་གཉིས་དེ་རྩ་དོན་རྩོད་ཕྱོགས་ཀྱི་ཐབས་ལམ་གཉིས་རེད། འཛམ་གླིང་ཐོག་རྩ་དོན་རྩོད་མཁན་སུ་འདྲ་ཞིག་ཡིན་ནའང་ལྟ་བ་མཁྲེགས་པོ་འཛིན་མཁན་ཞིག་དང་ལྟ་བ་གུ་ཡངས་པོ་བྱེད་མཁན་རིགས་གཉིས་ཡོང་གི་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་རེད། གཞོན་ནུ་དང་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁ་ཤས་ཀྱིས་རང་བཙན་བཤད་བསྡད་ཡོད་པ་རེད། དེ་དག་དཀའ་ངལ་གང་ཡང་མ་རེད། དཀའ་ངལ་ཆེ་ཤོས་ག་རེ་ཆགས་ཀྱི་ཡོད་པ་རེད་ཟེར་ན། རང་བཙན་ཁ་ལ་འཁྱེར་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་ཡོད་པ་དེ་དཀའ་ངལ་ཆགས་ཀྱི་ཡོད་པ་རེད། ༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་བྱས་ན་རྩ་བ་ནས་འགྲིག་གི་མ་རེད་ཅེས་ང་ཚོས་གསལ་བོར་ཞུ་བཞིན་ཡོད་པ་རེད། ༧གོང་ས་མཆོག་དགུང་ལོ་ ༡༦ ནས་ ༨༠ བར་སྐུ་ངལ་བསྐྱོན་ཏེ། བོད་མི་ཚང་མས་མགོ་བཀྱགས་ཏེ་འཛམ་གླིང་ཐོག་འགྲོ་ཐུབ་པ་ཞིག་དང་། བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག སློབ་གྲྭ་དང་དགོན་སྡེ་ཡོངས་རྫོགས་སྲ་ཐག་ཐག་བཟོས་ཡོད་པ་འདི་དག་ཡོངས་རྫོགས་ཁོང་གི་བཀའ་དྲིན་ལས་བྱུང་བ་རེད། ཁོང་ལ་བཀའ་དྲིན་ཆེ་ཞུ་རྒྱུའི་ཚབ་ཏུ་གཞི་མེད་སྐྱོན་འཛུགས་བྱས་ན་རྩ་བ་ནས་འགྲིག་གི་མ་རེད་ཟེར་ནས་ཞུས་བསྡད་ཡོད། ༧གོང་ས་མཆོག་ལ་བསྐྱོན་འཛུགས་བྱས་ན་བཀའ་ཤག་གིས་མོས་མཐུན་རྩ་བ་ནས་བྱེད་ཐབས་ཡོད་པ་མ་རེད།
དོལ་རྒྱལ་རྗེས་འབྲང་བ་དེ་དག་གསལ་བོ་རེད། ཁོ་ཚོ་རྒྱ་ནག་གཞུང་གི་བེད་སྤྱོད་འོག་ཚུད་དེ་རྒྱ་ནག་གི་རྒྱུག་ཁྱི་བྱས་ཏེ་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་ཡོད་པ་རེད། དེར་ངས་དུས་རྟག་ཏུ་ཞུས་བསྡད་ཡོད། ༧གོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་བཞག་ཚར་བའི་རྗེས་ལ་རྒྱ་ནག་གཞུང་གིས་བོད་པའི་སྤྱི་ཚོགས་ནང་ལྷིང་འཇགས་པོ་ཡོང་མི་འཇུག་ཐབས་ལ་དོན་རྒྱལ་རྗེས་འབྲང་བ་ཚོ་བེད་སྤྱོད་བཏང་སྟེ་བོད་པ་ནང་ཁུལ་ཁ་བྲལ་དང་རྙོག་གྲ་བཟོ་ཐབས་བྱེད་ཀྱིན་ཡོད་པ་རེད། ཉེ་ལམ་རྒྱལ་སྤྱིའི་གསར་ལམ་སྐད་གྲགས་ཆེ་ཤོས་ཤིག་གི་ཐོག་ཏུའང་རྩོམ་ཡིག་ཅིག་བཀོད་ཡོད་པའི་ནང་། རྒྱ་ནག་གཞུང་གིས་དོལ་རྒྱལ་བེད་སྤྱོད་གཏོང་གི་ཡོད་པ་རེད་ཅེས་གསལ་བོ་ཞེ་དྲགས་བཀོད་འདུག དོལ་རྒྱལ་བ་དེ་ཚོ་ཆོས་དད་རང་དབང་དང་འབྲེལ་བ་གང་ཡང་ཡོད་པ་མ་རེད། དེ་ལ་ང་ཚོ་གཞུང་དང་མི་མང་གཉིས་ཀས་མཐའ་གཅིག་ཏུ་གདོང་ལེན་བྱེད་དགོས་པ་གལ་ཆེན་པོ་རེད།
ཆོལ་ཁ་ལུང་ཚན་གྱི་དཀའ་ངལ་དེ་གང་ཡང་མ་རེད་བསམ་གྱི་ཡོད། གཞི་བརྟན་པོ་ཞེ་དྲགས་རེད། མི་རེ་གཉིས་ཤིག་གིས་འབད་བརྩོན་བྱེད་བསྡད་ཡོད་པ་རེད་མ་གཏོགས་མི་མང་ནང་དེ་འདྲ་ཡོད་པ་མ་རེད། ང་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། ༧གོང་ས་མཆོག་གིས་ལོ་ངོ་ ༦༠ མ་ཟིན་ཙམ་རིང་ཆོལ་ཁ་ཆོས་ལུགས་མཐུན་བསྒྲིལ་ཐོག་ཧ་ཅང་རླབས་ཆེན་གྱི་ཕྱག་རྗེས་བཞག་གནང་ཡོད་པ་རེད། ང་གཞིས་ཆགས་ཁག་གང་དུ་ཕྱིན་ཡང་། ཆོལ་ཁ་ཆོས་ལུགས་ལས་སོ་སོའི་གཞིས་ཆགས་ཀྱི་ཞེན་ཁོག་དང་། སློབ་གྲྭའི་ཞེན་ཁོག དགོན་པའི་ཞེན་ཁོག་ཆེ་བ་འདུག ཆང་ས་དེ་འདྲ་ཡིན་ནའང་ཆོལ་ཁའི་ས་མཚམས་ཟེར་བ་ཞིག་རྩ་བ་ནས་མཐོང་མ་སོང་། དེ་དག་གི་བུ་ཕྲུག་ཚོ་ཆོལ་ཁ་གཉིས་དང་གསུམ་ལ་འབྲེལ་བ་ཆགས་ཡོང་གི་ཡོད་པ་རེད། ཡིན་ནའང་ད་ལྟའི་འོས་བསྡུའི་སྐབས་ལ་བློ་ཕམ་པའི་གནས་ཚུལ་རེ་གཉིས་ཡོང་གི་འདུག དེ་འདྲ་རྩ་བ་ཉིད་ནས་བྱེད་རྒྱུ་ཡོད་པ་མ་རེད། བཙན་བྱོལ་དུ་འབུམ་ ༡།༥ ཙམ་ལས་ཡོད་པ་མ་རེད། བོད་ནང་བོད་མི་ས་ཡ་ ༦ ལྷག་ཡོད་པ་རེད། ང་ཚོ་བརྒྱ་ཆ་ ༢ ལྷག་གིས་ཕྱོགས་ཞེན་འཐེན་འཁྱེར་བྱས་བསྡད་ན་བོད་ནང་གི་བོད་མི་བརྒྱ་ཆ་ ༩༧ ལྷག་གི་མངོན་འདོད་དེ་བསྒྲུབ་ཐུབ་ཀྱི་རེད་དམ། ད་ལྟ་དུས་རབས་ཉེར་གཅིག་རེད། ང་ཚོ་བོད་པ་ཚོའང་དུས་རབས་ཉེར་གཅིག་གི་བོད་པ་བྱེད་དགོས་པ་རེད། ཆོལ་ཁ་དབྱེར་མེད། ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་བྱས་ཏེ་འགྲོ་དགོས་པ་རེད་མ་གཏོགས་ཕྱོགས་རིས་འཐེན་འཁྱེར་བྱེད་པའི་གོ་སྐབས་ཡོད་པ་མ་རེད་ལ། གལ་སྲིད་དེ་ལྟར་བྱས་ནའང་གྱོང་མ་གཏོགས་ཁེ་ཕན་སུ་གང་ལའང་ཡོད་པ་མ་རེད། རྩ་བའི་ང་ཚོའི་བཀའ་ཤག་གི་ལྟ་གྲུབ་ཀྱང་ཆིག་བསྒྲིལ་གསར་གཏོད་རང་ཁ་རང་གསོ་གསུམ་རེད། ལྟ་གྲུབ་དེའི་ཐོག་ནས་བོད་མི་རྡོག་རྩ་ཆིག་བསྒྲིལ་ཡོང་ཐབས་ལ་འབད་བརྩོན་གནང་གི་ཡོད་པ་རེད་ལ་མ་འོངས་པར་ཡང་གནང་གི་རེད།
དྲི་བ། གཞིས་ཆགས་སྲ་བརྟན་ཟེར་ནས་བོད་མི་ཚོ་གཞིས་ཆགས་ནང་སྡོད་རྒྱུ་གཅིག་པུར་བསམ་བློ་མི་གཏོང་བར། དེ་ལས་གཞན། བོད་མིའི་ནུས་པ་མཉམ་སྤུངས་ཡོང་ཐབས་དང་། བོད་པའི་སྐད་ཡིག་རིག་གཞུང་དང་། བོད་མིའི་ངོ་བོ་རྒྱུན་འཛིན་ཡོང་ཐབས་བཅས་ཀྱི་ཆེད་དུ། ཕྱི་རྒྱལ་ཁག་དང་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་སོགས་ལ་དམིགས་ཏེ། འཆར་གཞི་གསར་པ་དེ་འདྲ་ཡོད་དམ།
ལན། དེའི་སྐོར་ལ་ངས་སྔོན་མ་ནས་ཞུས་བསྡད་ཡོད། གཞིས་ཆགས་སྲ་བརྟན་ཡོང་བ་ལ་ཨང་དང་པོ་ས་བརྟན་པོ་ཞིག་དགོས་པ་རེད། ད་ལྟ་ལོ་ ༥༠ ལྷག་འགྲོ་བཞིན་ཡོད་ནའང་གཞིས་ཆགས་ཁག་གི་ས་ཆའི་ཡིག་ཆ་བརྟན་པོ་མི་འདུག གནད་དོན་དེ་དག་ཐོག་འབད་བརྩོན་བྱས་ཏེ། ད་ལྟ་རྒྱ་གར་གཞུང་གིས་བོད་པ་སྐྱབས་བཅོལ་བའི་ཐོག་སྲིད་བྱུས་བཏོན་ཡོད་པ་རེད། མངའ་སྡེ་ཁག་ནས་ཀྱང་སྲིད་བྱུས་འཐོན་ཡོང་གི་ཡོད་པ་རེད། ར་ཝང་ལ་གཞིས་ཆགས་དང་བྷ་ད་ར་གཞིས་ཆགས་ལ་མཚོན་ན་རྒྱ་གར་གྱི་ས་ཁྲའི་ནང་ཤིང་ནགས་ལ་ངོས་འཛིན་བྱས་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་སྐད་གྲགས་ཆེན་པོ་དེའང་ཤིང་ནགས་རེད། ན་ནིང་གཞི་ནས་ཤིང་ནགས་དེ་མིས་བེད་སྤྱོད་བཏང་ཆོག་པ་བཟོས་ཟིན་པ་རེད། དེ་དག་རིམ་པ་དང་པོ་རེད། གཉིས་པ་གཞིས་ཆགས་ཁག་གི་ས་བརྟན་པོ་བཟོས་རྗེས་དེའི་སྟེང་མི་སྡོད་སྟབས་ལ་གཞོན་སྐྱེས་ཚོར་རྩེད་མོ་རྩེད་ཐང་བཟོ་རྒྱུ་དང་། ལྷ་མོ་དང་ཟློས་གར་འཁྲབ་མཁན་ཚོར་མ་རྩ་གནང་ཡོད་པ་རེད། དེ་བཞིན་གཞིས་ཆགས་རང་གི་ནང་དུ་ནང་ཆོས་ངོ་སྤྲོད་གནང་མཁན་ཡང་གོ་སྒྲིག་ཞུས་བསྡད་ཡོད་པ་རེད། ཆོས་དང་རིག་གཞུང་འཛིན་སྐྱོང་ཡོང་ཐབས་ལ་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གྲྭ་ཚང་མཉམ་འབྲེལ་ཐོག་ནས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་རེད། ཕྱི་རྒྱལ་ཁག་གི་བོད་རིགས་གཞོན་སྐྱེས་བོད་ཡིག་བོད་སྐད་སྦྱོང་འདོད་ཡོད་མཁན་ཚོར་ས་ར་མཐོ་སློབ་ཏུ་གོ་སྐབས་སྤྲོད་ཀྱི་ཡོད་པ་རེད། བོད་པའི་སློབ་ཕྲུག་ཡོད་སའི་རྒྱ་གར་མཐོ་སློབ་ཁག་ཏུ། ནང་ཆོས་ངོ་སྤྲོད་དགོས་ཀྱི་འདུག་ཟེར་ནས་ལྡི་ལི་དང་ཅན་དྷི་སྒར་ལ་ལས་རིམ་དེ་མགོ་འཛུགས་གནང་བ་རེད། སུད་སིར་མཚོན་ན་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་ཐོག་ནས་དྲ་རྒྱ་བརྒྱུད་འཛིན་གྲྭ་ ༥ པའི་བར་བོད་ཡིག་སློབ་ཚན་ཁྲིད་རྒྱུའི་ལས་རིམ་ཞིག་སྒྲིག་ཡོད་པ་རེད། བྱང་ཨ་རིར་ཡང་བོད་ཡིག་དེ་སྐད་ཡིག་གཉིས་པའི་ངོ་བོའི་ཐོག་ནས་ཁྲིད་ཐབས་ཤིག་འབད་བརྩོན་བྱེད་ཀྱིན་ཡོད། སྔོན་མ་དོན་གཅོད་བཀྲ་ཤིས་དབང་འདུས་སྐབས་ཀྱི་སློབ་དེབ་ཟིན་བྲིས་ཤིག་དཔར་སྐྲུན་ཞུས་ཏེ་བགོ་འགྲེམ་བྱེད་རྒྱུའི་འཆར་གཞི་ཡོད། དོན་གཅོད་ཁག་ཏུའང་བླ་ཆེན་དེ་འདྲ་ཕེབས་སྐབས་བོད་པའི་གཞོན་སྐྱེས་ཚོ་བསྐོངས་ཏེ་གསུང་བཤད་གོ་སྒྲིག་ཞུ་རྒྱུའི་འཆར་གཞི་བཟོས་ཡོད་པ་རེད།
དྲི་བ། ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་ད་བར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་རྐྱང་རྐྱང་བྱས་པ་རེད། འདས་པའི་ལོ་ངོ་ ༦༠ ཉེ་བའི་རིང་བཟང་ངན་གཉིས་ཐད་ནས་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་པ་རེད། སྐུ་ཉིད་ཀྱིས་བཟང་ཕྱོགས་ཀྱི་འགྱུར་བ་གང་དག་མཐོང་གི་ཡོད།
ལན། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་དགོས་པ་དེ་ལས་དོན་ཆུང་ཚགས་རེ་གཉིས་ཡག་པོ་ཡོད་མེད་ལ་མ་ལྟོས་པར། དེའི་རྒྱབ་ལོགས་ཀྱི་སྲིད་བྱུས་མཁྲེགས་པོ་དང་བོད་པ་ཚོར་ཡག་པོ་མེད་པ་ཞིག་ཡིན་སྟབས། དངོས་ཡོད་གནས་ཚུལ་དང་བདེན་པ་དེ་བཤད་ཀྱི་ཡོད་པ་རེད། དེ་སྐྱོན་བརྗོད་མ་རེད། རིག་གཞུང་རྩ་མེད། ཁོར་ཡུག་གཏོར་བཅོམ། དཔལ་འབྱོར་དབྱེ་འབྱེད་སོགས་བྱེད་ཀྱི་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། དེ་སྐྱོན་བརྗོད་ཆགས་ཀྱི་ཡོད་ནའང་གཞི་རྩ་མེད་པའི་སྐྱོན་བརྗོད་མ་རེད། བཟང་བའི་ཆ་ཕྲན་བུ་དཔེར་ན། ཟ་ཁང་ཚོང་ཁང་ནང་བོད་སྐད་བཤད་དགོས་པ་དང་། ས་གནས་རེ་ཟུང་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་པ་སོགས་མི་མང་གི་ངོ་རྒོལ་ལ་བརྟེན་ཏེ་བྱུང་བ་ཞིག་རེད་མ་གཏོགས། རྒྱ་ནག་གཞུང་གི་སྲིད་བྱུས་དེ་འདྲ་མིན་སྟབས་ངས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག
དྲི་བ། གཞིས་བཞུགས་བོད་རྒྱ་ཆེའི་མི་མང་འདས་གསོན་ཡོངས་ཀྱི་རེ་བ་ཆེ་ཤོས་༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་རྒྱུ་དེ་རེད། གལ་སྲིད་རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་འཇུག་རྒྱུར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡོངས་སུ་རྫོགས་པ་སྒོ་རྒྱག་དགོས་པའི་ཆ་རྐྱེན་བཏོན་ན་ཁྱེད་ལ་དེའི་ཐད་བསམ་འཆར་གང་འདྲ་ཡོད།
ལན། ༧གོང་ས་མཆོག་གིས་ག་རེ་གསུང་གི་ཡོད་པ་རེད་ཟེར་ན། བོད་རྒྱའི་གནད་དོན་དེ་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཞིག་མ་རེད། བོད་མི་ས་ཡ་དྲུག་གི་གནད་དོན་ཞིག་ཆགས་ཡོད་གསུང་གི་ཡོད་པ་རེད། དེར་བརྟེན་༧གོང་ས་མཆོག་བོད་ནང་ཕེབས་ཐུབ་མི་ཐུབ་གཙོ་བོ་མ་རེད་བོད་མི་ས་ཡ་དྲུག་གི་དཀའ་ངལ་སེལ་རྒྱུ་དེ་ཨང་དང་པོ་རེད། སྤྱིར་བཏང་༧གོང་ས་མཆོག་བོད་ནང་ཕེབས་ཐུབ་པ་མ་རེད། གལ་སྲིད་ཕེབས་ཐུབ་པའི་གནས་སྟངས་བྱུང་ནའང་དེ་དང་མཉམ་དུ་བོད་སྤྱི་བར་ཕན་ཐོགས་པ་ཞིག་ངེས་པར་དུ་གནང་གི་རེད། རྩ་བའི་རྒྱ་ནག་གིས་ཆ་རྐྱེན་དེ་འདྲ་འཇོག་གི་མ་རེད་ལ་གལ་སྲིད་བཞག་པ་ཡིན་ནའང་༧གོང་ས་མཆོག་རང་གི་ངོས་ནས་ཀྱང་ཞལ་བཞེས་གནང་གི་མ་རེད་བསམ་གྱི་འདུག
དྲི་བ། སྐུ་ཉིད་ཀྱིས་དམངས་གཙོའི་ལམ་སྲོལ་འདི་གལ་ཆེ་ལུགས་གང་འདྲར་མཐོང་གི་ཡོད་པ་དང་། གལ་སྲིད་བོད་རྒྱ་འབྲེལ་མོལ་ཟེར་ན་འདྲ་གྲོས་མོལ་ཟེར་ན་འདྲ། གང་ལྟར་བོད་རྒྱ་གཉིས་ཅོག་ཙེ་གཅིག་གི་སྟེང་སྐད་ཆ་བཤད་པའི་གོ་སྐབས་རེག་པའི་ཉིན་མོ་དེར། རྒྱ་ནག་གཞུང་ཕྱོགས་ནས་མ་འོངས་པར་བོད་ནང་དམངས་གཙོའི་ལམ་སྲོལ་འདི་སྤེལ་མི་ཆོག་པའི་ཆ་རྐྱེན་བཏོན་པ་ཡིན་ན། དེ་ལ་ཐག་གཅོད་གང་འདྲ་ཞིག་གནང་འཆར་ཡོད།
ལན། བོད་པ་ཚང་མའི་མངོན་འདོད་དེ་ང་ཚོར་དམངས་གཙོ་ཞིག་བྱུང་ན་ཟེར་བ་དེ་རེད། དེ་བཞིན། རྒྱ་ནག་ནང་དུའང་དམངས་གཙོ་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་རེད། ང་རང་གིས་ནམ་རྒྱུན་དེ་བཤད་བསྡད་ཡོད། ང་འབུམ་རམས་པ་འཐོན་སྐབས་ཀྱི་རྩོམ་ཡིག་ཀྱང་དམངས་གཙོའི་ཐོག་བྲིས་ཡོད་པ་རེད། ངས་ལོ་བཅུ་དྲུག་ལ་སློབ་སྦྱོང་བྱས་པའི་ནང་གཙོ་ཆེ་ཤོས་དམངས་གཙོའི་སྐོར་རེད། ལྷག་པར་དུ་ང་ཚོ་བཙན་བྱོལ་གཞུང་ལ་མཚོན་ནའང་འཛམ་གླིང་ཐོག་བཙན་བྱོལ་སྒྲིག་འཛུགས་མང་པོ་ཡོད་པའི་ནང་ནས་དམངས་གཙོའི་ལམ་སྲོལ་ཐོག་འགྲོ་བཞིན་ཡོད་པའི་སྒྲིག་འཛུགས་ཡག་ཤོས་དེ་ཆགས་ཡོད་པ་རེད། འོན་ཀྱང་། ང་ཚོས་རྒྱ་ནག་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེའི་ནང་། རྒྱ་ནག་གི་རྩ་ཁྲིམས་ཁས་ལེན་པའི་ཐོག་ནས་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ཟེར་གྱི་ཡོད་སྟབས། བོད་ནང་ལ་དམངས་གཙོ་ཡོང་ཐུབ་པ་དཀའ་ལས་ཁག་པོ་ཡིན་པ་གསལ་བོ་ཞེ་དྲགས་རེད། ཐའེ་ཝན་གྱི་དམངས་གཙོ་དང་། ཧོང་ཀོང་གི་དམངས་གཙོ་སོགས་ལ་རྒྱ་ནག་གཞུང་གིས་འདོད་པ་བྱེད་ཀྱི་ཡོད་པ་མ་རེད། དེ་སྔ་བཀའ་ཤག་གིས་དཔར་སྐྲུན་ཞུས་པའི་ཡིག་ཆའི་ནང་གི་རྒྱུན་འཁྱོངས་བྱེད་དགོས་པ་གསུམ་ཟེར་བ་གཞིར་བཟུང་ཕྱིན་པ་ཡིན་ན། བོད་ནང་མིང་དོན་མཚུངས་པའི་རང་སྐྱོང་བྱུང་ན་དེ་དང་མཉམ་དུ་དམངས་གཙོ་དགོས་ཟེར་བའི་ཆ་རྐྱེན་བཏོན་ཡོད་པ་མ་རེད། དེ་རང་འཇགས་གནས་བསྡད་ཡོད་པ་རེད། དེ་མ་གཏོགས་དམངས་གཙོ་ཡག་པོ་ཡིན་པ་ཚང་མས་ངོས་ལེན་གནང་གི་ཡོད་པ་རེད།
དྲི་བ། ང་ཚོས་བཙན་བྱོལ་ནང་ལས་དོན་ཡོངས་རྫོགས་བོད་ནང་གི་ཆེད་དུ་ཡིན་ཟེར་གྱི་ཡོད་པ་རེད། ང་ཚོས་ཕྱི་རྒྱལ་རོགས་ཚོགས་དེ་འདྲ་བརྒྱུད་དེ། བོད་ནང་གི་ཤེས་ཡོན་དང་འཕྲོད་བསྟེན། ཁོར་ཡུག་དང་སྤྱི་ཚོགས་འཛུགས་སྐྲུན་སོགས་ཀྱི་ཐད་རོགས་བྱེད་ཐུབ་པའི་ལམ་ཁ་ཡོད་དམ།
ལན། ང་ཚོ་ཕྱི་རྒྱལ་ག་བར་ཕྱིན་པ་ཡིན་ན་རེད། མི་སྣ་སུ་འདྲ་ཞིག་ལ་ཐུག་པ་ཡིན་ནའང་ཁྱེད་རང་ཚོས་བོད་ནང་ལ་རོགས་པ་བྱེད་རོགས་ཟེར་གྱི་ཡོད་པ་རེད། བོད་པའི་ཁོར་ཡུག་དང་སྐད་ཡིག་རིག་གཞུང་ག་རེ་ཐོག་ལའང་ཕྱག་ལས་གནང་ཐུབ་ན་གནང་རོགས་ཟེར་ནས་ཞུ་བཞིན་ཡོད་པ་རེད། ད་སྔ་བོད་ནང་ལ་རོགས་པ་བྱེད་མཁན་མང་པོ་ཞིག་ཡོད་པ་རེད། ཁོ་རང་ཚོར་ཐུག་སྐབས་སྔགས་བརྗོད་ཞུ་བཞིན་ཡོད། གཞུང་ཁ་ཤས་ཀྱིས་བཙལ་བྱོལ་ནང་རོགས་པ་བྱེད་ཐུབ་ཀྱི་མི་འདུག་བོད་ནང་རོགས་པ་བྱེད་ཀྱི་ཡོད་གསུང་གི་འདུག དེ་ཧ་ཅང་ཡག་པོ་རེད་མུ་མཐུད་གནང་རོགས་གནང་ཟེར་གྱི་ཡོད་པ་རེད། ཡིན་ནའང་ཁོ་རང་ཚོའི་ངོས་ནས་ད་ལྟ་བོད་ནང་རོགས་པ་བྱེད་རྒྱུ་དཀའ་ལས་ཁག་ཏུ་འགྲོ་བཞིན་འདུག་གསུང་གི་འདུག
དྲི་བ། སྐུ་ཉིད་ཐེངས་སྔོན་མར་སྲིད་སྐྱོང་དུ་བཞེངས་སྐབས་རང་ཁ་རང་གསོ་ཤུགས་ཆེན་པོ་གསུངས་པ་རེད། ད་རེབ་བསླར་ཡང་སྲིད་སྐྱོང་དུ་བཞེངས་སྐབས་ཨ་རི་ནས་ཨ་སྒོར་ས་ཡ་ ༩ རག་སོང་ཞེས་ཤུགས་ཆེན་པོ་གསུང་གི་འདུག རང་ཁ་རང་གསོ་ཟེར་བ་དང་རོགས་དངུལ་མང་པོ་བཙལ་བ་གཉིས་བར་འགལ་བ་འདྲ་མཐོང་གི་ཡོད་དམ།
ལན། དེ་གཉིས་བར་འགལ་བ་དམིགས་བསལ་མཐོང་གི་མེད། བཀའ་ཤིག་གི་ལྟ་གྲུབ་ཆིག་སྒྲིལ་གསར་གཏོད་རང་ཁ་རང་གསོ་གསུམ་དེ་འཕྲལ་ཕུགས་རྒྱང་གསུམ་གྱི་ཐོག་ལ་བསམ་བློ་བཏང་བ་ཞིག་རེད། སྤྱི་ཚོགས་རང་ཁ་རང་གསོ་ཐུབ་ཐབས་ལ་ག་རེ་བྱེད་དགོས་ཀྱི་འདུག་ཟེར་ན། སྒྲིག་འཛུགས་སྲ་ཐག་ཐག་གནས་དགོས་པ་དེ་གལ་ཆེ་ཤོས་རེད། ཆོས་སྐད་ཡིག་རིག་གཞུང་དེ་མ་རྩ་རེད། དེ་འདྲ་ཡིན་དུས་ཤེས་ཡོན་ཡར་རྒྱས་གཏོང་དགོས་ཀྱི་འདུག ཤེས་ཡོན་ཡར་རྒྱས་ག་ཚོད་ཕྱིན་ན་དེ་ཙམ་གྱིས་སོ་སོའི་རྐང་པའི་སྒང་དུ་ལངས་ཐུབ་ཀྱི་ཡོད་པ་རེད། སོ་སོའི་རྐང་པའི་སྒང་ལངས་ཐུབ་པའི་ཤེས་ཡོན་སྤྲོད་རྒྱུར་དེ་ལ་འབབ་པའི་མཐུན་རྐྱེན་སྤྱོར་དགོས་པ་རེད། མཐུན་རྐྱེན་སྤྲོད་མ་ཐུབ་ན་སློབ་སྦྱོང་གི་བརྒྱ་ཆ་སྐྱོ་བོ་ཆགས་པ་དང་། མཐོ་སློབ་སྐྱོ་བ་ཞིག་དང་འབྲིང་བ་ཞིག་ལ་ཕྱིན་ན་ལག་འཁྱེར་ཡང་སྐྱོ་བ་ཞིག་དང་འབྲིང་བ་ཞིག་ལས་རག་གི་མ་རེད། ལག་འཁྱེར་དེ་འདྲ་ཞིག་གིས་ལས་ཀའང་སྐྱོ་བ་ཞིག་དང་འབྲིང་བ་ཞིག་ལས་རག་གི་མ་རེད། ལས་ཀ་དེ་འདྲ་ཞིག་གིས་དཔལ་འབྱོར་ཡང་ཡག་པོ་ཞིག་བཟོ་ཐུབ་ཀྱི་མ་རེད། དེ་བཞིན། བོད་པའི་ཚོང་པ་ཚོར་ཡང་སྦྱོང་བརྡར་སྤྲོད་དགོས་ཀྱི་ཡོད་པ་རེད། མ་རྩ་གཡར་དགོས་ཀྱི་ཡོད་པ་རེད། དེ་དག་ལ་ཕྱིའི་རོགས་དངུལ་མེད་ན་ཡོང་ཐུབ་ཡོད་པ་མ་རེད། ཁོ་རང་ཚོ་ལ་མཐུན་རྐྱེན་ཡག་པོ་སྦྱར་བ་ཡིན་ན་མ་འོངས་པར་ཚོང་ཆེན་པོ་རྒྱག་ཐུབ་པ་དང་། ཚུར་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་ཀྱི་ཡོད་པ་རེད། མདོར་བསྡུས་ན། རང་ཁ་རང་གསོ་བཤད་པ་ལ་བརྟེན་ཏེ། སྤྱི་ཚོགས་ནང་ལ་དོ་སྣང་དང་འགན་འཁུར་ཤུགས་ཆེན་པོ་ཞེ་དྲགས་ཕྱིན་འདུག གཞིས་ཆགས་ཁག་ཏུ་ཕྱིན་སྐབས་ལམ་ཁ་བཟོ་རྒྱུ་དང་། རྒན་འཁོགས་དང་ནད་པ་ཉམ་ཐག་ལ་རོགས་པ་བྱེད་རྒྱུ་ཚུན་གཞོན་སྐྱེས་ཚོས་དང་ཏུ་བླངས་ཏེ། གཞུང་ལ་བརྟེན་རྒྱུ་མིན། རང་ཁ་རང་གསོ་བྱེད་དགོས་ཀྱི་འདུག་ཟེར་ནས་ཕན་ཚུན་ལ་རོགས་པ་བྱེད་ཀྱིན་འདུག དེར་བརྟེན། གནས་སྐབས་རིང་ཕྱི་ནས་རོགས་དངུལ་བླངས་ཏེ་ལོ་བཅུ་གྲངས་ཤིག་གི་ནང་ལ་ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་ཆེན་པོ་བཏང་བ་ཡིན་ན་ཕུགས་ལ་རང་ཁ་རང་གསོ་ཡོང་ཐུབ་ཀྱི་ཡོད་པ་རེད།
དྲི་བ། སྐུ་ཉིད་ཀྱིས་སྔོན་མ་བོད་རྒྱའི་འབྲེལ་མོལ་སྐོར་ལ། ཕྱི་ཡི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ། ཞེས་གསུང་གནང་བསྡད་པ་རེད། འདས་པའི་ལོ་ལྔའི་རིང་ནང་གི་དོན་སྙིང་ག་རེ་ཆགས་ཡོད་དང་། གལ་སྲིད་སླར་ཡང་སྲིད་སྐྱོང་ཐོབ་པ་ཡིན་ན་བོད་རྒྱའི་གནད་དོན་སེལ་ཐུབ་ག་རེ་གནང་འཆར་ཡོད།
ལན། གཙོ་བོ་རྒྱ་ནག་གཞུང་གིས་ག་རེ་ཟེར་གྱི་ཡོད་པ་རེད་ཟེར་ན། བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་མཉམ་དུ་སྐད་ཆ་བཤད་རྒྱུ་མིན་ཟེར་གྱི་ཡོད་པ་རེད། ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་བཞག་ཚར་བའི་རྗེས་ལ་སྐུ་ཚབ་སུས་གནང་གི་རེད་ཟེར་བའི་དྲི་བ་ཞིག་ཡོང་གི་ཡོད་སྟབས། ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་རྩི་བཞིན་ཡོད་ཟེར་གྱིན་ཡོད། དེའི་དོན་དག་ཕྱིའི་སྐུ་ཚབ་སུའི་མཚན་ཐོག་ཏུ་འགྲོ་དང་མི་འགྲོ་གལ་ཆེན་པོ་མ་རེད། བོད་ནང་གི་དཀའ་ངལ་སེལ་ཐུབ་གནང་རྒྱུ་དེ་གལ་ཆེ་ཤོས་རེད། རྗེས་ལ་ང་ཚོས་ཁ་གསལ་བོ་བཟོས་ཏེ། དེ་སྔ་སྐུ་ཚབ་ཚོ་༧གོང་ས་མཆོག་གི་མཚན་ཐོག་ནས་ཕེབས་པ་རེད། མ་འོངས་པར་ཡང་༧གོང་ས་མཆོག་དང་རྒྱ་ནག་གི་སྐུ་ཚབ་བར་བཀའ་མོལ་གནང་གི་རེད་ཟེར་གྱི་ཡོད་པ་རེད།
བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གླང་ཆེན་ལ་ཕྱི་ལ་སྟོན་རྒྱུའི་མཆེ་བ་ཞིག་དང་། ནང་དུ་རྩྭ་ཟ་བྱེད་ཀྱི་སོ་ཞིག་ཡོད་པ་རེད་གསུངས་བ་བཞིན་སྲིད་སྐྱོང་ལའང་ཕྱི་ལ་སྟོན་རྒྱུ་ཞིག་དང་ནང་དུ་ཉར་རྒྱུ་ཞིག་དགོས་ཀྱི་ཡོད་པ་རེད། སྲིད་སྐྱོང་ཕྱི་རྒྱལ་གང་དུ་ཕྱིན་ནའང་གནད་ཡོད་མི་སྣ་དེ་ཚོར་བཀའ་བསྡུར་ཡོང་གི་ཡོད་པ་རེད། ངས་མིང་འབོད་རྒྱུ་མིན། ལུང་པ་ཞིག་གི་ཕྱི་སྲིད་བློན་ཆེན་དང་རྒྱ་ནག་ཕྱི་སྲིད་བློན་ཆེན་གཉིས་གསོལ་ཚིགས་བར་གསེང་དུ་སྐར་མ་ ༤༥ རིང་བོད་དོན་སྐོར་ལ་ཅོག་ཙེ་སྟེང་ལ་ཁག་པས་བརྡབ་ནས་བཤད་རེས་བྱས་འདུག ཡིན་ནའང་འབྲེལ་བ་ཡོང་གི་མེད་པའི་རྒྱུ་མཚན་གཙོ་བོ་དེ་རྒྱ་ནག་གཞུང་གིས་བོད་པ་ཚོར་རང་སྐྱོང་ཚད་མཐོན་པོ་ཞིག་སྤྲད་ན་ཕུགས་ལ་ག་རེ་བྱེད་ཡོང་སྙམ་པའི་དོགས་ཟོན་དེ་རེད། གཉིས་ནས་བོད་པ་ཚོ་གནོན་ཐུབ་ཀྱི་རེད་སྙམ་པའི་མཐོང་ཆུང་དང་ཧམ་སེམས་དེ་རེད།
མ་འོངས་པར་ང་བསྐྱར་དུ་སྲིད་སྐྱོང་ཆགས་པ་ཡིན་ནའང་རྒྱ་ནག་ནང་གི་ནང་པ་གཙོས་པའི་མི་མང་ལ་ག་ཚོད་ཐུབ་ཐུབ་ཀྱིས་འབྲེལ་བ་བྱས་ཏེ་གཞུང་ལ་གནོན་ཤུགས་བསླེབ་ཐབས་དང་། རྒྱལ་སྤྱིའི་ཐོག་ཏུའང་བོད་དོན་སེལ་དགོས་པའི་གལ་གནད་སྐོར་གོ་རྟོགས་སྤེལ་ཏེ་རྒྱལ་སྤྱིའི་གཞུང་དམངས་གཉིས་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་བྱེད་རྒྱུ་སོགས་གལ་ཆེན་པོར་མཐོང་གི་ཡོད། བོད་རྒྱའི་བར་འབྲེལ་བ་མཐུད་ཐུབ་པའི་ཉིན་མོར་བཀའ་མོལ་གནང་མཁན་གྱི་སྐུ་ཚབ་གྲ་སྒྲིག་ཨང་གསར་ཡོད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ལྟ་བུར་མཚོན་ན་ཡོངས་གྲགས་སུ་འཚོགས་བཞིན་པ་དེ་མ་ཡིན་པར་གནད་དོན་གལ་ཆེན་ཐོག་ཧྲག་བསྡུས་ཐེངས་མང་པོར་ཚོགས་ཀྱི་ཡོད་པ་རེད།
དྲི་བ། ང་ཚོས་ཤེས་ཚོད་བྱས་ན་ད་སྔ་ང་ཚོ་བོད་ཀྱི་དུས་བབ་དང་ཨ་རིའི་རླུང་འཕྲིན་ཁང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། ནོར་ཝེ་རླུང་འཕྲིན་ཁང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དམངས་གཙོ་ཚོགས་པ། བུད་མེད་ཚོགས་པ་སོགས་སྡེ་ཚན་ ༨ ཙམ་གྱིས་སྲིད་སྐྱོང་འོས་མི་གཉིས་སྡིངས་གཅིག་གི་སྟེང་བགྲོ་གླེང་གནང་བར་གདན་ཞུ་གནང་ཡོད་ཀྱང་། ད་སྔ་ཨ་རིའི་རླུང་འཕྲིན་ཁང་དང་དམངས་གཙོ་ཚོགས་པ་གཉིས་ལས་ངོས་ལེན་མི་གནང་བའི་རྒྱུ་མཚན་གང་ཡིན་ནམ།
ལན། དམངས་གཙོའི་འགྲོ་སྟངས་ཐོག་ནས་བགྲོ་གླེང་གལ་ཆེན་པོ་རེད། ཐེངས་སྔོན་མ་ཡིན་ན་ང་ཚོ་འོས་མི་གསུམ་ཆ་ལས་ཐོག་མ་རེད། ཁོ་རང་ཚོའི་ལྟ་བ་ལངས་ཕྱོགས་དང་འཆར་གཞི་སོགས་མི་མང་གིས་ཧ་གོ་དགོས་པ་གལ་ཆེན་པོ་ཡིན་སྟབས་བགྲོ་གླེང་ཐེངས་ ༡༣ ཙམ་གྱི་སྟེང་ཕྱིན་པ་རེད། ཡིན་ནའང་བསྡོམས་བརྒྱབ་ཡོང་ན་སྐད་ཆའི་ནང་དོན་གཅིག་པ་དང་། དྲི་བའང་འདྲ་བོ་ཆགས་ཡོང་གི་ཡོད་པ་རེད། བགྲོ་གླེང་མང་ན་ཡག་པོ་དམིགས་བསལ་མི་འདུག ཨ་རི་དང་དབྱིན་ཡུལ་ལྟ་བུར་མཚོན་ན། སྲིད་འཛིན་དང་སྲིད་བློན་འོས་བསྡུའི་བགྲོ་གླེང་ཐེངས་གཉིས་གསུམ་མ་གཏོགས་ཡོད་པ་མ་རེད། ཡོད་པ་དེ་སྤུས་དག་པོ་གནང་གི་ཡོད་པ་རེད། གཉིས་ནས་ང་སྲིད་སྐྱོང་ལས་ཐོག་ཡིན་སྟབས། ངས་ད་སྔ་ག་རེ་བྱས་ཡོད་པ་དང་། མ་འོངས་པར་ག་རེ་བྱེད་འཆར་ཡོད་པ་ཚང་མ་མི་མང་གིས་ཧ་གོ་ཡི་ཡོད་པ་རེད། ལོ་བཞི་དང་ཕྱེད་ཀའི་རང་ངས་དྲི་བ་རྐྱང་རྐྱང་ལ་ལན་བརྒྱབ་ནས་ཡོང་བ་རེད། ད་ལྟ་གསར་པ་གང་ཡང་ཞུ་རྒྱུ་ཡོད་པ་མ་རེད། གསུམ་ནས་ང་ལ་དུས་ཚོད་ཡོད་པ་མ་རེད། བཀའ་ཤག་གི་ལས་ཀ་མང་པོ་ཞིག་བང་བསྒྲིགས་བསྡད་ཡོད་པ་རེད། དམངས་གཙོ་ཚོགས་པ་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱིས་སྔོན་འགྲོའི་འོས་བསྡུའི་སྐབས་ཤིག་ནས་བགྲོ་གླེང་གནང་དགོས་ཀྱི་ཡོད་གསུངས་སོང་།
དྲི་བ། མང་ཚོགས་ནང་སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ལྔའི་རིང་དབུ་མ་དང་རང་བཙན་གྱི་བཞེངས་ཕྱོགས་གསལ་བོ་གནང་མ་སོང་བའི་དགོངས་ཚུལ་འདུག། ཁྱེད་རང་གི་བཞེངས་ཕྱོགས་དངོས་གནས་དེ་གང་ཡིན་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བློ་བཟང་སེང་གེ་སྒེར་གཉིས་ཀྱི་ལངས་ཕྱོགས་ཐ་དད་དུ་ངོས་འཛིན་གནང་གི་ཡོད་དམ་གཅིག་ཡིན་པར་ངོས་འཛིན་གནང་ཡོད།
ལན། ང་རང་གི་ལངས་ཕྱོགས་དབུ་མའི་ལམ་རང་ཡིན། ང་བློ་བཟང་སེང་གེ་སྒེར་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་བར་ལངས་ཕྱོགས་གཅིག་མ་གཏོགས་གཉིས་མེད། ང་སྔོན་ཆད་བཀའ་བློན་ཁྲི་པར་ལངས་སྐབས་ཨ་རིའི་ནེའུ་ཡོག་ནས་མི་ཞིག་གིས་སྐད་ཆ་དྲིས་སོང་། སྐབས་དེར་ངའི་ལངས་ཕྱོགས་དབུ་མའི་ལམ་ཡིན་ཞེས་གསལ་བོར་ཞུས་ཡོད། སྐབས་དེར་ང་སྲིད་སྐྱོང་མ་རེད། སྔོན་མ་འཆར་འགོད་ལས་ཁུངས་ཀྱིས་གཞིས་ཆགས་ཁག་གི་མི་མང་ཚོ་དབུ་མའི་ལམ་གྱི་ཐོག་ལ་གོ་རྟོགས་ག་ཚོད་ཡོད་མེད་བསམ་ཤོག་བསྡུས་སྐབས་བརྒྱ་ཆ་ ༥༡ ཙམ་གྱིས་ཤེས་ཀྱི་ཡོད་ལབ་འདུག ངས་སྐབས་དེར་ག་རེ་དྲན་སོང་ཟེར་ན། འགེངས་ཤོག་སྐོང་ཤེས་མཁན་དེ་ཚོ་ཤེས་ཡོན་ཡོད་མཁན་རེད། ཤེས་ཡོན་ཡོད་མཁན་ནང་ ༥༡ ལས་མེད་ན། ཤེས་ཡོན་མེད་མཁན་མང་པོ་ཞེ་དྲགས་ཡོད་པ་རེད་བསམ་སྟེ། གཟིམ་ཆུང་ལ་སྙན་གསེང་ཞུས་ཏེ་དབུ་མའི་ལམ་གྱི་སྐོར་ལ་ལས་འགུལ་ཆེན་པོ་ཞིག་སྤེལ་དགོས་ཀྱི་འདུག་ཞུས་པ་ཡིན། ད་ག་རེ་བྱེད་དགོས་ས་རེད་གསུངས་སོང་། ངས་སྲིད་སྐྱོང་དང་བཀའ་བློན། དྲུང་ཆེ་ཚང་མ་མི་མང་ནང་མར་ཕེབས་ཏེ་རྒྱལ་སྤྱི་དང་རྒྱ་ནག བོད་མི་མང་བཅས་ཁྱོན་ཡོངས་ནས་གོ་རྟོགས་སྤེལ་དགོས་ཀྱི་འདུག་ལབ་སྟེ་ ༢༠༡༤ ལོར་གསར་འགོད་གསལ་བསྒྲགས་ཆེན་པོ་དེ་སྤེལ་བ་རེད།
ང་བློ་བཟང་སེང་གེ་སེམས་གཏིང་ནས་དབུ་མའི་ལམ་ལ་ཡིད་ཆེས་ཆེན་པོ་ཡོད། དབུ་མའི་ལམ་གྱི་ཐབས་ཇུས་དེ་ཧ་ལས་པའི་ངན་པ་ཡོད་པ་རེད། བོད་དང་རྒྱ་ནག་ལ་གཉིས་ཕན་ཡིན་པ་དེ་ཕྱོགས་གཅིག་རེད། དེ་ནས་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཆེན་པོ་རག་གི་ཡོད་པ་དེའང་ཕྱོགས་གཅིག་རེད། དེ་ལས་ལྷག་གི་རིན་ཐང་ཆེན་པོ་དེ་གང་དུ་ཡོད་པ་རེད་ཟེར་ན། དཔེར་ན། ཐའེ་ཝན་གྱིས་རང་བཙན་རྩོད་ཀྱི་ཡོད་མེད་ཀྱི་རྩོད་གཞི་ཞིག་གི་དབང་གིས་ཐའེ་ཝན་ལ་རྒྱལ་ཁབ་ཡོད་ཀྱང་ཐའེ་ཝན་སྲིད་འཛིན་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕེབས་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོ་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་འོག་ནས་རྒྱལ་ཁབ་ཚང་མས་ནང་སྐྱོད་ཐུབ་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་ཐོག་སྐད་ཆ་བཤད་ཐུབ་ཀྱི་ཡོད་པ་རེད།
རང་བཙན་བཤད་པ་ཡིན་ན་ལམ་ཁ་ཡོངས་རྫོགས་འགག་འགྲོ་བ་རེད། ཡུ་གུར་ལྟ་བུར་མཚོན་ན་རང་ཐག་རང་གཅོད་ཟེར་གྱི་ཡོད་སྟབས། ཕྱི་རྒྱལ་གྱི་སྡིངས་ཆ་ཁག་ཏུ་ཡུ་གུར་གྱི་དབུ་ཁྲིད་ར་བྷེ་ཡ་ཁ་ཌར་དང་བོད་པའི་སྲིད་སྐྱོང་གཉིས་ལས་སྲིད་སྐྱོང་གཉིས་མང་བ་འགྲོ་ཐུབ་ཀྱི་ཡོད་པ་རེད། གལ་སྲིད་ང་ཚོས་རང་བཙན་དགོས་ལབ་པ་ཡིན་ན། རྒྱ་གར་གཞུང་གིས་ཀྱང་མཛད་དཀའ་བཟོ་རྒྱུའི་ཉེན་ཁའང་ཡོད་ཡོད་པ་རེད། རྒྱ་དཀར་ནག་བར་ཕན་ཚུན་གྱི་བདག་དབང་དང་། ཕན་ཚུན་ཁ་བྲལ་གཏོང་ཆོག་གི་མ་རེད་ཟེར་ནས་ཆངས་ཡིག་མང་པོ་བཞག་ཡོད་པ་རེད། རྒྱལ་སྤྱིའི་ཁྲིམས་ཁང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་སོགས་ལ་ཞུ་གཏུགས་བྱས་ན་ང་ཚོ་ཤོར་རྒྱུའི་ཉེན་ཁ་ཡོད་པ་རེད། རྒྱལ་ཚོགས་ཀྱི་རྩ་འཛིན་དོན་ཚན་ ༢ པའི་ནང་གསེས་ ༤ པའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིའི་རྒྱལ་ཁབ་ཁག་གིས་ཕན་ཚུན་གྱི་བདག་དབང་དང་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་ལ་ཁ་བྲལ་གཏོང་ཆོག་གི་མེད་ཅེས་གསལ་བོར་འཁོད་ཡོད་པ་རེད། རྒྱ་ནག་གཞུང་ལ་མཚོན་ན་ཡང་། དབུ་མའི་ལམ་གྱི་སྲིད་བྱུས་འདིར་གླགས་མ་འཁེལ་བའི་དབང་གིས་བོད་པའི་ཐོག་ལ་རྒྱབ་ཤ་དཀར་པོའི་དེབ་ ༡༤ འདོན་དགོས་བྱུང་བ་རེད། རྒྱབ་ཤ་དཀར་པོའི་དེབ་དེ་ཡུ་གུར་སྟེང་ལ་ ༢ དང་། སོག་པོའི་སྟེང་ལ་ ༡ ལས་བཏོན་ཡོད་པ་མ་རེད། འདི་བོད་པའི་དབུ་མའི་ལམ་གྱི་ནུས་པ་རེད། ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ངོས་ནས་ཀྱང་ ༢༠༡༤ ལོ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་གསུངས་ཡོད་པ་རེད། སྔོན་ཆད་བསྔགས་བརྗོད་ཡོད་གསུངས་པ་མ་གཏོགས་རྒྱབ་སྐྱོར་ཡོད་གསུང་གི་ཡོད་པ་མ་རེད།
དྲི་བ། སྲིད་སྐྱོང་འོས་མི་དང་ད་ལྟའི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་སྐྱོན་ཆེ་ཤོས་གསུམ་དང་བཟང་ཆ་གསུམ་གསུངས་རོགས།
ལན། ཚོགས་གཙོ་མཆོག་གི་བཟང་ཆ་གཙོ་བོ་ཞིག་འདས་པའི་ལོ་ངོ་ ༢༠ ལྷག་རིང་སྤྱི་ཚོགས་ནང་ཞབས་ཞུ་ཞུས་པ་དང་། ཁོ་རང་སྤྱི་བར་བསམ་བློ་གཏོང་མཁན་ཞིག་ཡིན་པ། ཁོ་རང་གི་མི་ཚེའི་ཕྱེད་ཀ་ལྷག་སྤྱི་བའི་རྩ་དོན་ཐོག་བཏང་བཞག་པ་དེ་ཞེ་དྲགས་ཡག་པོ་རེད། གཉིས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གནང་སྟེ་ཚོགས་འདུ་སྟངས་འཛིན་གནང་སྟངས་སོགས་ཡག་ཐག་ཆོད་འགྲོ་བཞིན་ཡོད་པ་ཞིག་ལ་ང་རང་གིས་ངོས་འཛིན་ཞུ་བཞིན་ཡོད། གསུམ་པ། ཚོགས་གཙོ་ཁོ་རང་མི་སྒེར་གྱི་གཤིས་ཀའི་ཐོག་ནས་ནམ་རྒྱུན་མི་སུ་འདྲ་ཞིག་ཡིན་ནའང་ཚང་མར་འཆམ་པོ་དང་ཕར་བསྟུན་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་སྒེར་ངོས་ནས་ཡིན་ནའང་ཚོགས་གཙོར་ཆེ་མཐོང་ཞེ་དྲགས་ཞུ་བཞིན་ཡོད། མཚམས་ལ་རེར་ཚོགས་གཙོའི་གཤིས་ཀ་ཞིག་གི་དབང་གིས་ཧོབ་དེ་ཁ་ལ་བཀའ་མོལ་ལྕི་མོ་དེ་འདྲ་གསུང་གི་རེད་དེ། ང་རང་གིས་ཚོགས་གཙོའི་ཞབས་སྟེགས་དང་སྒྲིག་འཛུགས་དེ་གལ་ཆེན་པོར་ངོས་འཛིན་ཞུས་པའི་ཐོག་ནས་ད་བར་ལན་དེ་འདྲ་རྒྱག་མྱོང་མེད། ཡིན་ནའང་ད་ལྟ་འོས་བསྡུའི་ཐད་ནས་གསལ་བཤད་ལན་འདེབས་ཞུ་དགོས་པ་མང་པོ་ཞིག་ཆགས་སོང་། གཞན། ཞན་ཆའི་སྐོར་དེ་མ་བཤད་ན་དྲག་གི་རེད། ང་རང་གིས་ག་དུས་ཡིན་ནའང་སྐྱོན་བརྗོད་མི་བྱེད་རྒྱུ་གཙོར་འདོན་བྱེད་ཀྱིན་ཡོད།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
སྲིད་སྐྱོང་མཆོག་ལ་རྗེས་སུ་ཡི་རངས་ཞུ། ཁྱེད་ལྟ་བུའི་འགོ་ཁྲིད་ཅིག་ཡོད་པ་ནི་སྤོབས་པ་ཡོད། གཟི་བརྗིད་རེད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་དྲི་བ་ཕྱོགས་མང་པོ་ཞིག་ལ་ཐད་ཀར་འདི་ལྟ་བུའི་བཀའ་སློབ་ཞིབ་ཅིང་རྒྱས་པ་གསུངས་ཡོད་པ་ཞིག་ངས་ད་སྔ་མཇལ་མ་སོང་། ཧ་ཅང་གཏིང་ཟབ་པ་དང་རྒྱ་ཆེ་བ། དེ་སྔའི་སེམས་ནང་གི་དོགས་པ་རྣམ་རྟོག་མང་པོ་ཞིག་གཙང་སེལ་ཆགས་སོང་བ་མ་ཟད། གསུང་མོལ་གྱི་ནང་དོན་རེ་རེའི་སྟེང་བསམ་བློ་བཏང་ན་ཡིད་འགུལ་ཐེབས་ཤིང་དད་འདུན་སྐྱེ་པ་ཞིག་ཆགས་འདུག་པས་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྲི་སྐྱོང་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་སྟངས་ལ་ཡི་རངས་དང་རྒྱབ་སྐྱོར་ཡོད།
དྲི་བ་འདི་དག་ལ་བལྟས་ཡོང་དུས་སྲིད་སྐྱོང་འོས་མི་གཉིས་ཀ་མི་གཅིག་ཡིན་པའི་སྣང་བ་འདྲ་ཞིག་ཤར། ཁྱེད་གཉིས་སུ་སྲིད་སྐྱོང་བྱས་ཀྱང་ཁྱད་མི་འདུག གཙོ་བོ་༸གོང་ས་མཆོག་གི་ཐུགས་འདུན་བསྒྲུབ་རྒྱུ་དང་། ཆིག་སྒྲིལ་བསམ་བཟས་ནས་གཏོར་མཁན་དང་། མ་ཤེས་པར་ཆོལ་ཞེན་དང་ཆོས་ཞེན་གྱིས་གཏོར་མཁན་རིགས་དང་པོ་ནས་ཕམ་བརྒྱག་དགོས། དེ་ནས་རིམ་བཞིན་རྩ་དོན་ལ་འབད་དགོས།
དྲི་བ་ཚ་བོ་བཏང་ཡོང་སྐབས་སྲིད་སྐྱོང་འོས་མི་གཉིས་ཆ་ཁ་ལྐུག་པ་དང་རྣ་འོན་པ་རེད་འདུག
(1) རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་ན་ག་རེ་བྱེད་འཆར་ཡོད།
(2) ཕྱི་རྒྱལ་རོགས་ཚོགས་བརྒྱུད་ནས་བོད་ནང་ལ་རོགས་པ་བྱེད་ཐུབ་བམ།
(3) རྒྱ་ནག་གི་བཟང་ཕྱོགས་ཀྱི་འགྱུར་བ་ག་རེ་མཐོང་སོང་།
སྤྱིར་དྲི་བའི་ལན་འདེབས་པ་དེ་ལ་དགའ་བསུ་ཡོད། ཡིན་ནའང་དྲི་བའི་ཟུར་ཁ་ཤས་ཤིག་གི་ལན་ཡག་པོ་ཞིག་རྒྱག་མི་འདུག་བསམ་སོང་། ༼དཔེར་ན། ༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཡོང་ཐབས་ལ་ག་རེ་གནང་འཆར་ཡོད་པ་དང་། ༽ འདི་ལྟ་བའི་ཟུར་མང་པོ་ཞིག་གི་ལན་གསལ་བོ་མི་འདུག མང་ཚོགས་གིས་ཡང་འདིའི་རིགས་ལ་བསམ་ཞིབ་བཏང་དགོས་རྒྱུ་རེད་བསམ་གྱི་ཡོད།
བློ་སང་སང་གེ་ལ་མཚོན་ན། གཞན་ལ་སྐྱོན་བརྗོད་མི་བྱེད་པ་དེ་ཕོ་རབས་ཤིག་གི་རྟགས་ཡིན་ནི་རེད།
གསར་འགོད་པ་ཚད་ལྡན་རེད།
(དྲི་བ། ༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཡོང་ཐབས་ལ་ག་རེ་གནང་འཆར་ཡོད་པ་དང་། གནས་ཚུལ་ག་རེ་ཡིན་ཡང་འབྱུང་སྲིད་སྟབས། གལ་སྲིད། གློ་བུར་དུ་དགོངས་པ་རྫོགས་པ་ལྟ་བུའི་ཛ་དྲག་གི་གནས་ཚུལ་དེ་འདྲ་བྱུང་ན་ག་རེ་གནང་འཆར་ཡོད།)
དྲི་བ་འདི་ད་སྔ་བོད་པའི་གསར་འགོད་པ་ཞིག་གིས་བཏང་ཡོད་པ་ང་རང་གིས་མཐོང་མ་སོང་ཡང་ཨང་ཡིག་གི་གསར་འགྱུར་བརྒྱུད་ལམ་པ་དེ་ཚོས་དྲི་བ་འདི་འདྲ་བཏང་འདུག
འདི་བོད་པ་ཚོས་བསམ་གཞིགས་གཏོང་མི་འདོད་པ་ཞིག་དང་བཏང་མ་མྱོང་བ་ཞིག་ཡིན་ན་ཡང་། ད་ལྟ་དྲི་བ་འདི་ལ་ངེས་པར་དུ་བསམ་གཞིགས་གཏོང་དགོས་པའི་དུས་ལ་བབ་ཡོད་པ་མ་ཟད་གྲ་སྒྲིག་ཀྱང་ཨང་གསར་ཡོད་དགོས་པ་ཞིག་ཡིན།
གོང་ནས་སྲིད་སྐྱོང་ལས་ཐོག་པས་དངོས་ནས་དྲི་ལན་གནང་སྟངས་ལ་ལྟས་ན་གང་ཙམ་ཡག་པོ་བྱུང་འདུག་ཡིན་ན་ཡང་དང་པོ་ནས་རང་ནུས་ཀྱིས་བྱ་བཞག་མང་པོ་ཞིག་དངོས་འཛིན་མི་ཐུབ་པ་སོགས་སྐྱོན་རེ་གཉིས་ཡོད་པ་གསལ་བོ་རེད། གང་ལྟར་འདས་བའི་ལོ་བཞི་ལྷག་གཅིག་རིང་ཞབས་ཕྱི་ཞུས་པ་ལ་གུས་ཞབས་དང་ཡི་རང་ཡོད་པར་མ་ཟད་བོད་མི་རིགས་འདི་ལ་མཚོན་ན་ཧ་ཀྱང་གལ་ཆེན་རེད་ལ་མ་ཟད་ན་གཞོན་ཤེས་ཡོན་པ་རེད་ཟེར་འོས་པ་རེད། ཡིན་ན་ཡང་ད་དུང་ལོ་ཤས་རིང་ཉམས་མྱོང་བསག་ནས་ལས་དོན་གལ་ཆེན་སྒྲུབ་པ་ཡིན་ན་ངེས་པར་ཡག་པོ་ཡོང་ངེས་རེད་མ་ཟད་ཕྱི་འབྲེལ་གྱི་ལས་གནས་ཞིག་ཁུར་ནས་འབད་བརྩོན་གནང་པ་ཡིན་ན་མ་འོངས་པར་སྲིད་སྐྱོང་ཚད་ལྡན་ཞིག་ཆགས་པ་བརྗོད་མ་དགོས་པ་ཞིག་རེད། སེམས་ལ་འགྲོ་ཤོས་ཞིག་ལ་གང་ཟག་སྒེར་ལ་སྐྱོན་བརྗོད་བྱེད་ཀྱི་མེད་གསུང་བ་ཧ་ཀྱང་གལ་ཆེན་རེད་ལ་བཀུར་འོས་པ་ཞིག་རེད་ཅེས་བརྗོད་བྱུང་།
མི་ཧ་གོ་མཁན་ཞིག་ཡིན་ན། ཚོགས་གཙོ་ལ་བརྒྱ་ཆ་༨༠དང་སྲིད་སྐྱོང་ལས་ཐོག་ལ་བརྒྱ་ཆ་༡༩སྤྲོད་ཀྱི་རེད།
སྲིད་ཀྱོང་ལས་ཐོག་ལ་ཆབ་སྲིད་དང་རིག་གནས་གཉིས་ཀའི་ཆུ་ཚད་སྐྱོ་ཙམ་ཡིན་ཐོག། ཁ་བཤད་དང་ལག་ལེན་མི་མཚུངས་པའི་དབུ་བདེ་པོ་ཞིག་རེད། སྐྱོན་བརྗོད་མི་བྱ་ཞེས་བཤད་ཀྱང་སྐྱོན་བརྗོད་ཁྱད་མཚར་དེ་འདྲ་མང་པོ་བྱས་པ་རྒྱུ་ལམ་གཞན་ནས་གསལ་ཐག་ཆོད་འདུག། སྐད་ཆ་བཤད་སྐབས་སྔོན་བྱས་དྲན་ན་ལེགས། འབུམ་རམ་པ་མཆོག།