མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་ལྗང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར། བོད་པའི་རྩོམ་པ་པོ་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་ཞོགས་ལྗང་ལགས་ལ་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

(རང་དབང་འཐབ་རྩོད་པ་ཞོགས་ལྗང་ལགས།)

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཐུན་རིན་ཁྲིམས་ཁང་གིས་ཞོགས་ལྗང་གི་ནང་མིར་བརྡ་ལན་འབྱོར་ཏེ་ཚེས་ ༡༧ ཉིན་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཁ་སང་ཁོང་གི་ནང་མི་གཉེན་འབྲེལ་དང་ཚོ་བའི་མི་སྣ་སོགས་མི་གྲངས་ ༤༠ ལྷག་རེབ་གོང་དུ་ཕྱིན་སྐབས། ཁྲིམས་རྩོད་སོགས་ཀྱི་གོ་རིམ་གང་ཡང་མེད་པར་ཁྲིམས་དཔོན་ཞིག་གིས་ཞོགས་ལྗང་གིས་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང་ཕྱི་གྱར་ཁ་བྲལ་བར་ལྐོག་འབྲེལ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་ཐེངས་མང་པོར་སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་བརྗོད་བྱ་སྤེལ་བ་སོགས་ནག་ཉེས་ ༤ བགྲང་སྟེ་ལོ་ ༣ གྱི་ཁྲིམས་ཐག་བཅད་པ་ཡིན་སྐོར་བསྒྲགས་ཡོད་འདུག

མཇུག་ཏུ་ཉིན་ ༡༠ ནང་ཚུད་ལ་ཐེངས་འདིར་ཁྲིམས་ཐག་བཅད་པ་ངོས་ལེན་ཡོད་མེད་རང་ཐག་རང་གཅོད་བྱས་ཏེ་མཚན་རྟགས་འགོད་དགོས་པའི་འགེང་ཤོག་ཅིག་སྤྲད་ཡོད་པ་དང་། ཞོགས་ལྗང་གིས་སྐབས་དེ་རང་ལ་བསྐྱར་དུ་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག དེའི་རྗེས་ལོ་ན་བཞི་ན་སོན་མ་ཐག་པའི་ཁོ་རང་ཕྲུ་གུར་སྐར་མ་ ༤ རིང་ཐུག་ཏུ་བཅུག་རྗེས་ཕྱིར་འཁྲིད་ཡོད་འདུག ནང་མི་ཚོས་སྔོན་ཆད་ཟ་མ་དང་གྱོན་ཆས་སོགས་སྤྲོད་དུ་འཇུག་གི་ཡོད་ཀྱང་སྔར་ལོའི་ཕྱི་ཟླ་ ༡༢ པའི་ཚེས་མགོ་ཞིག་ནས་ཅ་དངོས་གང་ཡང་སྤྲོད་དུ་བཅུག་མི་འདུག

རྩོམ་པ་པོ་ཞོགས་ལྗང་ལགས་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་མཚོ་སྔོན་རེབ་གོང་དུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཅིང་། སྐབས་དེར་ཁོང་ལ་ནག་ཉེས་ཅི་ཞིག་བཙུགས་ཡོད་པ་གསལ་ཁ་མེད་ཀྱང་། ཁོ་རང་གི་གྲོགས་པོ་ཚོས་ཞོགས་ལྗང་གིས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་སོགས་ཀྱི་སྐོར་ནས་རྩོམ་ཡིག་མང་པོ་སྤེལ་བ་དང་། ལྷག་པར་དུ་ཁོ་རང་གི་ཟིན་བྲིས་ནང་བོད་པའི་ས་གནས་ཁ་ཤས་ནང་སྐོར་སྐྱོད་གནང་བའི་མཐོང་ཐོས་སེམས་ཚོར་དང་སྦྲགས་ནས་བྲིས་ཡོད་སྟབས། རྒྱ་གཞུང་གིས་དེ་དག་ཆབ་སྲིད་ལ་འགལ་བར་ངོས་འཛིན་བྱས་པ་ཡིན་པའི་ཚོད་དཔག་བྱས་ཡོད་འདུག

༢༠༡༥ ཟླ་ ༣ ཚེས་ ༡༦ ཉིན་ཁོས་རང་གི་མཐའ་མཇུག་གི་ཟིན་ཐོ་གཉིས་པ་སྤེལ་བའི་ནང་། “རེབ་གོང་ནས་མེ་མདའ་བཟུང་བའི་དམག་མི་སྐོར་དང་སྐོར་བྱས་ནས་མང་ཚོགས་དག་ལ་སྔོག་བཤེར་བྱེད་ཀྱི་འདུག འདི་ནི་མང་ཚོགས་སྤྱི་བའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་ཡིན་ནམ། བསམ་བཞིན་དུ་དམངས་སེམས་ལ་ཟིང་ཆ་བསླངས་པ་ཡིན་ནམ། སྤྱི་ཚོགས་བརྟན་བརླིང་ཟེར་བ་ནི་འདི་ལྟའི་བྱེད་ལས་ཤིག་ཡིན་ཚེ་ཤིན་ཏུ་འཇིགས་སུ་རུང་བ་ལ། མང་ཚོགས་ཀྱི་སྟེང་དུ་མེ་མདའ་བཟུང་བའི་ཉེན་རྟོག་པ་འདི་དག་ནི་སུ་ཞིག་གི་ལག་ཆ་ཡིན་ནམ། ཁོ་ཚོས་ཅིའི་ཕྱིར་འདི་ལྟར་བྱེད་དགོས་པ་ཡིབ་ནམ། ང་ཚོའི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ནི་འདི་ལྟར་འགན་སྲུང་བྱས་པ་ཡིན་ནམ། ཁྲིམས་སྐྱོང་རྒྱལ་ཁབ་ཅེས་པ་ནི་འདི་ལྟ་བུ་ཞིག་ཡིན་ནམ། བསམས་ཤིང་བསམ་ན་འཇིགས་དངངས་སྐྱེས་པའི་བྱེད་ལས་འདི་དག་ནི་ཟིང་འཁྲུག་གི་རྒྱུ་འབའ་ཞིག་ལས་མ་འདས་སོ།།”ཞེས་བཀོད་འདུག
tibettimes-7
༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་བྱུང་སྐབས་ཁོང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དངོས་གཞིའི་སློབ་མ་ཡིན་ཞིང་། སྐབས་དེར་ཁོང་དང་ཐེའུ་རིང་ངམ་བཀྲ་ཤིས་རབ་བརྟན་སོགས་ཀྱིས་སྣེ་ཁྲིད་དེ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་ཚོས་ལག་ཏུ་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་།༽ཞེས་འཁོད་པའི་འཕྲེད་བཟུང་སྟེ། སློབ་གྲྭའི་ནང་ཞི་བའི་རྔམ་སྟོན་སྐོར་སྐྱོད་དང་དགོང་མོ་སློབ་གྲྭའི་ཐང་ཆེན་དུ་མྱ་ངན་གྱི་མར་མེ་སྒྲོན་པ་སོགས་གནང་ཡོད་སྟབས། ༢༠༡༠ ཟླ་ ༤ ཚེས་ ༦ ཉིན།( ཟླ་ ༥ ཚེས་ ༡༠  ཟེར་བ་ཞིག་ཀྱང་འདུག) རྒྱ་ནག་གི་ཉེན་རྟོག་པས་ཞོགས་ལྗང་དང་ཐེའུ་རིང་གཉིས་ནུབ་བྱང་མི་རིགས་སློབ་ཆེན་ནས་འཛིན་བཟུང་བྱས་ཏེ། ཞོགས་ལྗང་ལ་ཕྱི་ཕྱོགས་ཀྱི་གཞོན་ནུ་ཚོགས་པ་དང་བླ་མ་ཤིང་གཟང་ཚང་སོགས་ལ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ། ལན་ཀྲུག་ཁྲིམས་ཁང་ནས་ཟླ་གཅིག་ལྷག་རིང་ཞི་དྲག་གཉིས་ཐོག་ནས་འདྲི་རྩད་བཀག་བསྐྱིལ་བྱས་མཐར་ཀློད་གྲོལ་བཏང་ཡོད་པ་དང་། ཐེའུ་རིང་ཟི་ཁྲོན་ལ་འཁྲིད་དེ་ལོ་བཞི་ཡི་ཁྲིམས་ཐག་བཅད་དེ་ ༢༠༡༤ ཟླ་ ༣ ཚེས་ ༢༩ ཉིན་ཀློད་གྲོལ་བཏང་ཡོད།

ཞོགས་ལྗང་ལགས་ཀྱི་དངོས་མིང་ལ་འབྲུག་ལོ་ཟེར་བ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་། རྒན་རྒྱ་ཞིང་ཁ་རྒྱ་སྡེ་བ་ནས་ཡིན་ཞིང་། ཁོང་གི་ཕ་ཚབ་ཀྱི་མིང་ལ་རྟ་མགྲིན་དང་མ་མིང་ལ་ལྷ་མོ་སྐྱིད་ཞུ་པ་དང་། ཁོང་ ༡༩༨༦ ལོར་སྐྱེས་ཤིང་ད་ལྟ་རང་ལོ་ ༣༠ ཡིན་འདུག ཁོ་རང་སློབ་ཆེན་ཐོན་རྗེས་ཤེས་ཡོན་གྱི་ལས་ཀ་ཙག་ཙིག་རེ་བྱས་ཏེ་རང་འཚོ་བྱས་ཡོད་པ་དང་། ད་ལྟ་ཁོ་རང་གི་ནང་དུ་སྐྱེས་དམན་དང་ཕྲུ་གུ་ལོ་ན་ ༤ ལ་སོན་མ་ཐག་ཅིག་ཡོད་ཅིང་། ཕྲུ་གུ་དེའི་མིང་ལ་ ‘རང་དབང་ལ་དགའ་བ’ ཞེས་བཏགས་ཡོད་འདུག
tibettimes-3ཁོང་ནུབ་བྱང་མི་རིགས་སློབ་ཆེན་ནས་ཐོན་སྐབས། སྲིད་གཞུང་གིས་མཐར་ཕྱིན་རྒྱུགས་འགྲན་ནང་ཞུགས་བཅུག་མེད་པ་མ་ཟད། དུས་རྒྱུན་ཁོ་རང་གི་འགུལ་སྐྱོད་ལ་ལྟ་རྟོག་བྱེད་པ་དང་། ལས་ཀའི་ཐད་དུའང་དཀའ་རྙོག་མང་པོ་བཟོས་ཡོད་འདུག ཞོགས་ལྗང་ལགས་ཀྱིས་དེ་སྔ་བོད་དོན་དང་འབྲེལ་བའི་རྩོམ་ཡིག་མང་པོ་སྤེལ་མྱོང་ཞིང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཝང་ལི་ཞོན་དང་ཡུ་ཅེ་སོགས་ཀྱི་རྩོམ་ཡིག་མང་པོ་བོད་བསྒྱུར་གནང་བ་དང་། ཁོང་གིས་དེ་སྔ་<<ལམ་གྱི་སྙིང་སྟོབས།>>ཞེས་པ་ཞིག་བྲིས་པ་དེ་རྒྱ་ནག་གིས་བཀག་སྡོམ་གཞུང་བཞེས་བཏང་ཡོད་པ་དང་། དེ་ལས་གཞན་ <<རང་གྲོལ་སྙིང་སྟོབས།>>དང་།<<རང་དབང་གི་ཆེད་དུ། ང་ལ་བློ་འགྱོད་མེད།>> ། <<སྙུ་གུའི་སྟོབས།>>ཅེས་པའི་དཔེ་དེབ་ཁག་ཅིག་དཔར་སྐྲུན་ཞུས་ཡོད་པ་རེད།

༢༠༡༢ ཟླ་ ༢ ཚེས་ ༩ ཉིན། ཞོགས་ལྗང་ལགས་ཀྱིས་རྒྱའི་བཙོན་འོག་ཏུ་ཡོད་པའི་ཁོ་རང་གི་གྲོགས་པོ་ཐེའུ་རང་ལ་འཕྲིན་ཞིག་ཅིག་བསྐུར་ཡོད་པའི་ནང་འདི་ལྟར་བཀོད་འདུག “ གྲོགས་པོ་ལགས། སྤྱིར་རང་ཅག་གི་འཕྲིན་ཡིག་འབྲི་ཚུལ་ལྟར་ན། ཐོག་མར་ཁམས་བདེ་ལྟ་བུའི་ཁ་ཡག་ཅིག་བཤད་དགོས་པར་འདུག་མོད། གཅིག་ན་ཁོ་བོ་དགོས་མེད་མཁྲེགས་འཛིན་གྱི་གནས་ལ་གོམས་ལོབས་དཀའ་བས་འབྲི་སྟངས་དེར་སྣང་མེད་བྱས་པ་དང་། གཉིས་སུ། སྡོད་གནས་དེ་ལྟ་བུ་ཞིག་ཏུ་ལུས་ཁམས་བདེ་མོ་ཞིག་ཁྱོན་ནས་མི་ཡོང་བ་ཐག་གིས་ཆོད་པས། མགོ་དེ་ལྟར་བཟུང་བ་ལ་དགོངས་འགལ་མེད་པར་ཞུ།

17-438321-11

དེ་ཡི་ཚབ་ཏུ་ང་རང་གི་གནས་ཚུལ་རགས་ཙམ་ཞིག་གྲོགས་ལ་ཞུ་འདོད། འདིས་ཀྱང་གྲོགས་ཀྱི་སྐུ་ཁམས་བག་ཙམ་གསོ་ཐུབ་པའི་སྨོན་ལམ་ཡང་ཡང་འདེབས། དེ་ཡང་། ཉིས་སྟོང་བཅུ་ལོའི་སྤྱི་ཟླ་ལྔ་པའི་ཚེས་བཅུ་ཉིན་ཏེ། ང་རང་གཉིས་བཀག་ཉར་བྱས་པའི་རྗེས་ཀྱི་ཟླ་གཅིག་ལྷག་གི་རྗེས་སུ་ང་རང་གློད་གྲོལ་བཏང་བ་དང་། ཉིན་དེར་སློབ་གྲྭ་དང་བདེ་འཇགས་ལས་ཁུངས་གཉིས་མཉམ་འབྲེལ་སྒོས་རླངས་འཁོར་ས་ཚིགས་སུ་བསྐྱལ་ཞིང་རླངས་འཁོར་ལ་བཅུག་སྟེ་ཕ་ཡུལ་དུ་མངགས་བྱུང་། ཕ་ཡུལ་ནས་ཡུན་རིང་མ་བསྡད་པར་ཟི་ལིང་དུ་ཆས་པ་ཡིན། སྤྱིར་ན་ཟི་ལིང་ནས་ཡུན་རིང་འདུག་པའི་འཆར་གཞི་དེ་ཐོག་མར་མེད་ན་ཡང་། ས་དེར་སླེབས་རྗེས་གྲོགས་པོ་དག་དང་ཡར་བཤད་མར་བཤད་ཀྱིས་རྗེས་སུ་དེ་ནས་འདུག་པའི་ཐག་བཅད་པ་ཡིན། ཟླ་གཅིག་ཙམ་ལ་དེ་ནས་གླ་བྱས་རྗེས། གྲོགས་གདོན་དང་མཉམ་དུ་དཔེ་གཟིགས་ཁང་ཞིག་གི་སྒོ་ཕྱེས་ན་ཡང་། བར་ཆད་བདུད་ཀྱི་རླུང་འཚུབ་དུས་མིན་དུ་ལྡང་བས། ཟླ་ངོ་འགའ་ལས་ཚོང་གཉེར་བྱེད་མ་ཐུབ་པར་གཞན་ལ་བཙོངས་བཞག རྗེས་སུ་ངེད་གཉིས་ཀྱང་རང་རང་སར་མི་འགྲོ་ཀ་མེད་བྱུང་སོང་། ཁོ་རང་པེ་ཅིང་དུ་སོང་ནས་གློག་ཀླད་སློབ་སྦྱོང་བྱས་པ་དང་། ང་རང་ཕྱིར་བླ་བྲང་དུ་ལོག་སྟེ་ཟླ་གཅིག་ལྷག་བསྡད་རྗེས་ཁྲི་ཀ་རྫོང་དུ་སོང་ནས་བྱ་བ་གཉེར་བ་ཡིན། ཁྲི་ཀ་ནས་ངའི་ལས་ཐོབ་ནི་དྲུང་ཡིག་ཡིན་མོད། ལས་ཀ་གཙོ་བོ་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ལྟ་བུ་ཞིག་ཏུ་ཆགས་ཡོད། གཞན་དང་བསྡུར་ན་སྒེར་གཉེར་ལས་ཁུངས་དེ་ནས་གླ་ཕོགས་ཀྱང་ཚོད་ཙམ་སྟེ། ཟླ་གཅིག་ལ་སྒོར་སུམ་སྟོང་རེད། ཉལ་ཁང་དང་ཟ་མ་ཚང་མ་གཞུང་ནས་རེད། ཡིན་ན་ཡང་། དཀའ་ལས་ཅུང་ཙམ་ཡོད་པ་ནི་རང་གི་ལས་རིགས་དང་མི་འཕྲོད་པ་དེ་རེད། དུས་ཚོད་ཚང་མ་གཞུང་ལས་ལ་བཀོལ་དགོས་པས་རང་དབང་གི་དཔེ་ཀློག་དུས་ཚོད་ཞེ་དྲག་ཐུང་། ནམ་རྒྱུན་ལས་

མཚམས་བཞག་སྟེ་ངལ་གསོ་བྱེད་པའི་དུས་ཚོད་ནི་དགོང་མོ་ཁོ་ན་ལས་མི་འདུག་པས། མ་མཐའ་ཡང་དགོང་མོའི་ཆུ་ཚོད་གཉིས་གསུམ་དབར་དུ་དཔེ་ཀློག་བྱེད་དགོས་འདུག དེ་ལྟར་བྱས་ན་སང་ཉིན་ལུས་ཡོངས་ཐང་ཆད་པས། གཞུང་ལས་ཕར་ཞོག ཐ་ན་རང་གི་བདེ་ཐང་དང་དཔེ་ཀློག་ལ་ཡང་དཀའ་ཁག་ཆེན་པོ་འདུག ཡིན་ན་ཡང་། དེ་ལྟར་རྒྱུན་འཁྱོངས་བྱས་ཏེ་ཟླ་ངོ་ཁ་ཤས་བུད་སོང་། ཟླ་ངོ་འགའི་རྗེས་སུ་སི་ཁྲོན་ཕྱོགས་ནས་རང་ལུས་མེར་བསྲེགས་ཀྱི་སྦྱོར་བ་རླབས་པོ་ཆེ་གཅིག་རྗེས་གཉིས་མཐུད་དུ་བྱུང་བར་མ་ཟད། རྒྱུ་རྐྱེན་ཅི་ཡིན་ལ་གསལ་ཁ་ཆེན་པོ་མེད་པར་ལན་དྲུག་ནས་སྐུ་ཞབས་མེ་ལྕེ་ལགས་ཀྱང་བཀག་ཉར་བྱས་པ་རེད། རྒྱུ་མཚན་དང་གནས་ལུགས་འདྲེན་རྒྱུ་མེད་པར་ཁྱིམ་མི་དག་ལ་དཀའ་ལས་གཏད་མཐར། ངས་ཀྱང་ལས་མཚམས་བཞག་སྟེ་ཕྱིར་ཡུལ་དུ་མི་ལོག་ཐབས་མེད་བྱུང་སོང་། ཅུང་ཙམ་ལྷོད་ལ་བབས་རྗེས། ཡང་བསྐྱར་ཟི་ལིང་ཕྱོགས་སུ་གོམས་ཁ་བསྒྱུར་ཅིང་། དེ་ནས་ཟླ་ཕྱེད་ལྷག་ལ་བསྡད་དེ་ངའི་དཔེ་དེབ་<<སྙུ་གུའི་སྟོབས>>ཞེས་པ་པར་སྐྲུན་བྱས་པ་ཡིན། ཐོག་མའི་འཆར་གཞི་ལྟར་ན་དཔེ་དེབ་དེ་ཡང་ཅུང་རྩུབ་དྲག་ཅན་ཞིག་ཕུད་རྩིས་ཡིན་མོད། གྲོགས་པོ་དག་གི་བསམ་འཆར་དང་ཁ་བརྡ་ལ་ཉན་རྗེས། མཐར་ཞི་འཇམ་སྒོས་དཔར་ཟིན། འདི་ནི་ང་ལ་མཚོན་ན་དགའ་སྐྱོ་གཉིས་ལྡན་གྱི་བྱ་བ་ཞིག་ཡིན། དཔེ་དེབ་ལ་ཚད་ལྡན་གྱི་དཔེ་རྟགས་ཤིག་མེད་ན་ཡང་། གནས་སྐབས་སུ་གྲགས་འགུལ་ཆེན་པོ་མི་འདུག

tibettimes-2སྤྱིར་ན། ད་ལོ་སི་ཁྲོན་ཕྱོགས་སུ་འགྲོ་རྩིས་ཡིན་རུང་། ཉེ་སྔོན་གནས་ཚུལ་ཛ་དྲག་ཆེ་བས་འགྲོ་ཐབས་མ་བྱུང་། དེ་ཡང་རྒྱལ་ལོའི་ཚེས་གཅིག་ཉིན་བྲག་མགོ་ནས་འོས་ལངས་བྱས་ཏེ་མི་མགོ་གཉིས་ཀྱི་ཚེ་སྲོག་ཤོར་བ་དང་། མི་མང་བོ་ཞིག་འཛིན་བཟུང་ཐེབས་འདུག་སྐད། རྗེས་སུ་ཛམ་ཐང་ཕྱོགས་ནས་མང་ཚོགས་དང་དམག་མིའི་བར་དུ་འཐབ་འཛིང་བྱུང་སྟེ། དམག་མིས་མང་ཚོགས་ལ་མེ་མདའ་བརྒྱབ་པ་སོགས་ཀྱི་དོན་རྐྱེན་བྱུང་བར་མ་ཟད། སྤྱི་རྩིས་ཀྱི་ཟླ་གཉིས་པའི་ཚེས་གསུམ་ཉིན་དཀར་མཛེས་ཕྱོགས་ནས་མི་སྐྱ་གསུམ་གྱིས་རང་ལུས་སྦྱིན་སྲེག་བཏང་བ་སོགས་ཀྱི་གནས་ཚུལ་འདུག་མོད། ཞིབ་ཕྲའི་གནས་ཚུལ་ཞིག་ད་ལན་རྩད་ཆོད་མ་བྱུང་། གང་ལྟར། བོད་ཡུལ་ལུང་བ་སོ་སོ་ནས་འོས་ལངས་ཀྱི་རྒྱུན་ཆད་ཀྱིན་མེད་པར་མ་ཟད། དཔའ་བོ་དཔའ་མོ་ཉི་ཤུ་ལྷག་གིས་རང་ལུས་སྦྱིན་སྲེག་བཏང་བ་ནི་ཅི་ནས་ཀྱང་བཟོད་ཐབས་མེད་པའི་གནས་སུ་འདུག གལ་ཏེ། སྐབས་འདིར་གྲོགས་པོ་ཁྱོད་ཉིད་རང་གི་ཕ་ཡུལ་དུ་ཡོད་པའི་དབང་དུ་བཏང་ན་ཅི་བྱ་མི་ཤེས་མོད། ང་ལ་མཚོན་ན་དེ་དག་གི་ཆེད་དུ་བདེན་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སྤོབས་པར་ལུས་ཡོད་པས། གྲོགས་པོས་ལེ་བདའ་དང་ངོ་མཚང་ཇི་ལྟར་བྲུས་ཀྱང་དགའ་བ་ལས་མེད། གཞན་ཡང་། ད་ལན་གསེར་རྟ་ནས་རྒྱ་མིའི་དམག་དཔོན་ཞིག་དམངས་དམག་གིས་འཛིན་བཟུང་བྱས་ཏེ་ཉིན་གཉིས་ལྷག་ལ་བཀག་ཉར་གྱིས་བཟུང་སོང་བའི་མང་ཚོགས་དང་བསྲེགས་ཟིན་པའི་བེམ་པོ་སྤྲོད་པའི་མི་གཏའ་བྱས་པར་འདུག་ན་ཡང་། མཐར་རྒྱ་བླ་ཞིག་གིས་མང་ཚོགས་ཀྱི་མགོ་བསྐོར་ཏེ་ཕྱིར་སྤྲད་པ་དང་། མང་ཚོགས་ལ་ལག་ཡོང་ཅི་ཡང་མ་སྤྲད་སྐད། ད་དུང་། ཛམ་ཐང་ནས་མང་ཚོགས་དང་དམག་མིའི་དབར་དུ་འཐབ་འཛིང་ཤོར་རྐྱེན་ནི། དམག་མིས་བོད་མི་དཔའ་བོ་ཞིག་འཛིན་བཟུང་བྱེད་པར་གྲབས་གཤོམ་དུས་མང་ཚོགས་ཀྱིས་བཀག་འགོག་བྱས་པ་ཡིན་འདུག དེ་ལྟའི་དགའ་བྲོད་ཀྱི་མཐུན་སྒྲིལ་ཡང་བོད་ན་འདུག་པས་གྲོགས་ལ་ཟུར་ཙམ་ཞུས་པ་ཡིན།” ཞེས་སོགས་བཀོད་པ་དང་། ཁོང་གྲོགས་ཐེའུ་རིང་ལ་འཕྲིན་ཡིག་སྔ་ཕྱི་ཐེངས་གསུམ་ལ་བཏང་ཡོད་པ་དག་གིས་བོད་ནང་གི་གཞོན་སྐྱེས་རྩོམ་པ་པོའི་སྡེ་ལ་ཚོར་ཤུགས་ཆེན་པོ་བསླངས་ཡོད་འདུག

tibettimes-4tibettimes-5tibettimes-6

གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 3

  1. འདམ་སྐྱེས། says:
    ལོ་ 10 སྔོན།

    ཞོགས་ལྗང་དང་ཁོང་གི་གྲོགས་པོ་ཐེའུ་རིང་སོགས་སྐབས་དེའི་བོད་མིའི་སྐྱིད་སྡུག་ཉམས་མྱོང་ནང་ཞུགས་མཁན་གྱི་རང་རིགས་ན་གཞོན་ཚོས་རྒྱ་ནག་གི་ཁྲིམས་སྒྲིག་གཞི་ལ་བཞག་ནས། ད་ལྟའི་ཆར་སོ་སོ་དེའི་མངའ་ཁོངས་སུ་ཡོད་པའི་མི་སེར་ཞིག་ཡིན་པའི་རྒྱུ་མཚན་གྱིས་ལས་འགུལ་དེ་ལྟར་སྤེལ་བ་ནི་གནས་ཡུལ་གཞུང་དང་མང་ཚོགས་ཡོངས་ལ་སྨན་པ་ཙམ་མ་ཟད། རྒྱལ་སྤྱིའི་ནང་རྒྱ་ནག་རང་གི་མཚན་མཐོང་ལའང་ཕན་ངེས་པའི་བྱ་བ་ཞིག་ཡིན་པ་གཟུར་གནས་ཡོངས་ནས་མཁྱེན་ངེས་རེད། རང་རིག་ཡོངས་ནས་མགོ་བདེ་དྲན་འཕྲུལ་མེད་པར་འདི་ལྟབུའི་མཉམས་འདུས་ཀྱི་འགན་འཁུར་གནང་ན་ལས་དོན་གང་ཡིན་ཀྱང་རུང་བདེན་དོན་གསལ་བ་དཀའ་ངལ་མེད། ད་ལམ་རྒྱ་ནག་གཞུང་ནས་ཁོང་ལ་ནག་མེད་ཉེས་འགེལ་བྱས་པར་བློ་ཕམ་དང་བཅས་ཁོང་ཉིད་སྐུ་གཟུགས་བདེ་ཞིན་བདེན་མཐའ་གང་མྱུར་གསལ་བའི་རེ་སྨོན་ཡོད།།

    Reply
  2. བརྩོན་རྒྱམ། says:
    ལོ་ 10 སྔོན།

    དོན་ངོ་མ་སྨྱུག་ཐོག་པ་ཟེར་བ་ཁོང་ལྟ་བུ་དགོས་པ་རེད་མ་གཏོག་འུ་ཅག་བོད་པ་ནང་ནས་གཅིག་གིས་གཅིག་ལ་ཟུར་ཟ་དང་སྡུག་སྨོད་གཏོང་བ་སོགས་མི་རིགས་འདི་ལས་འགན་མ་རེད།  རྩོམ་པ་པོ་ཞོགས་ལྗངས་ལ་གུས་འདུད་ཡི་རངས་ཡོད་པ་བཅས།

    Reply
  3. རང་དབང་། says:
    ལོ་ 10 སྔོན།

    བུ་རེ་བ་ཅན་པོ་དངོས་ནས་ཡིད་སྐྱོ་དགོས་པའི་གནས་ཚུལ་རེད། ངས་དེ་སྔ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁོ་རང་གི་རྩོམ་ཡིག་མང་པོ་ཀློག་མྱོང་། ཉིས་སྟོང་བརྒྱད་ཚུན་ལ་བོད་ནང་གི་མཐོ་རིམ་སློབ་མའི་སྡེ་ནས་ཞོགས་ལྗང་ལགས་དང་ཐེའུ་རང་ལགས་རྣམ་གཉིས་བོད་པའི་བུ་སྙིང་རུས་ཅན་ཡིན།

    བུ་རེ་བ་ཅན་པོ།
    རྒྱའི་བཙོན་ལ་ཚུད་སོང་།
    རྟ་གོམ་པ་ཅན་པ།
    རྒྱའི་སྒྲོག་ལ་ཚུད་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese