བཙན་བྱོལ་ནང་རྒྱ་སྐད་ཀྱི་བཙན་འཛུལ་སླེབས་འདུག

བོད་ནས་གསར་དུ་འབྱོར་བཞིན་པའི་བོད་མི་ཚོ་རྒྱ་ནག་གི་བཙན་འཛུལ་འོག་སྡོད་བཟོད་མ་བདེ་ནས་སྐྱབས་བཅོལ་དུ་ཡོང་བ་ཤ་སྟག་ཡིན་ནའང༌། རྒྱ་སྐད་ཀྱི་བཙན་འཛུལ་དེ་མུ་མཐུད་བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་སླེབས་ཏེ། སློབ་གྲྭ་ཁག་ཏུ་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད།

ངྷ་ས་དབུས་སྣེ་ལེན་ཁང་གི་ཉེ་འཁྲས་ནི་དུས་རྒྱུན་རྒྱ་སྐད་བཤད་མཁན་ཆེས་མང་ས་གཅིག་པུ་དེ་ཡིན་ལ། ས་དེར་རྒྱ་སྐད་རྒྱག་མཁན་ཚོས་རྒྱ་སྐད་ཤེས་པ་ནི་མི་རིགས་གཞན་ཞིག་གི་སྐད་རིགས་ཤེས་ཀྱིན་ཡོད་པའི་སྤོབས་སེམས་དང་ཁེངས་དྲགས་ཀྱི་བསམ་པས་རྒྱག་གི་ཡོད། རྒྱ་སྐད་བཤད་མཁན་དེ་དག་ནི་བོད་ནས་གསར་དུ་འབྱོར་མ་ཐག་པའི་རང་རིགས་སྤུན་ཟླ་ཁག་ཅིག་ཡིན་ལ། ཁོང་ཚོས་བལ་ཡུལ་སྣེ་ལེན་ཁང་དང་ལྡི་ལི། ངྷ་ས་དབུས་སྣེ་ལེན་ཁང་བཅས་སུ་བོད་སྐད་ཤེས་བཞིན་དུ་རྒྱ་སྐད་རྒྱག་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་དང༌། སུ་ཇཱ་བོད་ཕྲུག་ཁྱིམ་སྡེ། ངྷ་སྟེང་བོད་ཁྱིམ་བཅས་སུ་ཕྱིན་འགྲོ་ལ། སློབ་གྲྭར་སོང་ནའང་ལོ་མང་རིང་གོམས་ཤིང་གཤིབ་པའི་རྒྱ་སྐད་དང་གཏན་ནས་ཁ་བྲལ་དུ་འགྲོ་ཐུབ་ཀྱིན་མེད་པར་མུ་མཐུད་རྒྱ་སྐད་རྒྱག་གིན་ཡོད། དེ་བཞིན་བོད་ནང་དུ་ཕ་ཡུལ་ལྷ་ས་དང་ཨ་མདོ་ནས་ཡིན་པའི་གཞིས་ལུས་སྤུན་ཟླ་གཉིས་མཉམ་དུ་འཛོམས་ཚེ་ཕན་ཚུན་ལ་རྒྱ་སྐད་ཀྱིས་བརྡ་སྤྲོད་པ་ལས་ཨམ་སྐད་དབུས་པས་མི་གོ་ལ། དབུས་སྐད་ཨམ་མདོ་བས་མི་ཤེས། རྒྱ་སྐད་ནི་ཁོང་གཉིས་བར་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་སྐད་ཡིག་གཅིག་པུ་དེ་ཡིན།

ཡིན་ནའང༌། བོད་ནང་དུ་རྒྱ་ནག་གི་དབང་བསྒྱུར་འོག་རྒྱ་ཡིག་ཤེས་ཤིང་རྒྱ་སྐད་བཤད་པ་ཡིན་མོད། སྐྱབས་བཅོལ་དུ་འབྱོར་རྗེས་ད་དུང་རྒྱ་སྐད་ལས་མི་རྒྱག་པ་ཅིས་ཕྱིར་ཡིན་ནམ། ང་ཚོས་བོད་ནས་གསར་དུ་འབྱོར་ཞིང་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ཅིག་ཏུ་སློབ་གཉེར་བྱེད་བཞིན་པའི་སློབ་མ་འགའི་བསམ་ཚུལ་ལ་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་སྐད་རྒྱག་པ་ནི། གཅིག བོད་སྐད་ཤེས་ཀྱང་རྒྱ་སྐད་བཤད་གོམས་སུ་སོང་སྟབས་རྒྱ་སྐད་བཤད་པ་དང༌། གཉིས། མི་གཞན་གྱིས་ཧིན་སྐད་དང་དབྱིན་སྐད་ལྟ་བུའི་སྐད་རིགས་གཞན་པ་རྒྱུན་ལྡན་གྱི་སྐད་ཆའི་ནང་བེད་སྤྱོད་གཏོང་བཞིན་པར་འགྲན་སེམས་སྐྱེས་པ། གསུམ། ཕ་ཡུལ་དུ་ཡོད་སྐབས་རྒྱ་སྐད་ཤེས་ཀྱི་མེད་ནའང་འདིར་སླེབས་སྐབས་གྲོགས་པོ་ཚོས་རྒྱ་སྐད་བཤད་བཞིན་པར་བརྟེན། ཁོང་ཚོའི་སར་ནས་རྒྱ་སྐད་སྦྱང་ཕྱིར་རྒྱ་སྐད་བཤད་པ། བཞི། རང་གིས་རྒྱ་སྐད་ཤེས་པ་དེ་མི་གཞན་ལ་ངོམས་སོ་བྱེད་པ། ལྔ། རྒྱ་སྐད་མ་གཏོགས་བོད་སྐད་གཏན་ནས་མི་ཤེས་པར་རྒྱ་སྐད་བཤད་པ། བཅས་ཡིན་ཞིང༌། དེ་དག་གང་ཡང་མིན་པའི་རྒྱུ་མཚན་གཞན་ཡང་ཡོད་སྲིད་ཀྱང༌། ཕལ་ཆེ་བ་གོང་གི་དོན་ཚན་ལྔའི་ནང་དུ་འདུ་བ་ཡིན།

འདི་གའི་གསར་འགོད་པས་ངྷ་སའི་ཉེ་འཁོར་གྱི་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་འགར་འདིའི་ཐད་བཅར་འདྲི་བྱས་པར། ཕ་ཡུལ་མདོ་སྨད་རེབ་གོང་ནས་ཡིན་ཞིང་སུ་ཇཱ་སློབ་གྲྭའི་འཛིན་རིམ་བརྒྱད་པའི་སློབ་མ་དཀོན་མཆོག་ཚེ་རིང་གིས། སུ་ཇཱ་སློབ་གྲྭའི་སྐད་ཡིག་སྲུང་སྐྱོབ་ཚོགས་པས་བརྗོད་པ་ལྟར་ན་དེང་སྐབས་སུ་ཇཱ་སློབ་གྲྭར་རྒྱ་སྐད་རྒྱག་མཁན་མང་དུ་འགྲོ་བཞིན་འདུག་ལ།    དེ་ལས་ཀྱང་བོད་སྐད་ཤེས་བཞིན་དུ་རྒྱ་སྐད་རྒྱག་མཁན་མང་བོ་འདུག་ཟེར། ངས་བལྟས་ན་ཁ་ཤས་རྒྱ་ནག་གི་གྲོང་ཁྱེར་ལྟ་བུའི་ནང་འཚར་ལོངས་བྱུང་བ་དང་རྒྱ་ནག་གི་སློབ་གྲྭར་ལོ་མང་རིང་འགྲིམ་སྟབས་དངོས་གནས་བོད་སྐད་མི་ཤེས་པར་རྒྱ་སྐད་རྒྱག་པ་ཡིན་སྲིད་ཀྱང༌། མང་བོ་ཞིག་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་རིན་ཐང་གང་ཡང་ངོས་ཟིན་གྱི་མེད་པར་བརྟེན་རྒྱ་སྐད་རྒྱག་གི་ཡོད་པ་རེད། བོད་ནས་གསར་དུ་འབྱོར་མཁན་རེ་ཟུང་ནང་བོད་སྐད་གཏན་ནས་མི་ཤེས་མཁན་དེ་འདྲ་འདུག་ཀྱང༌། བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཕྱོགས་ལ་དེ་ཙམ་དོ་སྣང་མེད་པ་དང༌། བོད་སྐད་སྦྱོང་རྒྱུར་འབད་བརྩོན་མི་བྱེད་མཁན་ཡང་འདུག་ཅེས་དང༌། ཕ་ཡུལ་ཁམས་འབའ་བ་ཡིན་ཞིང་ད་ལྟ་སུ་ཇཱ་སློབ་གྲྭའི་འཛིན་གྲྭ་བཅུ་བའི་སློབ་མ་བཀྲ་ཤིས་ཚེ་རིང་གིས། སློབ་མ་ཚོས་རྒྱ་སྐད་བཤད་ཀྱིན་པ་ནི། གཅིག རྒྱ་སྐད་བཤད་གོམས་སུ་སོང་བ་དང༌། གཉིས། རེ་ཟུང་གིས་ཕ་ཡུལ་ནས་ལོ་མང་རིང་རྒྱ་ནག་གི་སློབ་གྲྭར་འགྲིམ། རྒྱ་སྐད་མང་བོ་སྦྱངས། ས་འདིར་རྒྱ་སྐད་རྒྱ་ཡིག་གི་བཀོལ་སྤྱོད་ཆེན་པོ་མེད་སྟབས་རྒྱ་སྐད་མི་བརྗེད་པའི་ཆེད་དུ་རེད། ཅེས་དང༌། ཕ་ཡུལ་ཁམས་འབའ་པ་དང་སུ་ཇཱ་སློབ་གྲྭའི་འཛིན་གྲྭ་བཅུ་པའི་སློབ་མ་ལྷག་པ་ཚེ་རིང་གིས། བོད་ནས་ཡོང་མཁན་ཕལ་ཆེ་བར་རྒྱ་སྐད་བཤད་གོམས་སུ་སོང་སྟབས་རྒྱ་སྐད་བཤད་ཀྱི་ཡོད་པ་རེད་ལ། བོད་ནང་ཙམ་དུ་མ་ཟད་རྒྱ་གར་ནང་དུའང་བོད་ནས་གསར་དུ་འབྱོར་མཁན་ཚོས་བོད་ཆོལ་ཁ་གསུམ་གྱི་སྤྱི་སྐད་ལྟ་བུ་ཞིག་ཤེས་ཀྱི་མེད་པར་བརྟེན་གྲོགས་པོ་གཉིས་ཐུག་སྐབས་ཕན་ཚུན་ལ་གོ་བརྡ་འཕྲོད་ཀྱིན་མེད་སྟབས་རྒྱ་སྐད་བརྒྱབ་ན་གོ་བདེ་བ་ཡོད་པ་རེད་ཅེས་བརྗོད་སོང༌།
ཕ་ཡུལ་གཅན་ཚ་ནས་ཡིན་ཞིང་ད་ལྟ་ངྷ་སྟེང་བོད་ཁྱིམ་གྲྭའི་འཛིན་གྲྭ་བཅུ་གཉིས་པའི་སློབ་མ་ཤ་བོ་རྒྱལ་གྱིས། ངྷ་ས་ན་རྒྱ་སྐད་རྒྱག་མཁན་མང་བོ་འདུག ཁོང་ཚོས་མི་གཞན་གྱིས་རྒྱ་སྐད་བཤད་ཤེས་ཀྱི་མེད་པར་བརྟེན་རང་གིས་རྒྱ་སྐད་ཤེས་པ་དེར་སྤོབས་སེམས་དང༌། ངོམས་སོ་བྱེད་ཀྱི་ཡོད་པ་རེད། དེ་མིན་རྒྱལ་སྤྱིའི་སྟེང་དབྱིན་སྐད་ལས་གཞན་པའི་བཀོལ་སྤྱོད་ཆེ་ཤོས་དེ་རྒྱ་སྐད་ཆགས་ཀྱི་ཡོད་སྟབས། མང་བོ་ཞིག་གིས་རྒྱ་སྐད་འདི་ཧ་ཅང་གལ་ཆེན་ལ་མཐོང་ནས་རྒྱག་གི་ཡོད་པ་རེད་ཅེས་དང༌། ཕ་ཡུལ་གཅན་ཚ་ནས་ཡིན་ཞིང་ད་ལྟ་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་པའི་སློབ་མ་དར་མཚོ་སྐྱིད་ཀྱིས། གཅིག་ནས་རྒྱ་སྐད་ཤེས་པ་མི་བརྗེད་པའི་ཆེད་དང་ཡར་རྒྱས་གཏོང་ཆེད་རེད། གཉིས་ནས་མི་གཞན་གྱིས་སྐད་རིགས་གཞན་པ་རྒྱག་བཞིན་པར་བརྟེན་རྒྱ་སྐད་བརྒྱབས་པ་རེད་ཅེས་བརྗོད་སོང༌།

ཕ་ཡུལ་མདོ་སྨད་རྨ་ཆུ་ནས་ཡིན་ཞིང་ད་ལྟ་གྷོ་པལ་པུར་འཛིན་གྲྭ་བཅུ་གཉིས་པའི་སློབ་མ་རྨ་སྲས་བསོད་ནམས་རྡོ་རྗེས། བོད་ནས་འབྱོར་མཁན་ཚོས་རྒྱ་སྐད་རྒྱག་བཞིན་པ་ནི། བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་མཁན་ཚོས་དབྱིན་སྐད་དང་ཧིན་སྐད་རྒྱག་བཞིན་པར་བརྟེན། སློབ་མ་ཚོར་མཚོན་ན་ངས་ཀྱང་སྐད་ཡིག་གཞན་པ་ཞིག་ཤེས་ཀྱི་ཡོད་བསམ་ནས་འགྲན་སེམས་ལྟ་བུ་སྐྱེས་སྟབས་རེད། འདི་ཁོར་ཡུག་གི་གནས་སྟངས་ཤིག་ལ་རག་ལས་པ་རེད་མ་གཏོགས། རྒྱ་སྐད་བོད་སྐད་གཉིས་ཀ་ཤེས་ཀྱི་ཡོད་སྟབས་བོད་ཡིག་བརྒྱབ་ཆོག་གི་རེད། དེ་མིན་དེང་སྐབས་བཙན་བྱོལ་ནང་འཚར་ལོངས་བྱུང་མཁན་ཚོས་བོད་ནས་ཡོང་མཁན་གྱི་སློབ་གྲོགས་ཚོའི་སར་ནས་རྒྱ་སྐད་སྦྱངས་ཏེ་རྒྱག་བཞིན་འདུག དེ་ནི་ཁོང་ཚོའི་བསམ་པར་ང་རང་བོད་ནས་ཡོང་བ་མིན་ནའང་ངས་རྒྱ་སྐད་རྒྱག་ཤེས་ཀྱི་ཡོད་བསམ་བསྡད་ཡོད་པ་རེད་ལ། སྤྱིར་བཙན་བྱོལ་ནང་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ཀྱིན་འདུག་བསམ་པའི་འདུན་པ་དེ་སློབ་མ་ཚོར་དེ་ཙམ་མི་འདུག་ཅེས་དང༌། ཕ་ཡུལ་གཅན་ཚ་ནས་ཡིན་ཞིང་ད་ལྟ་གྷོ་པལ་པུར་འཛིན་གྲྭ་བཅུ་གཅིག་པའི་སློབ་མ་བུམ་ཕྲེང་སྐྱིད་ཀྱིས། ང་ཚོས་སྐད་ཡིག་མང་བོ་ཤེས་དགོས་པ་རེད་ལ། མང་བོ་ཞིག་གིས་རྒྱ་སྐད་རྒྱ་ཡིག་གི་གལ་ཆེན་རང་བཞིན་དེ་མཐོང་ནས། སྔོན་མ་རྒྱ་སྐད་ཤེས་པ་དེ་མི་བརྗེད་པའི་ཆེད་དུ་རེད་མ་གཏོགས། ངོམས་སོ་བྱེད་ཀྱི་ཡོད་པ་མ་རེད། ཅེས་བརྗོད་སོང༌།

གོང་གི་སློབ་ཕྲུག་དེ་ཚོ་ནི་བོད་ནས་གསར་དུ་འབྱོར་མཁན་གྱི་སློབ་མ་ཤ་སྟག་ཡིན་ཞིང་ཁོས་ཚོས་བརྗོད་པའི་སྐད་ཆའི་ནང་དུ། བཙན་བྱོལ་ནང་འཚར་ལོངས་བྱུང་མཁན་ཚོས་རྒྱུན་ལྡན་གྱི་སྐད་ཆའི་ཁྲོད་དབྱིན་སྐད་དང་ཧིན་སྐད་ལྟ་བུ་བེད་སྤྱོད་གཏོང་བཞིན་པར་བརྟེན། རྒྱ་སྐད་ བཤད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་སོང་ལ། བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་རྒྱ་སྐད་ལས་ལྷག་པའི་དབྱིན་སྐད་ཧིན་སྐད་ཀྱི་ཤན་ཞུགས་ཐེབས་བཞིན་པ་ནི་ཟུར་བལྟས་ལེབ་མཐོང་ལྟ་བུ་ཡིན་པས། བཙན་བྱོལ་བོད་མི་སྤྱི་བྱིངས་ཀྱིས་བོད་ཀྱི་སྐད་ཡིག་ཁྲོད་སྐད་ཡིག་གཞན་པའི་བཙན་འཛུལ་སླེབས་ཀྱིན་པ་ཤེས་དགོས།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply