འཁྲབ་སྟོན་ལ་འགྲོ་གི་ཡིན།

ང་ཚོའི་འཁྲབ་སྟོན་གྱི་དམིགས་ཡུལ་ནི་མི་རིགས་འདིར་དངོས་སུ་བྱུང་བའི་གོད་ཆག་དེ་བཙན་བྱོལ་གྱི་གཞོན་སྐྱེས་གང་མང་ཞིག་ལ་ངོ་སྤྲོད་དང་རྩ་དོན་དང་རིག་གཞུང་སྲུང་སྐྱོབ་ལ་རང་ནུས་གང་ཡོད་འདོན་དགོས་པའི་འབོད་སྐུལ་བྱ་ཆེད་ཡིན་ཟེར།
 
ཕྱི་ཚེས་ ༢ ཉིན་གྱི་དགོང་མོ་ནས་བཟུང་འཁྲབ་སྟོན་པ་སོ་ལྔ་ལས་གྲུབ་པའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཚོགས་པའི་འཁྲབ་སྟོན་པ་རྣམས་ཟླ་གཅིག་རིང་ལྷོ་ཕྱོགས་སུ་འཁྲབ་སྟོན་ལ་འགྲོ་འཆར་ཡོད་པའི་སྐོར་བརྗོད་ཀྱིན་ཡོད་སྟབས། འདི་གའི་གསར་འགོད་པས་ཚོགས་པ་འདིའི་ཨམ་སྐད་ཀྱི་མདོ་འཛིན་པ་དང་གནས་ཚུལ་འགྲེལ་བརྗོད་པ་བསྟན་འཛིན་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ཐེངས་སྔོན་མོའི་འཁྲབ་སྟོན་གྱི་བརྒྱུད་རིམ་དང་འབྲེལ་བརྗོད་དོན། ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་གྱི་དགོང་མོ་ང་ཚོས་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན་ཏེ། ༢༠༠༨ ལོར་གཞིས་བཞུགས་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་སྐབས། རྒྱ་ནག་དྲག་ཆས་དམག་མིས་བོད་མི་སེར་སྐྱ་དང་ཕོ་མོ་དབྱེར་མེད་ལ་མནར་གཅོད་བཏང་བའི་སྣང་བརྙན་མཐའ་དག་དངོས་མྱོང་བདེན་པ་ར་སྤྲོད་ཅེས་པའི་གཏམ་བརྗོད་རིང་མོའི་ལམ་ནས་བོད་གཞུང་ཟློས་གར་ཚོགས་ཁང་དུ་འཁྲབ་སྟོན་ཐོག་མ་བྱས་པ་རེད། སྐབས་དེར་བཙན་བྱོལ་བོད་གཞུང་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་དབུས་པའི་གནད་ཡོད་མི་སྣས་རྒྱབ་སྐྱོར་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་སོང་ལ། ང་ཚོའི་དབུ་འཁྲིད་རྣམ་གཉིས་དང་འཁྲབ་སྟོན་པ་དག་ལ་མཚོན་ནའང་རང་ཉིད་ཀྱི་དཀའ་སྡུག་གི་འབྲས་བུ་ཉག་ཅིག་ཏུ་སེམས་ཏེ་མུ་མཐུད་ཧུར་བརྩོན་བྱེད་ཀྱིན་ཡོད་པ་རེད།  ཐེངས་འདིར་ང་ཚོས་ཟླ་གཅིག་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་ལྷོ་ཕྱོགས་ཀྱི་སེ་འབྲས་དགེ་གསུམ་གཙོས་པའི་བོད་པའི་གཞིས་ཆགས་ཁུལ་སོགས་ས་གནས་བདུན་ལ་འགྲོ་འཆར་ཡོད། ཐེངས་འདིར་ང་ཚོ་ལྷོ་ཕྱོགས་སུ་འགྲོ་དགོས་པའི་དམིགས་ཡུལ་གཙོ་བོ། ང་ཚོ་བོད་མི་རིགས་ལ་འདི་འདྲའི་གོད་ཆག་ཅིག་བྱུང་བ་དེ་བཙན་བྱོལ་གྱི་རྒན་རབས་པ་ཚོས་ཤེས་རྟོགས་བྱུང་ཡོད་ཀྱང་། གཞོན་སྐྱེས་གང་མང་ཞིག་གིས་ད་ལྟའི་ཆར་ཡང་ཤེས་རྟོགས་འབྱུང་གི་མེད་སྟབས། ང་ཚོས་ཐེངས་འདིའི་འཁྲབ་སྟོན་བརྒྱུད་བོད་ནང་གི་དངོས་ཡོད་གནས་སྟངས་འགྲེལ་བཤད་དང་། བཙན་བྱོལ་དུ་འབྱོར་དགོས་པའི་རྒྱུ་རྐྱེན་སོགས་ར་འཕྲོད་པར་བྱ་རྒྱུ་དང་། ལྷག་པར་ ༢༠༠༨ ལོར་གཞིས་སྡོད་བོད་མི་ཚོར་རྒྱ་གཞུང་གིས་དངོས་སུ་ལག་བསྟར་བྱས་པའི་དྲག་གནོན་དང་གདུག་རྩུབ་ཀྱི་བྱ་སྤྱོད་གང་འདྲ་ཞིག་སྤེལ་ཡོད་མིན་སོགས་གཏམ་བརྗོད་ཀྱི་ལམ་ནས་ངོ་སྤྲོད་བྱས་ཏེ། བོད་པའི་གཞོན་སྐྱེས་གང་མང་ལ་སེམས་ཤུགས་དང་སྤོབས་པ་བསྐྱེད་དུ་འཇུག་རྒྱུ་དང་། དེ་མིན་ཕ་མེས་ཡང་མེས་ནས་དར་བའི་བོད་ཆོལ་ཁ་གསུམ་གྱི་སྲོལ་རྒྱུན་གྱི་གོན་པ་གོན་སྟངས་དང་རྩེད་རིགས། མི་རིགས་ཀྱི་ལ་རྒྱ་སྐོར་གྱི་གཞས་སྣ་སོགས་འཁྲབ་སྟོན་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་དང་རིག་གཞུང་ལ་དོ་སྣང་བྱ་དགོས་པའི་འབོད་སྐུལ་བྱ་ཆེད་ཡིན་ལ། འཁྲབ་སྟོན་གྱི་ལེ་ཚན་ཁག་ཀྱང་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རིག་གཞུང་འཁྲབ་སྟོན་ཁོ་ན་གྲ་སྒྲིག་བྱས་ཡོད་ཅེས་བརྗོད་བྱུང་།

བོད་མིའི་སྐྱིད་སྡུག་མཉམ་མྱོང་ཅེས་པའི་ཚོགས་པ་འདི་ནི། ཕྱི་ལོ་ ༢༠༠༩ ལོའི་ནང་ཁམས་དཀར་མཛེས་ནས་ཡིན་ཞིང་། ༢༠༠༨ ལོའི་ཞི་རྒོལ་ཁྲོད་དངོས་སུ་ཞུགས་མྱོང་མཁན་གྱི་ཆབ་སྲིད་བཙོན་པ་མགོན་པོ་དང་ཚེ་རིང་རྡོ་རྗེ་རྣམ་གཉིས་གཙོས། ཤེས་རབ་དགའ་ཚལ་སློབ་གླིང་གི་དང་བླངས་འཁྲབ་སྟོན་པ་ ༢༥ བཅས་ཁྱོན་མི་ ༣༥ ལས་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་། ༢༠༠༩ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་ཟླ་གཅིག་རིང་གི་སློབ་གསེང་གི་སྦྱོང་བརྡར་ཁྲོད་ཀྱི་འཁྲབ་སྟོན་ཐོག་མ་བོད་གཞུང་ཟློས་གར་དུ་བྱས་ཡོད་འདུག་ལ། ཐེངས་འདིར་ཟླ་གཅིག་རིང་ལྷོ་ཕྱོགས་ཀྱི་དགོན་སྡེ་ཁག་དང་གཞིས་གྲོང་ཁག་ཏུ་འཁྲབ་སྟོན་བྱ་འཆར་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

14 thoughts on “འཁྲབ་སྟོན་ལ་འགྲོ་གི་ཡིན།

  1. གངས་རི་བ་བློ་གཏེར་རིག་མཛོད།

    འཁྲབ་སྟོན་གླུ་སྒར་སྒྱུ་རྩལ་ལ་མི་རྣམས་ཀྱི་མིག་དབང་དང་ཡིད་དབང་ཅིག་ཅར་དུ་འཕྲོག་ཱཐུབ་པའི་ནུས་ཤུགས་ཡོད་པས་དེ་དག་བོད་ནང་གི་དངོས་ཡོད་གནས་ཚུལ་དང།འདས་པའི་དུས་སུ་བོད་མི་རིགས་འདིར་བྱུང་བའི་ཆག་སྒོ་ཆེན་པོ་དེ་དག་དང་འབྲེལ་བའི་སྒོ་ནས་གླུ་སྒར་འཁྲབ་སྟོན་སྤྱན་བསྟར་གཟིགས་འབུལ་ཞུ་ཐུབ་ན་བོད་ཀྱི་རྩ་ཆེ་ལ་རིན་ཐང་ཅན་གྱི་ཐུན་མིན་རིག་གཞུང་དང།་བོད་དོན་ཁྱབ་བསྒྲགས་འགྲོ་འགྱར་ཕན་འབྲས་རླབས་པོ་ཆེ་ཡོད་པ་དངོས་ཡོད་བདེན་པའི་གནས་ཚུལ་རེད།་