རྨ་ཆུ་རུ་ངོ་རྒོལ་བྱས་པ།

བོད་ལྕགས་སྟག་ལོའི་ལོ་མ་སར་གོང་སྟེ་བོད་ཚེས་ ༢༩ ཉིན་རྨ་ཆུ་རྫོང་སྨད་མ་ཞང་མཚན་སྒྲོག་དགོན་གྱི་གྲྭ་མཁྱེན་བརྩེ་རྒྱ་མཚོས་ཞི་བའི་ངོ་རྒོལ་བྱས་སྟབས། ཁོང་ས་གནས་མངགས་གཏོང་མི་སྣས་འཛིན་བཟུང་བཀག་ཉར་བྱས་འདུག

ཟླ་འདིའི་ཚེས་ ༡༢ ཉིན་ཏེ། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་རྨ་ཆུ་རྫོང་སྨད་མ་ཞང་མཚན་སྒྲོག་དགོན་གྱི་རང་ལོ་ ༢༦ ཡིན་པའི་གྲྭ་མཁྱེན་བརྩེ་རྒྱ་མཚོས་མའོ་ཙེ་ཏུང་གི་འདྲ་པར་ཞིག་རྐང་པར་བཏགས་ཏེ། ཕྱག་ཏུ་༧གོང་ས་མཆོག་གི་སྐུ་པར་ཞིག་དང་ཞུ་ཡིག་ཞིག་བསྣམས་ནས་མཚན་སྒྲོག་དགོན་ནས་ཞལ་ཤུལ་དགོན་བར་གོམ་བགྲོད་ཀྱིས་ཕེབས་ཏེ།  མཐར་སྨད་མ་ཞང་སྲིད་གཞུང་དང་ས་གནས་མངགས་གཏོང་ཁང་ལས་ཁུངས་སུ་སོང་སྟེ། ཞུ་ཡིག་གི་དོན་གནད་དང་པོ། བོད་ཆོལ་ཁ་གསུམ་ལ་རང་དབང་དགོས། གཉིས་པ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། གསུམ་པ། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གཙོས་བོད་ཀྱི་སྐུ་གཤེགས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ཞུ་རྒྱུ་དང༌། དེ་བཞིན་རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ངེས་པར་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་བྱེད་སྐབས་རྒྱ་གཞུང་གི་ས་གནས་མངགས་གཏོང་མི་སྣས་འཛིན་བཟུང་བྱས་པ་དང་། ད་ལྟའི་ཆར་རྨ་ཆུ་རྫོང་བཀག་ཉར་ཁང་དུ་བཙོན་འཇུག་བྱེད་མུས་ཡིན་འདུག

གྲྭ་མཁྱེན་བརྩེ་རྒྱ་མཚོའི་སྐྱ་མིང་ལ་ཚེ་རིང་དོན་འགྲུབ་ཟེར་ཞིང༌། ཁོང་རྨ་ཆུ་རྫོང་སྨད་མ་ཞང་མཚན་སྒྲོག་མཐའ་བའི་ཅོ་སྐོར་སྡེ་བའི་བླ་གཅོད་ཚང་གི་ཡིན་འདུག ༢༠༠༨ ལོའི་བོད་ཁམས་ཡོངས་ཀྱི་ས་བྱིའི་ཞི་རྒོལ་ཆེན་མོའི་སྐབས་ཁོང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ངལ་བསྒྱུར་རུ་ཁག་ཏུ་ལོ་དགུའི་ཉེས་ཁྲིམས་འོག་༼ ཕྱི་ལོ་༢༠༠༩ ལོར་ཁྲིམས་ཆད་རྫོགས། ༽བཙོན་འཇུག་བྱེད་མུས་ཡིན་འདུག སྐབས་དེར་ཁོང་གིས་བཙོན་ཁང་ནས་བོད་དོན་ཆེད་སྐད་འབོད་བྱས་སྟབས་ཉེས་རྡུང་དང་འབྲེལ་བཙོན་ཁང་བརྗེ་བསྒྱུར་བྱས། ལོ་སྔོན་མའི་བོད་ཟླ་ ༧ ཚེས་ ༢༣ ལ་བཙོན་གྲོལ་ཐོབ་ཡོད་པ་དང་། བོད་ཟླ་དགུ་པའི་ནང་རྨ་ཆུ་རྫོང་སྨད་མ་མཚན་སྒྲོག་དགོན་དུ་ཆོས་སྒོར་ཞུགས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “རྨ་ཆུ་རུ་ངོ་རྒོལ་བྱས་པ།