གྲྭ་གྲོང་ལྷན་ཞུགས་ཀྱི་ཚོཊ་འདུ།

ཉེ་ལམ་ཕྱི་ཟླ་ ༡ ཚེས་ ༣༡ ནས་ཟླ་ ༢ ཚེས་ ༣ བར་ཉིན་གསུམ་རིང་ཁམས་བྲག་གོ་རྫོང་ནས་གྲྭ་གྲོང་གཉིས་མཉམ་འཛོམས་ཐོག་ཁ་བྱང་ལ་བོད་ཀྱི་སློབ་གསོ་དང་དེའི་འཕེལ་ཕྱོགས ༽ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། ཚོགས་འདུ་དེའི་དམིགས་ཡུལ་གཙོ་བོ་ཉེ་བའི་ལོ་འདི་འགའི་རིང་ལ་བོད་ཁུལ་གྱི་ཕྱོགས་སོ་སོ་ན་གྲྭ་གྲོང་བར་གྱི་ལྟ་བ་མི་མཐུན་པ་དང་བཞེད་ཚུལ་མི་གཅིག་པ་མང་པོ་ཞིག་དག་སེལ་བྱ་མ་ཐུབ་པར་ཡོད་པ་དེ་དག་ཕྱོགས་སོ་སོའི་དམིགས་ཡུལ་དང་འོས་འགན་གྱི་ཐད་དུ་ཕན་ཚུན་ཁ་མཐུན་གྲོས་འགྲིག་གིས་བགྲོ་གླེང་བྱ་མ་ཐུབ་པ་དང་མི་རིགས་ཀྱི་མཐར་ཐུག་གི་ཕན་བདེ་ལ་བསམ་བློ་གཏོང་བའི་གོ་སྐབས་མེད་པ་སོགས་ལ་དམིགས་ཏེ་ཐེངས་འདིར་ཆེད་དུ་གྲྭ་གྲོང་ལྷན་ཞུགས་ཀྱི་བགྲོ་གླེང་ཚོགས་འདུ་དེ་གོ་སྒྲིག་བྱས་པ་ཞིག་ཡིན་འདུག

 

བགྲོ་གླེང་ཚོགས་འདུ་དེར་སྤྱིན་བདག་གནང་མཁན་གསེར་རྟ་བླ་རུང་སྒར་གྱི་མཁན་ཆེན་བསོ་དར་རྒྱས་ལགས་ཡིན་ཞིང་། ཚོགས་ཞུགས་མི་སྣ་གཙོ་བོ་དག་ནི་བྲག་གོ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་རྣམས་དང་བྲག་གོའི་དགོན་པ་དང་དཔལ་ལྡན་ཅོག་རི་དགོན་པའི་མཁན་སྤྲུལ་ཁ་ཤས། གཞན་བྲག་གོ་རྫོང་གི་སྤྱི་བདེ་མི་སྣ་དང་དེ་གའི་གཞུང་ཞབས་པ་ཁ་ཤས། བྲག་གོ་རྫོང་གི་ཞིབ་འཇུག་སློབ་མ་ཁ་ཤས་བཅས་ཁྱོན་བསྡོམས་མི་ ༥༠ ཙམ་མཉམ་ཞུགས་གནང་ཡོད་འདུག་ལ། ཚོགས་ཐོག་ནས་ལྷག་བསམ་དག་མ་དང་། ཕན་ཚུན་བརྩི་བཀུར་གྱི་སྒོ་ནས་བོད་ཀྱི་སློབ་གསོ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མང་པོར་གནོང་ཐོག་མཛུབ་བཙུགས་ཀྱིསྐད་ཆ་མང་པོ་བཤད་ཡོད་པ་དང་། ལྷག་པར་དུ་བྲག་གོ་རྫོང་གི་སྒོ་བྱང་ཡིག་ནོར་ཅན་དང་བོད་ཡིག་བྲིས་མེད་པའི་སྒོ་བྱང་། གཞན་བོད་ཡིག་འབྲི་ཁུལ་བྱས་ཡོད་ཀྱང་དགོས་ངེས་ཀྱི་ནང་དོན་སྟོན་མི་ཐུབ་པ་སོགས་པར་དུ་བླངས་ཏེ། ཐད་ཀར་འབྲེལ་ཡོད་ཀྱི་སྲིད་གཞུང་ལས་ཁུངས་སུ་སྤྲད་ཅིང་ནོར་བཅོས་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་དུ་ལོ་རེ་བཞིན་ཚོགས་འདུ་འདིའི་རྒྱུན་བསྐྱང་རྒྱུ་དང་སྒོ་བྱང་བཅོས་བསྒྱུར་གྱི་བྱ་འགུལ་སྤེལ་རྒྱུ་སོགས་ལ་གྲོས་ཆོད་བཅས་བཞག་ཡོད་འདུག

གོང་གི་གནས་ཚུལ་དེ་ཧི་གཟུགས་ཟིན་བྲིས་ལས་བསྡུ་སྒྲིག་བྱས་པ་ཡིན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

10 thoughts on “གྲྭ་གྲོང་ལྷན་ཞུགས་ཀྱི་ཚོཊ་འདུ།

  1. རྨོག་རུ་བསྟན་པ།

    གཞིས་ལུས་བོད་མིའི་བསམ་དོན་ལྷུན་འགྲུབ་ཡོང་བར་ཤོག

    གཞིས་ལུས་བོད་མིའི་རླུང་རྟ་དགུང་དང་མཉམ་པར་ཤོག