༢༠༢༥ ལོར་སྔོན་དཔག

རྒྱ་གར་ནི་ཨ་རི་དང་རྒྱ་ནག་ཕུ་བའི་སྟོབས་ཆེན་རྒྱལ་ཁབ་ཨང་གསུམ་པ་དང་། ཡུ་རོབ་མཉམ་འབྲེལ་ཕུད་པའི་འཛམ་གླིང་གི་སྟོབས་ལྡན་ཕྱོགས་ཁག་ཨང་བཞི་བར་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱིན་ཡོད།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་དུས་བབ་གསར་ཤོག་སྟེང་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་གསང་བའི་ལས་ཁུངས་ (NIC) དང་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་བདེ་འཇགས་ཉམས་ཞིབ་སྡེ་ཚན་ (EUISS)གཉིས་ཟུང་འབྲེལ་ཐོག འབྱུང་འགྱུར་ཕྱི་ལོ་ ༢༠༢༥ ལོའི་རྒྱལ་སྤྱིའི་དབང་སྒྱུར་སྟོབས་ཤུགས་ཅན་གྱི་གྲས་སུ་རྒྱལ་ཁབ་གང་དག་སླེབས་ཐུབ་མིན་ཐད་ཞིབ་འཇུག་བྱས་པའི་སྙན་ཐོ་དང་། དེ་བཞིན་རྒྱལ་སྤྱིའི་ཉམས་ཞིབ་པ་དག་གིས་འབྱུང་འགྱུར་ལོ་ངོ་ ༢༥ རིང་རྒྱལ་སྤྱིའི་དབང་སྒྱུར་སྟོབས་ཤུགས་ཀྱི་འཕོ་འགྱུར་སྐོར་ལ་དཔྱད་ཞིབ་བྱས་པ་གཉིས་ཕྱོགས་བསྡོམས་བྱས་པའི་སྙན་ཐོའི་ནང་། ད་ལྟ་ ༢༠༡༠ ལོར་མཚོན་ན། ཨ་རི་སྟོབས་ཤུགས་ཆེ་ཤོས་ཆགས་ཡོད་པ་དང་། དེས་རྒྱལ་སྤྱིའི་དབང་སྒྱུར་སྟོབས་ཤུགས་ཀྱི་བརྒྱ་ཆ་ ༢༢ ཙམ་ཟིན་ཡོད་འདུག སྐབས་འདིའི་དབང་སྒྱུར་སྟོབས་ཤུགས་ཟེར་བ་ནི། དཔལ་འབྱོར་དང་ཆབ་སྲིད། དམག་དོན། འཛུགས་སྐྲུན། ཁོར་ཡུག་དང་མི་འབོར་སོགས་ཀྱི་ཐད་ནས་རྒྱལ་སྤྱིའི་སྟེང་དབང་སྒྱུར་གྱི་སྟོབས་ཤུགས་གང་འདྲ་ཞིག་ལ་སླེབས་ཡོད་མེད་ཀྱི་དཔྱད་ཞིབ་ཅིག་ཡིན་འདུག

 

འབྱུང་འགྱུར་ལོ་ངོ་ ༥་རིང་གི་འཕོ་འགྱུར་ལ་བལྟས་ན། ཨ་རི་དང་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས། ཉི་ཧོང་དང་ཨུ་རུ་སུ་བཅས་ཀྱི་དབང་སྒྱུར་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་རྒྱུ་དང་། ཨ་རིའི་དབང་སྒྱུར་སྟོབས་ཤུགས་ཀྱང་བརྒྱ་ཆ་ ༢༢ ནས་ ༡༨ བར་མར་ཆག་རྒྱུ་ཡིན་རུང་། མུ་མཐུད་དབང་སྒྱུར་གྱི་ཐད་ནས་སྟོབས་ཤུགས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་ཞིང་། ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་བརྒྱ་ཆ་ ༡༦ ནས ༡༤ བར་མར་ལྷུང་ཉེན་ཡོད་པ་དང་། རྒྱ་ནག་གི་དབང་སྒྱུར་སྟོབས་ཤུགས་བརྒྱ་ཆ་ ༡༢ ནས ༡༦ བར་ཡར་འཕར་རྒྱུ། དེ་བཞིན། རྒྱ་གར་གྱི་དབང་སྒྱུར་སྟོབས་ཤུགས་བརྒྱ་ཆ་ ནས་ ༡༠ ལ་འཕར་ཏེ། ཕྱི་ལོ་ ༢༠༢༥ ལོའི་རྒྱལ་སྤྱིའི་དབང་སྒྱུར་སྟོབས་ཤུགས་ཅན་ཨ་རི་དང་རྒྱ་ནག  རྒྱ་གར། ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་བཅས་ཆགས་རྒྱུ་ཡིན་པར་སྔོན་དཔག་བྱེད་ཀྱིན་ཡོད་འདུག རྒྱལ་ཁབ་འདི་དག་གི་དཔལ་འབྱོར་དང་དམག་དོན་སོགས་ཀྱི་འཕོ་འགྱུར་དེ་དག་གཙོ་བོ། གནམ་གཤིས་ཀྱི་འགྱུར་ལྡོག་དང་མི་རིགས་དང་ས་ཁུལ་འཁྲུག་རྩོད། འཕྲུལ་རིགས་གསར་བཟོ། རང་བྱུང་ཁམས་ལ་བཤུ་གཞོག་སོགས་ཀྱིས་མཚོན་པའི་གནད་དོན་མང་པོ་ཞིག་ལ་འབྲེལ་བ་དམ་པོ་ཡོད་པར་བརྗོད་འདུག

གསར་འགོད་པ། བནྟེ་སྐྱབས།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

2 thoughts on “༢༠༢༥ ལོར་སྔོན་དཔག

  1. འབྲུག་མོ་སྐྱིད།

    ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གི་ད་ལྟའི་དཔལ་འབྱོར་འཛམ་གླིང་གི་བརྒྱ་ཆ་ ༡༢ ནས་ ༡༦ འཕར་རྒྱུ་རེད་ཟེར་བ་དེ་ཅུང་དངོས་ཡོད་དང་མ་མཐུན་པ་ཞིག་རེད་སྙམ། གང་ཡིན་ཟེར་ན། རྒྱ་ནག་ནི་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡིན་ལ། གྲངས་ཉུང་མི་རིགས་ཐད་ཀྱི་རྙོག་འཛིང་མང་ཤོས་ཀྱང་ཡིན། དེ་བཞིན་བཟོ་བ་གྲལ་རིམ་གྱི་ཕོགས་ཐོབ་དམའ་ཤོས་དང་། ཞིང་བ་གྲལ་རིམ་གྱི་གྲངས་འབོར་ཚད་མཐོ་ཤོས་དང་འཚོ་བའི་ཆ་རྐྱེན་སྐྱོ་ཤོས་དེ་ཆགས་ཡོད་སྟབས། གཞུང་ཕྱོགས་ནས་སྤྱི་འབངས་ཀྱི་དཀའ་ངལ་དང་རྙོག་དྲ་དེ་དག་མ་སེལ་བར་སྲིད་གཞུང་གི་དམག་དོན་དང་སྲིད་དོན། ཕྱི་འབྲེལ། རྒྱལ་ཁབ་རིམ་པའི་ཉོ་ཚོང་རྒྱ་བསྐྱེད་དང་། རྒྱལ་སྤྱིའི་སྟེང་གི་དབང་སྒྱུར་སྟོབས་ཤུགས་ཀྱི་ཆེད་དུ་ནུས་བ་བཏོན་ན། དེ་ལ་འཛམ་གླིང་ཐོག་ངོས་ལེན་བྱེད་མཁན་མེད་ལ། རྒྱ་ནག་ནང་ཁུལ་གྱི་གྲངས་ཉུང་མི་རིགས་ཁག་དང་། སྤྱི་དམངས་ཡོངས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱ་རྒྱུའི་ཉེན་ཁ་ཡང་ཡོད།

  2. བསང་ཆུ་འབྲུག་བྷེ།

    གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུག་ཅིང་།དུས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་བྲིས་འདུག་པས་དགའ་བསུ་ཞུ།