བཙན་བྱོལ་ནང་གི་རུལ་དྲི།

འདོན་སྤེལ། ༢༠༡༣/༠/༢༠

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༩༤ སྟེང་གི་རྩོམ་སྒྲིག་པའི་གཏམ།

ངྷ་རམ་ས་ལར་ཆར་དུས་སླེབས་པ་དང་མཉམ་དུ་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཀྱང་ག་ལེར་ཆར་གཞའི་ཟོལ་གྱིས་ཁུ་སིམ་མེར་སོང་ལ། གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་གྱི་གཡོ་འཁྱོམ་ཆེན་པོ་དེ་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱུན་ལྡན་མིན་པའི་སྐུ་ཚབ་དོན་གཅོད་ཁག་ཅིག་འཕོ་འགྱུར་གཏོང་རྒྱུའི་གནས་ཚུལ་འཁྲུག་པོ་དག་ཀྱང་ངྷ་སའི་ཆར་ཞོད་ཀྱི་ཤག་སྒྲས་མནན་ཏེ། གསར་འགྱུར་བརྒྱུད་ལམ་ཁག་གི་མདུན་ངོས་དང་སྒང་རིམ་ནས་ངང་གིས་མར་ཟེགས་མགོ་རྩོམ་བཞིན་ཡོད་ཀྱང་། ས་གནས་ཁུག་ཀྱོག་རེ་ཟུང་ནས་མཆེད་ཡོང་བའི་རུལ་དྲི་ཁ་བོ་ཞིག་གིས་ངྷ་སའི་རི་ངོས་ཁད་ཀྱིས་གཡོགས།    

        གནམ་གཤིས་རབ་རིབ་ཀྱི་རྐྱེན་པས་ཕྱི་ལོགས་ན་ཡོངས་གྲགས་འཆར་ཅན་ལྟ་བུའི་གནས་ཚུལ་སྐམ་རུལ་དག་མཁོ་སྒྲུབ་ཀྱི་གོ་སྐབས་ཇེ་ཉུང་ལ་ཕྱིན་པ་དང་མཉམ་དུ། ངྷ་སའི་གསར་འགོད་པ་དང་སྲིད་དོན་པ་ཚོས་ནང་ལོགས་ཀྱི་གནས་ཚུལ་རློན་ཤ་ཅན་དག་ལ་ག་ལེར་ལག་པ་འཆང་མགོ་བརྩམས་ཤིང་། བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཏག་ཏག་གོ་སྐབས་དེ་འཇུས་ཏེ། ས་གནས་མཐའ་འཁོབ་དག་ཏུ་སྤྱོད་པ་ལོག་པའི་གནས་ཚུལ་རེ་ཟུང་དངོས་ཤུགས་བརྒྱུད་གསུམ་ནས་སྤྱི་ཚོགས་ནང་ཡོངས་བསྒྲགས་བྱས་ཏེ། ཞལ་ལྕེ་གཅོད་ཀྱིན་པ་འདི་ཡང་གྲ་སྒྲིག་སྡུག་ས་ནས་བྱེད་སྟངས་ཤིག་ལོས་ཡིན།

        ན་ནིང་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་དུ་མི་སྤྱོད་ལས་འདས་པའི་གནས་ཚུལ་སྐྱི་གཡའ་བ་ཞིག་བྱུང་རྗེས་ཀྱི་བཤད་ཡམས་མཇུག་མ་བསྒྲིལ་གོང་དུ། སླར་ཡང་འབུམ་སྡེ་ལའི་ས་གནས་མགོ་འཛིན་དང་བསྟན་འཛིན་སྒང་གི་མཉམ་འབྲེལ་དྲུང་ཆེ་གཉིས་ཀྱིས་ཧིན་སྒོར་ཉིས་འབུམ་ཟོས་པའི་གནས་ཚུལ་དང་། བལ་ཡུལ་འཇོ་ལ་ཁེལ་བསམ་གྲུབ་གླིང་གཞིས་ལས་ཁང་གི་རྩིས་པས་བལ་སྒོར་འབུམ་བརྒྱད་ཅུ་ལྷག་ཟོས་པ་སོགས་ཀྱི་གནས་ཚུལ་སྔ་རྗེས་སུ་ཐོན་ཡོད།

        སྔོན་མ་ནས་བཙན་བྱོལ་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་རེ་ཟུང་རྒྱུན་ཆད་མེད་པར་བྱུང་དང་འབྱུང་བཞིན་ཡོད་ལ། བརྡ་འཕྲིན་དུས་རབས་ཀྱིས་སའི་གོ་ལ་ཕྱིར་སློག་ནང་སློག་བྱས་ཏེ། འཛམ་གླིང་གི་གནས་ཚུལ་དང་གསང་བ་ཐ་དག་གི་ཁ་ཤོར་ཞིང་ཞབས་རྡོལ་བཞིན་པའི་སྐབས་འདིར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་བརྒྱུད་ལག་རྒྱབ་དཔུང་གི་འཁོས་ཁ་ཞན་པོ་དག་གི་གཉན་པོ་གསང་བ་ཡང་གཅིག་རྗེས་གཉིས་མཐུད་དུ་ལུད་མགོ་ཚུགས་ཡོད་ཀྱང་། གངས་ཅན་སྐྱིད་གཤོངས་དང་ངྷ་རམ་ས་ལའི་རྒྱབ་རི་བྲག་དང་མདུན་རི་ནགས་ཀྱིས་སྐོར་བའི་སྐུ་སྲས་ཁ་བསོད་ཅན་རེ་ཟུང་གི་ཁ་ལས་རླུང་རྟ་སྔར་བཞིན་ཨ་སྔོན་དགུང་དུ་འཕུར་མཆོངས་བྱེད་བཞིན་འདུག   

        ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་གཅིག་རེ་སྤྱི་ཚོགས་ཐོག་བཏོན་པ་དང་མཉམ་དུ། གནས་ཚུལ་གཞན་མང་དག་ཅིག་གི་སྣེ་དང་ཟུར་ཡང་ངང་གིས་འཐོན་ཡོང་གི་འདུག ངྷ་ས་གཡས་གཡོན་གྱི་ཚོགས་པ་སྒྲིག་འཛུགས་དང་དགོན་སྡེ་སློབ་གྲྭ་རེ་གཉིས། དེ་བཞིན་གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་རེ་ཟུང་བཅས་ཀྱི་ནང་དུའང་རུལ་དྲི་ཁ་བཞིན་ཡོད་པ་ཡོངས་གྲགས་ཡིན་ཡང་། རྒྱ་གར་གཞུང་གི་ཁྲིམས་སྒྲིག་འོག་ཏུ་ཚུད་སྟངས་མེད་པ་དང་བོད་པ་རང་གི་བཅའ་སྒྲིག་ཁག་ལ་ཞེད་དོན་མེད་པའི་ཧྲག་བར་ན། བོད་མིའི་ཡ་རབས་བཟང་སྤྱོད་དང་༧གོང་ས་མཆོག་གི་བསླབ་བྱ། ནང་པ་ཡིན་པའི་གནས་ལུགས་བགྲང་སྟེ། ནང་འགྲིག་ནང་འདུམ་བྱེད་ཀྱིན་ཡོད་པའི་བོད་པའི་སྲོལ་རྒྱུན་བཟང་བོ་འདིས་ནང་རྐུན་ཁྱུ་གཅིག་སྐྱེད་སྲིང་བྱེད་བཞིན་ཡོད།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply