རྒྱ་གར་བོད་མིའི་དབྱིན་རྩོམ་ཅུང་ཟད་གླེང་བ།

རྩོམ་པ་པོ། ཚེ་རིང་ཤཱཀྱ།
སྒྱུར་པ་པོ། ལྷ་མོ་སྐྱབས།

སྐད་ཡིག་ནི་རང་གི་ངོ་བོ་མཚོན་བྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་ཏུ་སྣང་ལ་ང་ཚོའི་འཇིག་རྟེན་མཐོང་སྣང་བསྐྲུན་པར་བྱེད་པ་དེ་སྐད་ཡིག་ཡིན། སྐད་ཡིག་ནི་ཆུ་དང་ལག་ཆ་བཞིན་དུས་དང་རྣམ་པ་ཀུན་ཏུ་བཀོད་སྤྱོད་ཅན་ཞིག་ཏུ་ཟད།  དེ་བཞིན་རང་ཉིད་གྱི་རུས་རྐང་ལ་འཐིམ་པའི་སྐད་ཡིག་ཅིག་ཡོད། སྐད་ཡིག་དེ་ཉིད་བརླག་སོང་ན་རང་ཉིད་ཀྱི་ངོ་བོ་བརླག་པ་དང་མཚུངས། བོད་མིའི་བཤད་རྒྱུན་ཞིག་ལ་”ལུང་བ་རེ་ལ་ཆུ་རེ།། བླ་མ་རེ་ལ་ཆོས་རེ།།”ཞེས་ཟེར། བཤད་རྒྱུན་འདིས་སྐད་བརྡ་རིག་པའི་ཁྱབ་ཚད་ཀྱི་ཁས་ལེན་དང་ངོས་འཛིན་ཞིག་འཆད་ཀྱིན་ཡོད། བོད་པ་ཚོ་གཞན་གྱི་སྐད་ཡིག་ལ་རྒྱུས་མངའ་ཆགས་ཤིང་ཤུགས་རྐྱེན་དག་དང་ལེན་བྱས་ཏེ་གནས་སྟངས་ལ་མཚམས་པའི་གཡར་ཚིག་མང་པོ་བཀོད་སྤྱོད་བྱས་ཡོད། བོད་མི་ཚོ་རྒྱ་གར་ནང་བསྟན་གྱི་ཡོན་ཏན་རླབས་པོ་ཆེར་རྒྱུས་མངའ་བྱུང་བའི་དུས་སྐབས་སུ་ལེགས་སྦྱར་ལྷ་ཡི་སྐད་མ་བླངས་བར་རང་གི་ཕ་སྐད་ལས་ཡོན་ཏན་སློབ་དགོས་པར་དགོངས་ཡོད། བོད་ཀྱི་མཁས་དབང་ཚོས་ལེགས་སྦྱར་ལས་ནང་དོན་རིག་པ་ཕོན་ཆེན་པོ་ཞིག་བོད་སྐད་ཡིག་ཁྲོད་དུ་ཡིག་སྒྱུར་མཛད། ལེགས་སྦྱར་ལ་”ལྷ་ཡི་སྐད་”ཅེས་བརྩི་མཐོང་མི་དམན་པ་ཞིག་བྱེད་པ་ལ་མ་ལྟོས་པར་ཕ་སྐད་ནི་ཤེས་ཡོན་དང་འབྲེལ་མོལ་གྱི་སྐད་ཡིག་དེ་ཡིན་ཙ་ན་ལེགས་སྦྱར་སྐད་ཡིག་བོད་ཀྱི་ཐུན་མོང་སྐད་ཡིག་ཏུ་འགྱུར་ཐབས་ཡེ་ནས་མེད།

བོད་པ་ཚོར་མཚོན་ན་རྒྱ་གར་ནི་ཕྱི་རོལ་གྱི་རྣམ་པ་ཙམ་མ་ཡིན་པར་དེ་ལས་ལྷག་ཅིག་མཚོན་གྱི་ཡོད། ང་ཚོས་དུས་རབས་མང་པོ་ཞིག་གི་རིང་དུ་ཡུལ་གྲུ་འདི་རིག་གནས་དང་ཤེས་རིག་གི་འབྱུང་ཁུངས་ལྟ་བུ་ཞིག་ཏུ་སྒོམ་བཞིན་ཡོད། བོད་མི་ཚོས་ཐོབ་སྐལ་འདི་ལ་བཀའ་དྲིན་བསམ་ཤེས་བཟློ་བའི་རྒྱུན་ཆད་མ་མྱོང་། བོད་ནང་དུ་”རྒྱ་གར་སྐད་དུ་”ཞེས་ཚིག་དུམ་དེས་དཔེ་ཆ་ཞིག་གི་འགོ་བཙུགས་པ་ནི་ལུགས་སྲོལ་དུ་གྱུར་ཡོད། རྒྱུ་མཚན་བརྩམས་ཆོས་ལ་ལེགས་སྦྱར་གྱི་མཚན་བྱང་ཡོད་པས་སོ།།

སྐུ་མདུན་གྱ྄ིས་”ང་རྒྱ་གར་གྱི་བུ་ཡིན་”ཞེས་གསུངས་མྱོང་། རྒྱ་ནག་གཞུང་གིས་ཚིག་དུམ་དེ་རྒྱ་གར་ལ་ཆབ་སྲིད་ཀྱི་ལག་ཆར་འགྲེལ་བརྗོད་བྱས་པ་རེད། དེ་ལས་ལྡོག་སྟེ་༸གོང་ས་མཆོག་གིས་དུས་ཡུན་རིང་པོར་བོད་དུ་རྒྱ་གར་རིག་གཞུང་རྒྱུད་འཛིན་མཁན་ཚོར་རིག་གནས་དང་ཆོས་ལུགས་ཀྱི་འདུ་ཤེས་ཟབ་མོ་ཞིག་གསུངས་ཡོད།

འདི་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་མ་ཡིན་པར་རྒྱ་གར་ནང་བསྟན་རྒྱུད་འཛིན་ལ་བསྔགས་བརྗོད་དམ་ཡི་རང་ཙམ་ཞིག་ཏུ་ཟད། བོད་པས་རྒྱ་གར་ལ་བརྩི་མཐོང་བྱེད་པ་དེ་ནི་ནུབ་གླིང་བས་གྷི་རི་སིའི་ཤེས་རིག་དཔལ་ཡོན་གྱི་རྒྱུད་འཛིན་ལ་ཡི་རང་བྱེད་པ་དང་ཁྱད་པར་མ་མཆིས། དེང་གི་ཆར་རྒྱ་གར་ཕལ་ཆེ་བ་ལས་བོད་པ་ཚོ་ལེགས་སྦྱར་སྲོལ་རྒྱུན་རྩོམ་རིག་ལ་རྒྱུས་མངའ་ཡོད། བོད་མི་མང་དག་ཅིག་ལ་མཚོན་ན་སློབ་དཔོན་དབྱིག་པ་ཅན་གྱི་<<སྙན་ངག་མེ་ལོང་མ་>>དུས་ད་ལྟ་གསོན་ཡོད་ལ་དེ་ཉིད་དཔེ་ཀློག་དང་སློབ་གཉེར་བྱེད་ཀྱིན་ཡོད། ཡིན་ཡང་། དེའི་ཕ་སྐད་ནང་དུ་དཔེ་ཆ་དེ་ཉིད་ཀྱི་རིན་ཐང་མཐའ་དག་བརླག་ཟིན། དེ་དང་འདྲ་བར་རྒྱ་གར་ལྟ་གྲུབ་སྨྲ་བ་མགོན་པོ་ཀླུ་སྒྲུབ་དང་ཆོས་ཀྱི་གྲགས་པ། ཨ་ཏི་ཤ་དང་གཞན་རྣམས་རྒྱ་གར་བ་ཚོར་ལོ་རྒྱུས་ཀྱི་གྲིབ་གཟུགས་ཙམ་ཡིན་ལ་རྒྱུས་མེད་ཀྱི་མིང་འབའ་ཞིག་ཏུ་གྱུར་ཚར། འོན་ཀྱང་། བོད་པ་ཚོར་མཚོན་ན་ང་ཚོས་དུས་རྒྱུན་ཁོང་ཚོའི་མཚན་བྱང་སྐྱོར་ཞིང་ཁོང་ཚོའི་སྣང་བརྙན་རྟག་ཏུ་མངོན་ཡོད།

ང་ཚོས་ཡོན་ཏན་གྱི་སླད་དུ་རྒྱ་གར་དྲང་སྲོང་དག་ལ་བུ་ལོན་འཇལ་དགོས་ན་ཚད་ཀྱིས་གཞལ་ཐབས་བྲལ་བ་ཞིག་ཡིན། མི་ལོ་བརྒྱ་ཕྲག་དུ་མའི་རིང་དུ་བོད་པ་ཚོས་གྲང་ལ་མཐོ་བའི་ཧི་མ་ལ་ཡའི་ཡུལ་གྲུ་བཞག་སྟེ་རྒྱ་གར་གྱི་སློབ་དཔོན་ཞིག་གི་ཞབས་ལ་གཏུགས་པར་རྒྱ་གར་བྱང་ཐང་གི་ཐལ་རྡུལ་ཀློང་དུ་འགྲུལ་བཞུད་བྱེད་དགོས་པ་མ་ཡིན་ནམ། དུས་རབས་ཉི་ཤུ་བའི་ཕྱེད་ཀའི་ནང་དུ་བོད་པ་ཚོ་འགྱུར་བག་གི་རྒྱུད་རིམ་ཞིག་གི་ཁྲོད་དུ་ཧི་མ་ལ་ཡར་བརྒལ་ནས་ཡོང་སྐབས་རྒྱ་གར་གྱི་ཐང་ཆེན་ནས་ཡལ་གྱར་བ་ལྟ་བུ་ཞིག་གི་འཚོ་བའི་འགོ་བརྩམས་ཤིང་བོད་པའི་འཇིག་རྟེན་གཏན་དུ་འགྱུར་སོང་བ་རེད།  རྒྱ་གར་གྱི་དགེ་རྒན་ལས་སློབ་གསོ་ཐོབ་པའི་མ་སུ་རིའི་ན་གཞོན་སློབ་མ་ཞིག་ལ་མཚོན་ན།  བདག་གིས་མི་ལོ་བརྒྱ་ཕྲག་སྔོན་ནས་བོད་ཀྱི་མཁས་དབང་ཁྲོད་ཀྱི་སློབ་གཉེར་བྱེད་མཁན་གྲགས་ཆེ་བ་མང་པོས་རྒྱ་གར་གྱི་སློབ་དཔོན་རྣམས་ལ་བརྟེན་ནས་སློབ་གཉེར་བྱས་པ་མ་ཡིན་ནམ་བསམ་མྱོང་། ལོ་རྒྱུས་ཀྱི་དཀྱོགས་མཚམས་འདི་ནི་ཞི་འཇགས་སྐབས་ཤིག་རེད། འདས་སོང་ཁྲོད་དུ་བོད་པ་ཚོས་རྒྱ་གར་བ་དག་ལ་”པནྜི་ཏ་”ཞེས་བརྗོད། ང་ཚོའི་ལོ་རྒྱུས་ཁྲོད་རྒྱ་གར་བ་དང་འཕྲད་པའི་ཚེ་རྒྱ་གར་ཚོ་སློབ་དཔོན་བཞིན་དུ་ཤེས་བྱའི་མན་ངག་ཞུ་ས་ཞིག་ཏུ་འདོད་པའི་ཕྱིར། ང་ཚོས་མེས་པོ་དམ་པ་རྣམས་ཀྱིས་བསྐྲུན་པའི་རིག་གཞུང་དེ་རྒྱུན་འཁྱོང་བྱེད་མུས་ཡིན། དུས་ད་ལྟ་ང་ཚོར་རྒྱ་གར་དྲང་སྲོང་ཚོས་ཡོན་ཏན་སློབ་ཀྱི་མེད་མོད། ཁོང་ཚོས་ང་ཚོར་དེང་རབས་ཀྱི་ཤེས་བྱ་ཡོན་ཏན་སློབ་ཀྱིན་ཡོད། ང་ཚོར་དབྱིན་ཡིག་དང་དེའི་རྩོམ་རིག དེང་རབས་འཇིག་རྟེན་གྱི་ལམ་ཁ་དག་ལ་ཐོག་མར་ཁྲིད་མཁན་རྒྱ་གར་བ་རེད། ཡང་བསྐྱར། རྒྱ་གར་ནི་ང་ཚོ་དང་ཤེས་རིག་གི་བདག་དབང་དུ་གྱུར་བའི་སྐད་ཡིག་གཉིས་བར་གྱི་འབྲེལ་མཐུད་པ་མ་ཡིན་ནམ། དེའི་ཕྱིར། རྒྱ་གར་དུ་གནས་པའི་བོད་ཀྱི་དབྱིན་རྩོམ་དག་ལ་དཔྱད་ཞིབ་བྱེད་རྒྱུ་འོས་ཤིང་འཚམས་པ་ཞིག་ཏུ་ཅིས་མ་ལགས། རྒྱ་གར་ནང་དུ་དབྱིན་ཇིའི་སྐད་ཡིག་གཞན་སྐད་ཅིག་ཏུ་མི་སྣང་། རྒྱ་གར་གྲལ་རིམ་བར་མའི་ཁྱིམ་ཚང་དག་ལ་མཚོན་ན་དབྱིན་སྐད་ནི་ཏ་མིལ་དང་བྷང་གྷི་ལི། ཧིན་རྡི་ལྟ་བུའི་སྐད་ཡིག་ཐུན་མོང་བ་ཞིག་ཏུ་འདོད། རྒྱ་གར་ནང་དབྱིན་སྐད་ཀྱི་གོ་གནས་དམིགས་བསལ་བ་དེས་ང་ཚོ་ཡལ་གྱར་བའི་འཚོ་གནས་བསྐྲུན་ཡོད།

བརླག་སོང་བའི་རང་ཁྱིམ་དང་སྐད་ཡིག ཐོབ་སྐལ་གསར་བ་ཞིག་གི་སླད་དུ་ཡལ་གྱུར་བས་དུས་རྟག་ཏུ་ཕ་ཤུལ་བུ་བཞིན་འཛིན་གྱི་ཡོད། བོད་མི་ཚོར་སྐད་ཡིག་གི་ཁྲོམ་ཆེན་ཞིག་ཏུ་སླེབས་ཡོད། གང་ལ་ཞེ་ན་སྐད་གཅིག་སྨྲ་བ་བྱས་ནས་སྡོད་མི་རུང་བའི་ཕྱིར། མི་སེར་སྤེལ་ཡུལ་གྱི་གནས་སྟངས་དང་ཕ་ཡུལ་གྱི་བཙན་འཛུལ་དེས་བོད་པ་ཚོ་གཞན་སྐད་ལ་མི་ཞུགས་ཀ་མེད་དུ་གྱུར། བོད་ནང་དུ་བོད་སྐད་དང་རྒྱ་སྐད་ལྷན་དུ་བསྡེབས་ཤིང་བཙན་བྱོལ་དུ་བོད་སྐད་དབྱིན་སྐད་དང་མཉམ་དུ་སྤྱོད་བཞིན་ཡོད། གནས་ཚུལ་ཞིག་གི་སྟེང་དུ་སྐད་ཡིག་ནི་ལག་ཆ་དང་མཚོན་རྟགས་ཙམ་ཞིག་སྟེ་རང་ཉིད་ཀྱི་བཀོལ་སྤྱོད་སླད་དུ་འོས་འཚམས་ཤིག་ཏུ་བསྐྲུན་ཆོག བོད་པ་ཚོས་རྒྱ་སྐད་དང་དབྱིན་སྐད་སྤྱོད་པ་ནི་སྐད་ཡིག་སྣ་མང་གི་འདམ་གསེས་ཁྲོད་ནས་ད་ལྟའི་གནས་སྟངས་ལས་ཕྱིར་མངོན་པ་ཞིག་ཏུ་འཁུམས། མང་པོ་ཞིག་ལ་མཚོན་ན་རྒྱ་སྐད་དང་དབྱིན་སྐད་ཀྱི་ཐོབ་སྐལ་འདི་རང་གི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ད་ལྟའི་གནས་སྟངས་ཁྲོད་འབྲེལ་ལམ་གྱི་བཀོད་སྤྱོད་ཙམ་དུ་བླངས་བ་ཞིག་རེད།  སྐད་ཡིག་རེ་རེ་ཐུན་མོང་དུ་སྤྱོད་པའི་དབྱིན་ཇིའི་སྐད་ཡིག་ལྟ་བུའི་བཙན་འཛུལ་འོག་ཏུ་ལྷག་ཡོད། སྐད་ཡིག་ཅིག་ཉམས་པ་ནི་དོན་གྱིས་མི་རིགས་ཤིག་གི་ངོ་བོ་བརླག་པ་དང་འདྲ། སྲིད་གཞུང་གིས་སྐད་ཡིག་སྲུང་སྐྱོབ་བྱེད་ཆེད་ཁྲིམས་སྲོལ་བཟོ་བཞིན་ཡོད་མོད། དེ་ནི་ཚན་རྩལ་གྱི་འཕེལ་རྒྱས་མཚམས་འཇོག་བྱེད་པར་འབད་པ་དང་འདྲ་བ་ལས་རྔོ་མི་ཐོགས།

གང་ལྟར། འདིར་དྲི་བ་ཞིག་སྟེ། རང་ཉིད་ཀྱི་འདུ་ཤེས་དང་སེམས་ཚོར་གྱི་འཇིག་རྟེན་ལ་ཆ་མེད་རྒྱུས་མེད་དུ་གྱུར་བའི་སྐད་ཡིག་ཅིག་གི་ནང་དུ་གསར་རྩོམ་འབྲི་ཐུབ་བམ། འདི་ནི་མཚན་ཉིད་རིག་པའི་གླེང་སློང་ཆེ་ཞིག་ཡིན། འོན་ཏང་། སློབ་གསོ་དང་གནས་སྟངས་ལ་གཞིགས་ན་གཞན་གྱི་སྐད་ཡིག་དེ་རང་སྐད་ཡིག་ལྟ་བུར་འགྱུར་རུང་། གོང་དུ་བརྗོད་པ་བཞིན་རྒྱ་གར་གྱི་ཤེས་ཡོན་མི་སྣ་དང་གྲལ་རིམ་བར་མ་དག་ལ་མཚོན་ན་དབྱིན་ཡིག་ནི་ཁོང་ཚོར་མཚོན་ན་གཞན་སྐད་ཅིག་མ་ཡིན་ལ་དེ་ནི་རྒྱ་གར་གྱི་ཕ་སྐད་ཅིག་ཅིས་མ་ཡིན། བོད་པ་རྒྱ་གར་དུ་སློབ་གཉེར་བྱེད་མཁན་ཚོ་དབྱིན་ཇི་ལ་བརྟེན་དགོས། དབྱིན་ཡུལ་དང་ཁ་ན་ཌ། ཨ་རི་སོགས་ནས་མཚར་ལོངས་བྱུང་བའི་བོད་ཀྱི་གཞོན་སྐྱེས་ཚོར་དབྱིན་ཡིག་ནི་ཁོང་ཚོའི་སྐད་ཡིག་ཐོག་མ་དེ་ཡིན། ང་ཚོས་འབྲེལ་ལམ་འདིར་བལྟས་ན། རྒྱ་གར་དུ་སློབ་སྦྱོང་བྱས་པའི་བོད་མི་ཚོར་དབྱིན་ཡིག་ནི་ཁོང་ཚོའི་རྩོམ་རིག་གི་སྐད་ཡིག་ལྟ་བུར་གྱུར་ཡོད། འདི་རྒྱ་གར་ནང་དུ་དབྱིན་ཇིའི་རྩོམ་རིག་གི་དམིགས་བསལ་གྱི་གོ་གནས་ལ་བརྟེན་ནས་བྱུང་བ་རེད། རྒྱ་གར་དུ་སྡོད་པའི་བོད་པ་ཚོར་Bhartendu Harishchandra ཧ་རི་ཤི་ཅན་ཏི་ར་དང་Premchand   Baba Nagarjun་བྷ་བྷ་ནཱ་གྷར་ཇོན་རྣམས་ལས་Wordsworth ཝོར་ཛི་ཝོར་ཋི་དང་Byronབྷེ་རན། Yatesཡེ་ཚི་དང་Milton མིལ་ཁྲོན་བཅས་ལ་རྒྱུས་མངའ་ཆེ། འདི་ནི་བོད་པ་ཚོར་གོམས་འདྲིས་དང་སྔོན་འགྲོའི་སློབ་གསོ་དེས་བསྐྲུན་པའི་སྐད་ཡིག་གསར་བ་དང་ཤེས་ཡོན་གྱི་འཇིག་རྟེན་དེ་ལས་མ་འདས།

བརྩམས་ཆོས་མང་དག་ཅིག་གིས་བོད་པ་ཚོ་སྐད་ཡིག་གི་འཇིག་རྟེན་གསར་བ་ཞིག་གི་སྒོ་མོ་ཕྱེས། དེང་སྐབས་བོད་མི་ཚོ་སྐད་ཡིག་སྣ་མང་གི་འཇིག་རྟེན་ཅིག་ཏུ་ཡོད། སྐད་ཡིག་གི་གདམ་ག་དེས་འཆར་རྟོག་གི་འཇིག་རྟེན་གྱི་གྲུབ་ཆ་ཞིག་བསྐྲུན་ཡོད། བོད་པ་འགའ་ཤས་ཀྱིས་ཤེས་རིག་དང་འཆར་རྟོག་གི་རྩོམ་རིག་རྒྱ་ཡིག་ལས་འབྲི་བ་ཡིན་ལ་བོད་པ་འགའ་ཞིག་གིས་རང་ཉིད་ཀྱི་ཕ་སྐད་ནང་དུ་རྩོམ་བཞིན་ཡོད། རེ་འགའ་ཞིག་ལ་དབྱིན་སྐད་ནི་གསར་རྩོམ་དང་འབྲེལ་མོལ་གྱི་ཐབས་ལམ་ལྟ་བུར་གྱུར་ཡོད། སྐད་ཡིག་འདམ་གསེས་ཀྱི་གོ་རིམ་ཁྲོད་ནས་མི་མང་ལ་ཤུགས་རྐྱེན་མི་ཉུང་བ་ཞིག་བཞག་ཡོད་ཅིང་། དེ་ཡིས་འཆར་རྟོག་གསར་བ་ཞིག་དང་མྱོང་བའི་འཇིག་རྟེན་གྱི་ལམ་ཁ་གསར་བ་ཞིག་བསྐྲུན་མྱོང་།

དེང་སང་འཇམ་དབྱངས་ནོར་བུ་དང་ཚེ་རིང་དབང་མོ་སྡོམ་པ། ད་དུང་གཞན་དག་གིས་རྩོམ་རིག་གི་ཐང་ཆེན་ཀློང་དུ་སྟོང་ཆ་ཞིག་བསྐྲུན་ཡོད། ཕལ་ཆེར་འཇམ་དབྱངས་ནོར་བུ་བོད་མི་དབྱིན་རྩོམ་འབྲི་མཁན་རྒྱུས་མངའ་ཆེ་ཤོས་ཡིན་པར་སྙམ།  ཁོང་གི་བརྩམས་སྒྲུང་<<ཤར་ལོ་ཁུ་ཧོམ་གྱི་དཀྱིལ་འཁོར་>>ཞེས་པ་པར་བསྐྲུན་བྱས་དུས་ངས་དབྱིན་ཇིའི་རྩོམ་པ་པོ་དང་གསར་འགོད་པ་ཕི་ཁྲར་ཧོབ་ཀེར་གྱིས་བོད་པ་ཞིག་གིས་དཔྱིན་ཇིའི་དཔེ་ཆ་ཞིག་འབྲི་ཐུབ་པར་ཁག་པོར་འདུག་ཅེས་ཆ་འཇོག་མི་བྱེད་པ་དེ་དྲན་བྱུང་། ངས་ཁོང་ལ་གསལ་འདེབས་ཤིག་བྱས་རྗེས་རྩོམ་པ་པོ་ཁོང་ངོ་ཤེས་བྱུང་། འཇམ་དབྱངས་ནོར་བུས་བྲིས་པའི་ཨེ་ཌ་ཝོར་ཌའི་དུས་སྐབས་ཀྱི་དབྱིན་ཡིག་གི་མཛེས་པ་དང་Conan Doyleཁོ་ནན་ཌོ་ཡེལ་གྱི་ཁྱད་ཆོས་དང་ལྡན་པ་དེ་ཉིད་Peter Hopkirk ཕི་ཁྲར་གྱིས་ཆ་འཇོག་མི་བྱེད་པ་དེའི་སྒྲུབ་བྱེད་དུ་གྱུར། དུས་དེ་རིང་འཇམ་ནོར་གྱི་གནད་ལ་ཁེལ་བའི་དབྱིན་ཡིག་གི་ཟིན་བྲིས་དེར་བོད་ཀྱི་དབྱིན་རྩོམ་ཀློག་པ་པོ་རྣམས་ཀྱི་བགྲོ་གླེང་བྱེད་སའི་སྟེགས་བུ་ཚད་ལྡན་ཞིག་ཏུ་གྱུར་ཡོད། དེ་དང་འདྲ་བར་<<ཕ་ཡུལ་>>ཞེས་པའི་མིང་བྱང་ཡིད་དུ་འོང་བའི་དྲ་ཚིགས་དེའང་བོད་ཀྱི་གནས་ཚུལ་འཚོལ་ས་ཞིག་ཏུ་གྱུར་ཡོད། བོད་སྐད་ཡིག་སྟེང་དུ་ལས་དོན་གཉེར་བ་རྣམས་ལ་དེ་བཞིན་<<ཁ་བརྡ་>>ལྟ་བུའི་དྲ་ཚིགས་སོགས་མཆིས་ཤིང་རྒྱ་ཡིག་ལ་ལྟ་མཁན་ཚོར་<<ཌི་པེ་ཌའི་ཀབ་>>ཅེས་པའི་ཁོང་ཚོའི་དྲ་ཚིགས་ཡོད། ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། སྐད་ཡིག་གི་གདམ་ག་དེས་ཀྱང་བརྗོད་བྱ་འདྲ་མིན་དང་དགའ་སྣང་། ཤེས་བྱ་སྣ་ཚོགས་ཤིག་མཁོ་སྤྲོད་བྱེད་བཞིན་ཡོད།

ཆེས་ཐོག་མར་བོད་མིས་དབྱིན་ཡིག་ལས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་འབྲི་མཁན་རིན་ཆེན་ལྷ་མོ་ཡིན། ཁོ་མོ་བོད་ཤར་ཕྱོགས་ཁམས་ནས་ཡིན་ཞིང་དབྱིན་ཇིའི་མི་སེར་སྤེལ་མཁན་Cadre Louis Magrah King དང་ལྷན་གཉེན་སྒྲིག་བྱས། ཁོ་མོའི་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་ཀྱི་ཁ་བྱང་ལ་<<ང་ཚོ་བོད་>>ཅེས་པ་འདི་ཉིད་སྤྱི་ལོ 1926 ལོར་པར་བསྐྲུན་བྱས་པ་རེད། དེའི་ནང་དུ་བོད་ཀྱི་སྐོར་ཅུང་ཙམ་བརྗོད་པ་མ་ཡིན་པར་ཨེ་ཌི་ཝོར་ཌིན་དུས་སྐབས་ཀྱི་དབྱིན་ཇིའི་ཀུན་སྤྱོད་གླེང་ཡོད་ལ་བོད་ནང་གི་རང་ཉིད་ཀྱི་ལོ་རྒྱུས་གླེང་། འོན་ཏེ། Shelly Bhoil ཤེ་ལི་བྷོལ་དང་Whinspiration ཝིན་སི་པི་རེ་ཤོན་གཉིས་ཀྱིས་འདོན་ཐེངས་གསར་བ་ཞིག་སྟེ། Counter Check ཞེས་པ་ཞིག་བཏོན་ཏེ་རིན་ཆེན་ལྷ་མོའི་མཐོང་ཐོས་དག་ལྟ་ཚུལ་རྫུན་མ་དང་ཀླ་ཀློའུ་རང་བཞིན་གྱི་སྐྱོན་འཛུགས་ཡིན་པའི་དགག་བཞག་བྱས།   དཔེ་ཆ་དེའི་ནང་དུ་ཁོ་མོས་བོད་ནང་དུ་བུད་མེད་སྐྱེས་པ་ལས་མཐོ་བའི་ལྟ་ཚུལ་དེར་ངོས་ལེན་བྱས་མེད། ངོས་ལེན་མ་བྱས་པ་ནི་དོན་དངོས་མ་རྟོགས་མ་ཡིན་པར་ཨེ་ཌ་ཝོར་དུས་སྐབས་ཀྱི་དབྱིན་ཇི་བའི་སྡང་སེམས་གཡོལ་ཕྱིར་ཁ་གཏད་དུ་ལངས་བ་ཞིག་ལས་མ་འདས།

བོད་ཀྱི་དབྱིན་ཇིའི་རྩོམ་རིག་ལ་འགོག་རྒོལ་དང་འགོག་རྐྱེན་བཟོས་པ་རེེད། བཙན་བྱོལ་ལ་སླེབས་རྗེས་རང་རྣམ་འབྲི་མཁན་ཐོལ་གྱིས་བྱུང་ཞིང་ཕལ་ཆེ་བ་སྐུ་དྲག་དང་བླ་མ་ཡིན། རང་རྣམ་ལས་ཆེས་རྒྱུས་མངའ་ཆེ་ཤོས་༸གོང་ས་མཆོག་གི་རང་རྣམ་གཉིས་རེད། ཧྥེ་སི་ཌི་ནོ་ཡིས་དཔྱད་བརྗོད་ཅིག་ཏུ་༸གོང་ས་མཆོག་གི་རང་རྣམ་ནི་བོད་ཀྱི་ལོ་རྒྱུས་ཤིག་དང་འདྲ་བ་མ་ཡིན་པར་མི་སྒེར་སྐུ་ཚེའི་སྐོར་ཞིག་ཡིན་པར་འགྲེལ་བརྗོད་བྱས། བོད་ཀྱི་རང་རྣམ་དག་དབྱིན་ཇིའི་ཕ་སྐད་ཅན་རྣམས་ཀྱི་སླད་དུ་བྲིས་པ་མ་ཡིན་པར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཆེད་དུ་ཡིན། དེ་འདྲའི་རྩོམ་མཁན་དག་གིས་བོད་ནི་བདེ་སྐྱིད་དང་ཞི་བདེའི་མི་རིགས་ལྟ་བུ་ཞིག་གི་སྣང་བརྙན་བསྐྲུན་པར་བྱས།

རིན་ཆེན་ལྷ་མོ་དང་འདྲ་བར་རང་གི་མི་ཚེ་ལོ་རྒྱུས་དག་གིས་བོད་རྗེས་ལུས་སྨྲ་བ་རྣམས་ཀྱི་གདོང་གཏད་དུ་ལངས་ཡོད། བོད་མི་དབྱིན་རྩོམ་ལ་འཇུག་མཁན་དག་གིས་རྒྱལ་ཁབ་དབེན་པའི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་འཆད་ཀྱིན་ཡོད་ལ་ཁོང་ཚོ་མི་མང་གི་སྐད་ཆ་དང་མི་མང་ཆེད་དུ་སྐད་ཆ་བཤད་པ་ལས་མི་སྒེར་གྱི་གནས་སྟངས་འཆད་ཀྱི་མེད།  འདི་ཡིས་གནད་དོན་དེ་མི་གླེང་ཐུ་མེད་ཡིན་ལ་ཁོང་ཚོའི་བརྩམས་ཆོས་དག་ཏུ་སྲིད་དོན་གྱི་ལྟ་ཚུལ་བཏོན་ཡོད།  ཚོར་བ་ཕྱིར་འབུད་བྱེད་པའི་འདོད་འདུན་དེས་འཆར་རྟོག་གི་རིན་ཐང་ཐེངས་འགར་མོག་མོག་པོར་བཏང་ཡོད།  ང་ཚོའི་སྐད་བརྡའི་ཐུན་མོང་གི་ཆ་དེ་བརླག་ནས་དུས་རབས་ཉི་ཤུ་བའི་ཕྱེད་ཙམ་སོང་། འདས་སོང་ཁྲོད་དུ་བོད་མི་དག་གིས་ཡིག་སྐད་ཐུན་མོང་དུ་སྤྱོད་ཀྱིན་ཡོད། ཡུལ་སྐད་མ་འདྲ་བ་ཅུང་ཙམ་ཡོད་ཀྱང་ཕན་ཚུན་གོ་བརྡ་འཕྲོད་ཐུབ། འོན་ཏེ།  ཡིག་སྐད་ནི་སྐུད་ཐག་ཅིག་དང་འདྲ་བར་བོད་མི་ཡོད་དོ་ཅོག་ཤེས་རིག་གཅིག་ཏུ་སྦྲེལ་ཡོད།

དེང་སང་འཛམ་གླིང་རང་བཞིན་དང་མི་སེར་སྤེལ་ཡུལ་རིང་ལུགས། བདག་དབང་འཕྲོག་ལེན་བཅས་ལ་བརྟེན་ནས་ང་ཚོས་སྐད་ཡིག་འཛམ་གླིང་གི་སྐད་ཡིག་གཞན་གྱིས་ཁ་སྐོང་བྱེད་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། རྒྱའི་སྐད་ཡིག་བོད་མི་མང་དག་ཅིག་གིས་སློབ་གསོ་ལ་བརྟེན་ནས་འཛམ་གླིང་གི་སྡིངས་ཆར་ཞུགས་པའི་སྐད་ཡིག་གཙོ་བོ་ཞིག་ཏུ་གྱུར་ཡོད། ཡལ་གྱུར་བ་ཚོའམ། རྒྱ་གར་དུ་སློབ་གཉེར་བྱས་པ་རྣམས་ལ་མཚོན་ན་བོད་སྐད་ལས་དབྱིན་སྐད་ཡིག་སློབ་གསོའི་སྐད་ཡིག་ཏུ་གྱུར་ཡོད། སྐད་ཡིག་གི་གདམ་ག་ལ་བརྟེན་ནས་ཀློག་པ་པོ་དང་དེའི་གནད་དོན་གཉིས་བོད་པ་ཚོས་རྩོལ་ལེན་བྱེད་ས་ཞིག་ཏུ་གྱུར་ཡོད། དབྱིན་ཡིག་ལས་བྲིས་པ་རྣམས་ཡལ་གྱར་བའི་གནད་དོན་གླེང་མོལ་གྱི་རྒྱུད་ལམ་ཞིག་ཏུ་འཁུམས་ལ་གནད་དོན་དེ་ཁོང་ཚོའི་འགན་འཁྲི་དང་དང་ཞེན་གྱིས་ཐག་གཅོད་བྱེད་པ་ཡིན་ནོ།།

བསྐྱར་བཅོས།: ༢༠༡༦/༠༧/༣༠

Leave a Reply

3 thoughts on “རྒྱ་གར་བོད་མིའི་དབྱིན་རྩོམ་ཅུང་ཟད་གླེང་བ།

  1. རྫ་ཚེ་རིང་བཀྲ་ཤིས།

    དེང་སང་འཇམ་དབྱངས་ནོར་བུ་དང་ཚེ་རིང་དབང་མོ་སྡོམ་པ། ད་དུང་གཞན་དག་གིས་རྩོམ་རིག་གི་ཐང་ཆེན་ཀློང་དུ་སྟོང་ཆ་ཞིག་བསྐྲུན་ཡོད། ༽
    དེང་སང་གི་ཤེས་རིག་སློབ་དེབ་དེ་ནང་བཞིན་ད་ནི་བོད་ཀྱི་མིང་དག་ཀྱང་མགོ་མཇུག་ལོག་གིན་འདུག བོད་ཡིག་མཁས་པ་ཞིག་གིས་བསྒྱུར་བའི་ཆ་ནས་ཚེ་རིང་དབང་མོ་སྡོམ་པ་ཞེས་བྲིས་པར་མི་འོས་སྙམ།
    བོད་ཀྱི་འགྲོ་སྟངས་ལ་སྡོམ་པ་ཚེ་རིང་དབང་མོ་འབྲི་དགོས།
    ད་དུང་། རྩོམ་རིག་གི་ཐང་ཆེན་ཀློང་དུ་སྟོང་ཆ་བསྐྲུན་པ་རེད་དམ། སྟོང་ཆ་བཀང་བ་རེད།
    གོ་བདེ་བ་དང་གཅོད་ལེགས་པ་སོགས་དེ་ཙམ་བྱུང་མི་འདུག་སྙམ།
    གང་ལྟར་བམ་ཀློག་བྱས་ཟིན།
    ཚེ་རིང་ཤཱཀྱས་ཀྱང་རྒྱ་གར་ནས་སྐྱེས་པ་ཚོའི་རང་གི་སྐད་ཡིག་དངོས་དེ་དབྱིན་ཇི་ཡིན་པ་འདྲ་ཞིག་བརྗོད་ཀྱི་ཡོད་པ་རེད་དམ།
    རྒྱ་གར་བས་དབྱིན་ཇིའི་སྐད་གཞན་སྐད་ཅིག་ཏུ་མི་བསམ་ཞེས་པ་དེ་ནན་བརྗོད་བྱེད་པ་ནི་ཁོང་ཚོ་ཕྱི་ལོགས་སུ་སྐྱེས་པའི་བོད་པ་དག་གི་ཤ་རུས་ཀྱི་གསེང་གི་སྐད་ཡིག་ངོ་མ་དབྱིན་ཇི་ཡིན་ལབ་གྲབ་ཡོད་རེད་དམ།
    ད་མགོ་ཚོད་མ་སོང་། ཉིན་འདི་ཀའི་རིང་ང་ལ་ནི་ཡི་ཐང་འདྲ་ཞིག་ཆད་ནས་ཡོད་དོ།།

    1. རེད་ལགས། ཚེ་རིང་དབང་མོ་སྡོམ་ཞེས་པ་ནི་མོ་རང་ཉིད་ཀྱི་ཇི་ལྟར་བྲིས་ཡོད་པ་དེ་ལྟར་རང་སོར་བཞག་ན་འོས་པར་སྙམ་པ་ཡིན། རྒྱུ་མཚན་གཞན་ཞིག་ཡོད་ཀྱང་སྲིད། སྟོང་ཆ་བསྐྲུན་པ་རེད་ཅེས་ན་སྐབས་དོན་དང་དེ་བཞིན་སྤྱིའི་ཆ་ནས་བསམ་གཞིག་བྱེད་ས་འདུག བདག་གིས་སྒྲ་སྒྱུར་དོན་སྒྱུར་ཟུང་དུ་སྦྲེལ་ནས་བསྒྱུལ་ཁུལ་བྱས་པ་ཡིན། འདི་གར་ཡིག་སྐྱོན་དོན་སྐྱོན་རེ་ཡོད་སྲིད་ན་བློ་ལྡན་རྣམས་ཀྱིས་མཛུབ་སྟོན་ཀུན་ནས་མཁོ།

      1. མིང་འབྲི་སྟངས་འདི་ནུབ་ཕྱོགས་པ་ཚོའི་རེའུ་མིག་སྐོང་ཚུལ་ཞིག་རེད། བོད་རིགས་ཞིག་གོས་གཞུང་འབྲེལ་ཡིག་ཆ་སྟེང་རང་མིང་དང་འབྲེལ་བའི་རེའུ་མིག་ཞིག་བསྐོང་དགོས་ན་འདི་ལྟར་མ་བྲིས་ཐབས་མེད་རེད་འདུག གལ་སྲིད་རང་ཉིད་ཀྱི་ཁྱིམ་རྒྱུད་ཀྱི་མིང་དེ་མ་བྲིས་ན་གནས་ཚུལ་ལོགས་ཀ་རེད