གངས་རིན་པོ་ཆེར་གནས་སྐོར་དུ་སྐྱོད།

རྒྱ་རིགས་གློག་བརྙན་འཁྲབ་ཁྲིད་པ་ཀྲང་དབྱང་(Zhang Yang)གིས་འཁྲབ་ཁྲིད་བྱས་བའི་བོད་ཀྱི་གནས་སྐོར་བའི་འགྲུལ་བཞུད་སྐོར་གྱི་གློག་བརྙན་མིང་ལ་ཚེ་སྲོག་གི་ལམ་ཕྲན་(Paths of the Soul)ཞེས་པ་ཞིག་ཉེ་ལམ་རྒྱ་ནག་ནང་སྟོན་མགོ་བཙུགས་ཏེ་སྐད་གྲགས་ཆེན་པོ་ཆགས་བཞིན་ཡོད་འདུག

གློག་བརྙན་དེ་རྒྱ་ནག་གི་གློག་བརྙན་ཁང་ཁག་ཏུ་སྟོན་མགོ་བཙུགས་ཏེ་ཉིན་གྲངས་ ༩ ནང་རྒྱ་སྒོར་ས་ཡ་ ༦.༢༡ (6.21 million yuan)ཨ་སྒོར་($915,000)ཟིན་ཏེ། རྒྱ་ནག་གི་ད་ལོའི་གློག་བརྙན་ཁྲོམ་རྭའི་ནང་གི་འཕར་ཚད་མཐོ་ཤོས་དེ་ཆགས་ཡོད་པ་དང་། དེང་སྐབས་རྒྱ་ནག་ནང་སྐད་གྲགས་ཆགས་བཞིན་པའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཨཱ་མུར་ཁཱང་གི་གློག་བརྙན་དྷན་གྷལ་(Dangal)ཞེས་པ་དང་འཕར་ཚད་འདྲ་མཉམ་ཆགས་ཡོད་འདུག

གློག་བརྙན་དེའི་ནང་དོན་གཙོ་བོ་ནི། བོད་ནང་གི་སྨར་ཁམས་ས་ཆའི་གནས་སྐོར་བ་ཁག་ཅིག་གནས་མཆོག་ལྷ་ས་དང་སྟོད་མངའ་རིའི་གངས་རིན་པོ་ཆེ་སོགས་བོད་ཀྱི་གནས་ཆེན་ཁག་ཏུ་ཕྱག་འཚལ་ནས་བསྐྱོད་པའི་ལོ་རྒྱུས་ཤིག་ཡིན་པ་དང་། གློག་བརྙན་དེའི་ནང་བོད་པའི་གནས་སྐོར་འགྲུལ་བཞུད་ཀྱི་དཀའ་སྡུག་དང་དད་འདུན་ཤུགས་དྲག་གི་སྙིང་སྟོབས་གཙོར་འདོན་བྱས་ཡོད་པ་རེད།

དེ་ནི་ཕུ་ལ་སྡེ་བའི་ཉི་མ་དགྲ་འདུལ་ཟེར་བས་རང་གི་ཕ་འདས་ཁའི་རེ་བ་ལྟར་ཨ་ཁུ་འཁྲིད་ནས་སྟོད་ཉི་མ་ལྷ་ས་དང་གནས་ཆེན་གངས་རིན་པོ་ཆེ་སོགས་ལ་མཇལ་སྐོར་དུ་བསྐྱོད་ཡོད། ལོ་དེ་ནི་རྟ་ལོར་འཁེལ་ཡོད་པ་དང་གངས་རིན་པོ་ཆེར་གནས་སྐོར་དུ་འགྲོ་བའི་ལོ་རྩ་ཆེན་ཞིག་ཆགས་ཡོད་སྟབས། སྡེ་བའི་ནང་གི་མི་མང་པོ་ཞིག་གིས་ཉི་མ་དགྲ་འདུལ་གྱི་གནས་སྐོར་རུ་ཁག་ནང་ཞུགས་འདོད་ཡོད་པ་དང་། གནས་མཇལ་རུ་ཁག་དེའི་ནང་བུ་མོ་སྦྲུམ་མ་དང་ཤན་པ། རྐང་ལག་ཞ་བོ་སོགས་མི་རེ་རེའི་གནས་སྟངས་མི་འདྲ་བ་དང་། དེ་དག་ལའང་རང་ཉིད་ཀྱི་དམིགས་འདུན་མི་གཅིག་པ་རེ་རེ་ཡོད་འདུག

མི་གྲངས་ ༡༡ ལས་གྲུབ་པའི་གངས་རིན་པོ་ཆེར་མཇལ་སྐོར་དུ་སྐྱོད་པའི་རུ་ཁག་དེ་ལམ་བར་ནས་ལོ་གཅིག་ལྷག་འགོར་ཡོད་པ་དང་། གནས་མཇལ་གྱི་ལམ་ཐག་སྤྱི་ལེ་ ༢༠༠༠ ལྷག་ཡོད་འདུག འཁྲབ་ཁྲིད་པས་གློག་བརྙན་དེ་དངོས་བཤུས་གློག་བརྙན་ཟོལ་གྱིས་བརྙན་ཕབ་བྱས་ཡོད་ཀྱང་། ད་ལྟ་རྒྱ་ནག་གི་ལྟད་མོ་བ་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་གློག་བརྙན་དེ་དངོས་བྱུང་ཡིན་ནམ། རྟོག་བཟོའི་གློག་བརྙན་གང་ཡིན་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱེད་བཞིན་ཡོད་འདུག

འཁྲབ་ཁྲིད་པས་གསར་ལམ་ཁག་ཏུ་གློག་བརྙན་དེའི་ནང་དོན་དངོས་བཤུས་ཅི་བཞིན་མིན་ན་ཡང་། ཕབ་སྐྲུན་བྱེད་སྟངས་དངོས་བཤུས་ཅི་བཞིན་བརྙན་ཕབ་བྱས་ཡོད་པ་དང་། ཐོག་མ་ཁོ་རང་གིས་དེ་ལྟ་བུའི་གློག་བརྙན་ཞིག་བཟོ་འདོད་སྐྱེས་པ་དང་། ཁོའི་སེམས་ངོས་སུ་མི་སྣ་དང་གཏམ་རྒྱུད་ཀྱི་བྱུང་རིམ་སོགས་ཁྲ་ཆིལ་ལེར་འཆར་ཡོད་སྟབས། ཁོས་ཐོག་མ་ལམ་བར་ནས་འཆི་ངེས་པའི་ལོ་ན་བདུན་ཅུ་བརྒྱད་ཅུ་ཅན་གྱི་རྒན་འཁོགས་ཤིག་དང་། དེའི་རྗེས་ལ་བུད་མེད་སྦྲུམ་མ་ལམ་བར་ནས་ཕྲུ་གུ་བཙའ་ངེས་པ་ཞིག ཚེ་སྲོག་མང་པོ་འཕྲོག་མྱོང་བའི་ཤན་པ་ཞིག་སྡུག་བཤག་བྱེད་དུ་འགྲོ་བཞིན་ཡོད་པ། དེ་བཞིན། འཁྲབ་སྟོན་གྱི་དགོས་མཁོའི་ཆེད་བྱིས་པ་འགའ་དང་། ཁོང་ཚོའི་ལམ་ཁྲིད་པར་ཆེད་དམིགས་དར་མ་ལོ་ན་ལྔ་བཅུའི་ནང་ཡོད་པ་ཞིག་བཅས་བདམས་པ་ཡིན། གཏམ་རྒྱུད་ཀྱི་བརྗོད་སྙིང་གཙོ་བོ་དཀའ་སྡུག་དང་གཉེན་ཁ་ལ་མི་འཇིགས་པའི་དད་འདུན་དྲག་པོའི་སྙིང་སྟོབས་དེ་བརྙན་ཡོལ་ངོས་ནས་དངོས་སུ་ཚུར་སྣང་བྱེད་དུ་འཇུག་འདོད་པ་ཡིན། ཞེས་བརྗོད་འདུག

གློག་བརྙན་དེ་ཕབ་སྐྲུན་ཆེད་འཁྲབ་ཁྲིད་པ་ཁོ་རང་དངོས་སུ་བོད་ནང་བསྐྱོད་དེ་འཁྲབ་སྟོན་མི་སྣ་བཙལ་ཡོད་པ་དང་། ཐོག་མ་ཡུན་ནན་གྱི་བུད་མེད་སྦྲུམ་མ་ཚེ་རིང་ཆོས་སྒྲོན་ལགས་སུ་ཐུག་ཡོད་པ་དང་། དེའི་འཕྲོས་ཀྱི་འཁྲབ་སྟོན་པ་རྣམས་ཁམས་ཁུལ་གྱི་ས་ཆ་འདྲ་མིན་ནས་བསྡུས་ཡོད་འདུག

གློག་བརྙན་དེ་ ༢༠༡༥ ལོ་ནས་ཕབ་བསྐྲུན་བྱེད་མགོ་བཙུགས་ཏེ། ལོ་དེའི་ཟླ་དགུ་བར་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་འགྲེམ་སྟོན་བྱས་ཡོད་པ་དང་། ༢༠༡༦ ལོ་ནས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་མང་པོར་འཛུལ་ཞུགས་བྱས་ཏེ། ད་བར་གློག་བརྙན་དུས་སྟོན་ ༡༠ སྟེང་ཞུགས་ཏེ་བྱ་དགའ་མང་པོ་ཐོབ་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༦ པའི་ཟླ་མཇུག་ནས་རྒྱ་ནག་གི་གློག་བརྙན་ཁང་ཁག་ཏུ་སྟོན་མགོ་ཚུགས་ཡོད་འདུག

གློག་བརྙན་འཁྲབ་ཁྲིད་པ་ཀྲང་དབྱང་ལགས་ནི། རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ་འཁྲབ་སྟོན་སོགས་ཡིན་པ་དང་། ཁོང་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་སྐྱེས་ཤིང་ ༡༩༨༨ ལོའི་བར་ཀོང་ཏུང་སན་ཡཱ་ཊི་སཱེན་ གཙུག་ལག་སློབ་གཉེར་ཁང་ (Sun Yat-sen University) དུ་རྒྱ་ནག་གི་རྩོམ་རིག་སྐོར་ལ་སློབ་གཉེར་བྱས་ཡོད་པ་དང་། ༡༩༩༢ ལོར་རྒྱ་ནག་ཟློས་ཀར་སློབ་གླིང་ནས་སློབ་མཐར་ཕྱིན་ཏེ། ཁོང་གིས་ད་སྔ་འཁྲབ་ཁྲིད་དང་འཁྲབ་སྟོན་བྱས་པའི་གློག་བརྙན་བཅུ་གྲངས་ཤིག་ཡོད་པ་དང་། ཁ་ཤས་ཤིག་རྒྱ་ནག་གི་གློག་བརྙན་ཁྲོམ་རྭའི་ནང་སྐད་གྲགས་ཆེན་པོ་ཆགས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

 

བསྐྱར་བཅོས།: ༢༠༡༧/༠༧/༠༣

Leave a Reply

One thought on “གངས་རིན་པོ་ཆེར་གནས་སྐོར་དུ་སྐྱོད།

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་མིའི་གནས་སྐོར་ཚོགས་བསགས་སྡིག་སྦྱངས་ལ་།
    ཆོས་མེད་གུང་ཁྲན་དཔལ་འབྱོར་འདུ་འགོད་བརྔམས་།
    བོད་མིའི་དད་སེམས་འགྱུར་མེད་ཆོས་སྒྲུབ་ལ་།
    ཆོས་མེད་ཀླ་ཀློའི་མིང་གྲགས་དངུལ་ལོར་བསགས་།