སྲིད་སྐྱོང་མཆོག་གིས་སྤང་གོང་མཚོ་ཁར་རྒྱལ་དར་བསྒྲེངས་བར་རྒྱ་ནག་སྐད་ཤོར།

རྒྱ་ནག་གི་གསར་ལམ་ཐོག་རྒྱ་གར་གྱིས་བོད་པ་སྐྱབས་བཅོལ་བ་བེད་སྤྱོད་བཏང་སྟེ་རྒྱ་ནག་ལ་གནོད་སྐྱོན་བཟོ་བཞིན་ཡོད་པ་དང་། བོད་པའི་བདག་དབང་རྒྱ་ནག་ཁོ་ནར་ཡོད་པ་ལས་བོད་དོན་སྐོར་ལ་གྲོས་མོལ་བྱེད་ས་གཞན་མེད་སྐོར་འཁོད་འདུག

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་རྒྱ་ནག་གོ་ལའི་དུས་བབ་ཀྱི་གསར་འགྱུར་ཞིག་བཀོད་ཡོད་པའི་ནང་། ཁ་སང་གཟའ་ཟླ་བའི་ཕྱི་དྲོར་རྒྱ་ནག་པེ་ཅིན་གྱི་མགྲིན་ཚབ་ཏུ་འབོད་པའི་གོ་ལའི་དུས་བབ་(Global Times)བརྒྱུད་དེ། སྤང་གོང་མཚོ་ཁར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དེ་ད་ལྟའི་ས་མཚམས་རྩོད་རྙོག་གི་གནས་བབ་འདི་དང་བསྟུན་ཏེ། རྒྱ་གར་གྱིས་བོད་པ་ཁ་བྲལ་བ་ཚོ་བེད་སྤྱོད་བཏང་ནས་རྒྱ་ནག་ལ་གནོད་སྐྱོན་བཟོ་བཞིན་ཡོད་པ་རེད་ཅེས་འཁོད་ཡོད་པ་ལུང་འདྲེན་བྱས་འདུག

གོ་ལའི་དུས་བབ་གསར་འགོད་པས། ཐེངས་འདིར་དར་ཆ་བསྒྲེངས་ས་དེ་རྒྱ་དཀར་ནག་གི་ས་མཚམས་དཀྱིལ་སྙིང་དུ་འཁེལ་ཡོད་པ་དང་། ལྷག་པར་དུ་སྐྱབས་བཅོལ་བོད་མིའི་མགོ་ཁྲིད་བློ་བཟང་སེང་གེ་ཡིས་དར་ཆ་དེ་བོད་རྒྱལ་ཁབ་ཀྱི་ཚབ་མཚོན་གྱི་བསམ་བློ་བཟུང་སྟེ་བསྒྲེངས་འཛུགས་བྱས་པ་ནི་རྒྱ་གར་གཞུང་གིས་ཆེད་མངགས་གོ་སྒྲིག་བྱས་ཏེ། རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་བྱས་པ་ཞིག་ཆགས་ཡོད། ཡིན་ན་ཡང་། ལྡི་ལི་གསར་བའི་གནད་དོན་འདིའི་སྐོར་ལ་ད་དུང་གསལ་བཤད་གང་ཡང་བྱས་མེད་པས། རྒྱ་གར་གཞུང་གིས་བོད་པ་ཁ་བྲལ་བ་ཚོར་རྒྱ་གར་ས་ཐོག་ནས་རྒྱ་ནག་ལ་གནོད་པའི་ཆབ་སྲིད་བྱེད་སྒོ་རིགས་སྤེལ་མི་འཇུག་པའི་རེ་བ་ཡོད། ཅེས་འཁོད་ཡོད་འདུག

གསར་འགྱུར་ནང་ད་དུང་ “ས་མཚམས་རྩོད་རྙོག་གི་གནད་དོན་འགྲོ་བཞིན་པའི་སྐབས་འདིར་ཕྱོགས་གཉིས་ཀྱི་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་ཆེད་དུ་བོད་པ་སྐྱབས་བཅོལ་བ་ཚོས་རྒྱ་ནག་ལ་གནོད་པའི་ཆབ་སྲིད་ལས་འགུལ་སྤེལ་རྒྱུ་བཀག་འགོག་བྱ་དགོས་པར་རྒྱ་གར་ལ་འགན་ཡོད་པ་རེད།” ཅེས་འཁོད་ཡོད་འདུག

གསར་འགོད་པས་རྒྱ་གར་ནི་དབུལ་ཕོངས་མི་འབོར་ཧ་ཅང་མང་བའི་རྒྱལ་ཁབ་ཅིག་ཡིན་སྟབས། དཔལ་འབྱོར་ཡར་རྒྱས་དང་བདེ་འཇགས་དགོས་པ་གལ་ཆེན་པོ་རེད། དེ་བཞིན། རྒྱ་ནག་ནི་རྒྱ་གར་གྱི་དཔལ་འབྱོར་ཚོང་འབྲེལ་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། “ལྡི་ལི་གསར་བས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་མ་བཏང་ན་ཡག་གི་རེད།” ཅེས་བརྗོད་ཡོད་འདུག

རྒྱ་ནག་གི་གོ་ལའི་དུས་བབ་སྟེང་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་ཧྲང་ཧེ་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཉམས་ཞིབ་པ་ཧོ་ཅེ་ཡཱོང་(Hu Zhiyong)གིས་ “རྒྱ་གར་ནང་ཡོད་པའི་བོད་པ་ཁ་བྲལ་བ་ཚོ་ནི་རྒྱ་དཀར་ནག་གི་མཐུན་ལམ་གཏོར་ཞིག་གཏོང་མཁན་སྡུག་ཤོས་དེ་ཡིན་པ་དང་། ཁོ་ཚོས་ད་དུང་མ་འོངས་པར་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་བར་དཀའ་རྙོག་བཟོ་སྲིད་པ་རེད།” ཅེས་བརྗོད་ཡོད་འདུག

ཁོས་ད་དུང་ “རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་རྒྱུ་དེ་གོ་སྐབས་ཤིག་ལ་སྒུག་ཡོད་པ་རེད། དེ་ནི་བོད་པ་སྐྱབས་བཅོལ་བ་ཚོར་མཚོན་ནའང་རྒྱ་ནག་གཞུང་དང་བསྐྱར་དུ་མཉམ་འབྲེལ་བྱེད་པའི་གོ་སྐབས་ཤིག་ཆགས་ཡོད་ཀྱང་། ཁོ་ཚོས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཁག་ཏུ་ལས་འགུལ་གང་བྱུང་སྤེལ་བ་དེས་མ་འོངས་པར་རྒྱ་ནག་དང་འབྲེལ་ལམ་མཐུད་པར་གནོད་སྐྱོན་ཐེབས་ཀྱི་ཡོད་པ་རེད།”སོགས་བརྗོད་ཡོད།

དེ་བཞིན། རྒྱ་ནག་གི་རྒྱལ་སྤྱིའི་འབྲེལ་ལམ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆོ་ཡཱེན(Chu Yin)གྱིས་ “བོད་པ་ཁ་བྲལ་ཕྱོགས་ཁག་དང་རྒྱ་གར་གཞུང་བར་གྱི་འབྲེལ་ལམ་དེ་གསང་བ་གང་ཡང་མ་རེད། འདས་པའི་ནང་དུ་རྒྱ་གར་གྱིས་བོད་པ་ཁ་བྲལ་བ་ཚོ་བེད་སྤྱོད་བཏང་སྟེ་རྒྱ་གར་ས་ཐོག་ནས་ལས་འགུལ་གང་བྱུང་སྤེལ་དུ་བཅུག་ཡོད་པ་རེད། ང་ཚོའི་རེ་བར་རྗེས་ཕྱོགས་རྒྱ་གར་གཞུང་གིས་དེ་ལྟར་བོད་པ་ཚོ་བེད་སྤྱོད་མི་གཏོང་བའི་རེ་བ་ཡོད།”ཅེས་བརྗོད་ཡོད་པ་རེད།

ཁོང་གིས་ད་དུང་ “ས་མཚམས་རྩོད་རྙོག་དང་། གཞན་སྟངས་འཛིན་མི་ཐུབ་པའི་ཆབ་སྲིད་དཀའ་རྙོག་ཅི་ཞིག་བྱུང་ན་ཡང་། བོད་དོན་སྐོར་གྱི་བདག་དབང་(sovereignty)དེ་རྒྱ་ནག་ལ་ཡོད་པ་ལས་གྲོས་མོལ་བྱེད་ས་གཞན་གང་ཡང་ཡོད་པ་མ་རེད། དེ་ནི་རྒྱ་ནག་གཞུང་གིས་གསལ་བོར་བཟོས་ཡོད་པ་རེད། རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་དེ་ཞི་བའི་ཐོག་ནས་སེལ་ཐུབ་པ་ཞིག་ཡིན་ཡང་། རྒྱ་གར་གྱིས་རྒྱ་ནག་བཙན་གྱིས་དེད་དེ་ས་མཚམས་གནད་དོན་དཀའ་རྙོག་ཅན་ཞིག་མ་བཟོ་རོགས། རྒྱུ་མཚན་དེ་ཡིས་རྒྱ་གར་དང་ས་མཚམས་ཁག་གི་བརྟན་བརླིང་ལ་གནོན་སྐྱོན་ཤུགས་ཆེན་པོ་ཐེབས་པ་རེད།”ཅེས་བརྗོད་ཡོད།

རྒྱ་གར་རྒྱལ་སྤྱིའི་ཚོང་འབྲེལ་དུས་བབ་སྟེང་གནད་དོན་འདིའི་སྐོར་བཀོད་པར། “རྒྱ་གར་ལ་མཚོན་ན། ཏཱ་ལའི་བླ་མ་དང་བོད་པ་སྐྱབས་བཅོལ་བ་ཚོ་ནི་ཆབ་སྲིད་གནས་སྟངས་ཐད་ཚོར་བ་ཧ་ཅང་སྐྱེན་པོ་ཅན་ཞིག་ཆགས་ཡོད། བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་གི་རང་སྐྱོང་གི་ས་ཁུལ་ཞིག་ཡིན་ན་ཡང་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མ་ནི་རྒྱ་ནག་ཁ་བྲལ་གཏོང་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།” ཅེས་བཀོད་ཡོད།

གོ་ལའི་དུས་བབ་ཀྱི་གསར་འགྱུར་དེའི་ཁ་བྱང་ལ་ “བཙན་བྱོལ་བོད་པ་ཚོས་ས་མཚམས་རྩོད་རྙོག་གི་བར་ནས་ཁེ་སང་བླངས།” ཞེས་འཁོད་ཡོད་པའི་འོག་ཏུ་སླར་ཡང་ “བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པ་ལས་གྲོས་མོལ་བྱེད་ས་གཞན་མེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༡༡

Leave a Reply

3 thoughts on “སྲིད་སྐྱོང་མཆོག་གིས་སྤང་གོང་མཚོ་ཁར་རྒྱལ་དར་བསྒྲེངས་བར་རྒྱ་ནག་སྐད་ཤོར།

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་ནི་ནང་པའི་རྒྱལ་ཁབ་་ཞིག་ཡིན་པ་མ་ཟད་སྟོན་པ་བཅོམ་ལྡན་འདས་ཀྱིས་རྗེས་འཇུག་ཐེག་པ་ཆེན་པོའི་ཆོས་ཉམས་ལེན་ཞུ་མཁན་གྱི་མི་རིགས་ཞིག་ཡིན་པ་དང་རྒྱ་མི་གུང་ཁྲན་ནས་བོད་ལ་བཙན་འཛུལ་གྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་ཉམས་ཆགས་གཏོང་དང་གཏོང་མུས་སུ་ཡོད་ཀྱང་བོད་མི་ཚོ་ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པོ་ཞུ་མཁན་གྱི་མི་རིགས་ཞིག་ལ་སོང་སྔ་ཕྱི་མ་རྟོགས་བོད་ཡུལ་བོད་མིའི་ལག་ཏུ་སླེབས་རྒྱུ་ཡིན་པ་བཤད་མི་དགོས་པ་ནི་འཇིག་རྟེན་འདིར་མི་འཇིག་པར་རྟག་པར་གནས་པ་གཅིག་ཀྱང་མེད་པ་ནས་ཤེས་ཐུབ་བོ་།

  2. གནད་འགག་གི་སྐབས་སུ་དུས་བབ་ཚང་གི་གསར་ཁང་དང་གསར་འགོད་པ་ཚོར་ལྟད་མོ་ཞིག་འདུག གནས་ཚུལ་ཅི་བྱུང་མ་ལུས་པར་བཀོད་བཞིན་པར་ཡི་རངས་ཡོད།

  3. ཨ་ཕོ་མཐུ་ཆེན།

    སྲིད་སྐྱོང་མཆོག་གིས་twitterནང་གསུངས་གསལ།
    དཔལ་མགོན་མཚོར་རླུང་རྟ་དར་འཛུགས་དང་མཆོད་འབུལ་བྱས་པ་མ་གཏོགས་བོད་རྒྱལ་ཁབ་ཆེན་པོའི་རྒྱ་དར་བསྒྲེངས་རྒྱུ་མ་བྱུང། བོད་ཀྱི་རྒྱལ་དར་སྔོན་ནས་འདི་གར་བཙུགས་ཟིན་འདུག་ཅེས་གསུངས།